| | e-texts navigator
|
22b1 ཕྱིར།། བག་ཆགས་དགེ་སྡིག་བསགས་པའི་ལས།། སེམས་ལ་འཛིན་པ་ཡོད་ཕྱིར་གོལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཕྱིས་ཀྱི་ཉོན་མོངས་སྐྱེས་པའི་ཚེ།། འདུ་བྱེད་ལྔ་བཅུ་རླུང་ལྟར་འཚུབས།། རྣམ་ཤེས་ཚོགས
22b2 བརྒྱད་རྦབ་ལྟར་རྒོད།། ཀུན་གཞིའི་ཉོན་མོངས་མུན་ལྟར་གཏིབས།། དེ་ནང་ཐིག་ལེ་ཆོས་སྐུ་ཡོད།། དཔེར་ན་རིན་ཆེན་འདམ་བྱིང་འདྲ།། ཁ་ནས་མི་མཐོང་གཏིང་ན་གནས།། མ་རིག་ཉོན་མོངས་གཏིང་ན་གནས།།
22b3 མ་རིག་ཉོན་མོངས་སྐྱེས་པའི་ཚེ།། འཁོར་བའི་མཐའ་ལ་ཟད་པ་མེད།། དེ་ཕྱིར་ཕྱི་མའི་རྒྱུར་བྱུང་གོལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། སྔ་ཕྱིའི་རྟོག་པ་སྐྱེས་པ་ཡི།། སེམས་དང་སེམས་བྱུང་ལ་སོགས་པ།། མ
22b4 རིག་འཁྲུལ་པས་རྟག་ཏུ་མྱོས།། དེ་ཕྱིར་ཀུན་གཞི་འཁོར་བའི་ཆོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཀྱི་མུན་པས་ཐིག་ལེ་ཉག་གཅིག་སྒྲིབ
22b5 པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། སེམས་འདོད་གོལ་བར་བཀའ་སྩལ་པ།། སེམས་ཀྱིས་ཆོས་སྐུ་བསྒྲིབས་པའི་ཕྱིར།། འཁོར་འདས་གཉིས་ཀྱི་བར་དོ་ནི།།
22b6 ཐོག་མཐའ་གཅོད་ནི་མ་ཤེས་ན།། སྐྱེ་རྒ་ན་འཆི་ལས་མི་ཐར།། ས་མཁན་མེད་པའི་ཚོང་པ་འདྲ།། སྐྱེ་འཆི་གཉིས་ཀྱི་བར་དོར་ནི།། ཆོས་སྐུའི་ངོ་སྤྲོད་མ་ཤེས་ན།། མ་རིག་མུན་པ་སངས་དུས་མེད།། སྒྲོན་མ་མེད་པའི
iiif viewer powered by OpenSeadragon
22a - 23a