| | e-texts navigator
|
296a1 གཏད།། དྲེགས་ཤིང་མཁས་འདོད་མུ་ཅོར་སྨྲ་བ་དང་།། དོན་ལ་མི་བསྒོམ་ཚིག་ཟོལ་ཟོང་དུ་འཚོང་།། དེ་ལ་བསྟན་ན་གཉིས་ཀ་དམྱལ་བར་ལྟུང་།། དེ་བས་མན་ངག་ཤིན་ཏུ་གསང་བ་གཅེས།། ཞེས
296a2 གསུངས་སོ།། ཉི་ཟླ་འབར་བའི་རྒྱུད་ལས། དུས་དང་མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། ཀ་དག་རྣམས་ཀྱི
296a3 གསང་དོན་བཅུད་དྲིལ་བ། མ་རིག་མུན་སེལ་ཉི་ཟླ་འབར་བའི་རྒྱུད་རྫོགས་སོ།། །། ཨུ་རྒྱན་པདྨ་འབྱུང་གནས་དང་། ལོཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། གཏེར
296a4 རྒྱ།། ། @#།། རྒྱ་གར་སྐད་དུ། སརྦ་བུདྡྷཉྫཤ་ཡ་སུ་ར་སཾ་གྲ་ཧ་གི་རི་ཀུ་ཊ་ཏནྟྲ། བོད་སྐད་དུ། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད། དམ་པ་དང་པོའི
296a5 སངས་རྒྱས་ཀ་དག་རྣམ་པར་སྣང་བའི་སྐུ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག་ན། ཀུན་གཞི་མཁའ་ཀློང་རྣམ་པར་དག་པའི་གནས། རིན་པོ་ཆེ་འོད་སྣ་ཚོགས་འཕྲོ་བའི
296a6 གདངས། དབྱིངས་རྣམ་པར་དག་པའི་ཀློང་ཀུན་གཞིའི་ཕོ་བྲང་། རྩལ་ཟེར་ཡན་ལག་འོད་གསལ་ཀུན་འབྱུང་གི་མཁའ། སེམས་ཉིད་ཁྱབ་གདལ་ཆེན་པོའི་དཀྱིལ་འཁོར། རང་བཞིན་གྱིས་འོད་གསལ་བ། དེ་ཉིད་དུ
iiif viewer powered by OpenSeadragon
295b - 296b