| | e-texts navigator
|
162b1 ཡང་།། རྒྱུ་རྐྱེན་མ་བསྐྱེད་ཡང་དག་ཡོད།། སྒྲོ་སྐུར་བྲལ་དང་མ་བྲལ་གྱིས།། རྟོགས་དང་འཁྲུལ་པ་གཉིས་མ་མྱོང་།། རིག་དང་མ་རིག་ཤན་མ་ཕྱེད།། ཡེངས་དང་མ་ཡེངས་ངོས་མ་ཟིན།། ཇི་ཞིག་ལྟར་ལ་ཡེངས་ཚུལ
162b2 གྱིས།། རང་ཡིད་ཧད་དེ་ཙམ་ཡོད་ཀྱང་།། གང་གི་འདུ་ཤེས་མ་ཞུགས་པ།། བྱ་བ་བཏང་བའི་མི་དང་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་འཁོར་འདས་གཉིས་ཀྱི་གཞི།། རང་བཞིན་ངོ་བོའི་ལུས་དང་ནི།།
162b3 རྟོགས་པའི་ངོ་བོ་ཉིད་སྐུ་གཉིས།། གནས་སྐབས་འབྲེལ་མེད་མཐར་ཟུག་ཡོད།། དེ་ཕྱིར་ལྷུན་གྲུབ་སངས་རྒྱས་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པའི་ཡང་སྙིང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི
162b4 རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། འཁོར་འདས་གཉིས་ཀྱི་གཞི་རང་བཞིན་གྱི་ལུས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མུ་སྟེགས་རྟག་པའི་འཁྲུལ་དཔེ་ནི།། འཁྲུལ
162b5 སྨན་ཆེན་པོ་དང་འདྲ་སྟེ།། གཞི་དང་འཁྲུལ་པའི་ཉེས་པ་དེ།། སུན་འདོན་ལ་ཟློ་གྲངས་བསྟན་པ།། འཁྲུལ་གཞི་མེད་པའི་འཁྲུལ་པ་དེ།། རི་བོང་རྭ་བཞིན་ཡོད་མི་སྲིད།། འཁྲུལ་གཞི་ལས་ནི་འཁྲུལ་པ་བྱུང་།། དེ་ཕྱིར
162b6 དབྱེ་བ་ཤིན་ཏུ་གཅེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངོ་བོ་མི་འགྱུར་གཞི་བྱས་ནས།། ཁ་དོག་དབྱིབས་ཅན་དག་ཏུ་འཁྲུལ།། ལོག་པའི་དཀའ་ཐུབ་དམྱལ་བར་ལྟུང་།། རིག་པས་བརྟགས་ན་བདག་མ་གྲུབ།། དེ
iiif viewer powered by OpenSeadragon
162a - 163a