| | e-texts navigator
|
329b1 བ་གང་དུ་མཆིས།། དགྲ་དེ་ལ་ཇོ་བོ་ཡོད་དམ་མེད། ཡོད་ན་དགྲ་དེའི་ཇོ་བོ་ཇི་ལྟར་འདུལ།། ཞེས་ཞུས་པ་དང་། ལས་ཀྱི་མཁའ་འགྲོ་མས་ལན་གསུངས་པ། སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བའི་དགྲ་ནི
329b2 དུག་ལྔ་ལགས་སོ།། དགྲ་དེའི་གྲངས་ནི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལགས་སོ།། དགྲ་དེའི་རྩ་བ་ནི་འགོང་པོ་ང་བདག་ཏུ་འདུས་སོ།། དགྲ་དེའི་ཇོ་བོ་ནི་མ་རིག་པ་ཞེ་འདོད་ལགས་སོ།། དགྲ་དེའི་སྲོག་རྩ་ནི་སྐྱེ་བ
329b3 མེད་པར་གཅོད་དོ།། ཞེས་གསུངས་སོ།། ཡང་རིན་ཆེན་མཁའ་འགྲོ་མས་ཞུས་པ། དགྲ་དེའི་སྲོག་རྩ་བཅད་ལགས་སམ།། ཞེས་ཞུས་པ་དང་། ལས་ཀྱི་མཁའ་འགྲོ་མས་ལན་གསུང་བ། དགྲ་དེའི་སྲོག་རྩ་ནི་བཅད་མི
329b4 དགོས་ཏེ། དགྲ་དེའི་རྩ་བ་ང་བདག་ཆོད་པས་འཆིའོ།། ཞེས་གསུངས་སོ།། ཡང་རིན་ཆེན་མཁའ་འགྲོ་མས་ཞུས་པ། ང་བདག་སྲོག་རྩ་ཇི་ལྟར་བཅད།། སྲོག་གཅོད་བཤན་པ་གང་གིས་བགྱི།། སྲོག་རྩ་བཅད་ཐབས་ཇི
329b5 ལྟར་བཅད།། དགྲ་དེའི་ཇོ་བོ་གང་གིས་འདུལ།། ཞེས་ཞུས་པ་དང་། ལས་ཀྱི་མཁའ་འགྲོ་མས་བཀའ་སྩལ་པ། དགྲ་དེའི་སྲོག་གཅོད་གཤེད་མ་ནི།། རང་བྱུང་རང་གྲོལ་བཤན་པ་ཡིས།། མུ་མཐའ་ཡས་པའི་གྲོགས
329b6 བཙལ་ནས།། སྐྱེ་མེད་ཀ་དག་དཔུང་བཅས་ཏེ།། ཤེས་རབ་རལ་གྲིའི་མཚོན་ཁྱེར་ལ།། མུན་སྣང་གཉིས་ཀྱི་སོ་མཚམས་སུ།། འཕྲང་གསུམ་བཅད་ནས་མཁར་སྒོའི་ནང་།། ཡིད་འཁོར་གསུམ་གྱི་ཁང་པ་ན།། དགྲ་བོ
iiif viewer powered by OpenSeadragon
329a - 330a