e-texts navigator
Collection
Volume
Page
Wylie

4b1 མན་ངག་ཅིག་ཆར་པ།། རྒྱུད་ཀྱི་སྙིང་པོ་རང་རིག་ཅར་ཕོག་དོན།། དོན་འདྲིལ་མཐའ་གཅོད་སྤྲོས་བྲལ་དོན་ཆོད་བསྟན།། ཞེས་གསུངས་སོ།། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གླེང་གཞི་དང་གླེང་བསླང
4b2 བའི་ལེའུ་སྟེ་དང་པོའོ།། །། ཀྱེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རྩེ་གཅིག་གུས་པས་ང་ལ་ཉོན། བར་སྣང་གི་ངོ་བོ་མ་གྲུབ་པ་ལ། གང་ཟག་ལ་ལ་ལ་ནམ་བསྲོས། ལ་ལ་ལ་ཉི་མ་ཤར། ནམ་བསྲོས་པ་ནི་སྣང་བ
4b3 གསལ་བ་མེད་དེ། མུན་པའི་སྨག་ཆེན་པོར་སོང་། ཉི་མ་ཤར་བ་ནི་མུན་པའི་སྐྱེ་མཆེད་དག་ནས་ཉི་མ་ནུབ་མི་སྲིད་དོ།། ཨ་ཛྙཱ་ན་དྷརྨ་ཀཱ་ཡ། མུན་པའི་སྨག་ཆེན་པོ་དེ་བསལ་བའི་ཐབས་དེ་གང་གིས་བྱ་བ་དང་། མུན
4b4 པའི་སྨག་ཆེན་པོ་དེ་བསལ་ནས་ཉི་མ་ལ་ནུབ་པ་མེད་པའི་དགོངས་པ་བསྟན་པའོ།། དེ་ལ་གང་ཟག་གི་རྒྱུད་ལ་འཆར་ལུགས་ནི། དང་པོ་གཞི་དུས་བསྟན་པ་དང་། དེ་ནས་རྟོགས་དུས་བསྟན་པ་དང་། དེ་ནས་འཁྲུལ
4b5 དུས་བསྟན་པ་དང་། དེ་རྟོགས་དུས་གོམ་པས་དག་ལུགས་དང་། མཐའ་རུ་དག་པ་ཆེན་པོ་བསྟན་པའོ།། ཞེས་གསུངས་སོ།། གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ།། གང་ཟག་སྣོད
4b6 ལྡན་ཕྱི་མའི་དོན་ཆེད་དུ།། བསྟན་པས་གོ་ཞིང་བཀླགས་པས་ཤེས་པའི་རྒྱུད།། རྩ་རྒྱུད་བཤད་རྒྱུད་གསང་བ་མན་ངག་རྒྱུད།། གཅིག་ཏུ་དྲིལ་ཞིང་ཟབ་ཅིང་རྒྱས་པ་ཞུ།། བཅོམ་ལྡན་རྡོ་རྗེ་འཆང་གིས་ཡང་གསུངས




iiif viewer powered by OpenSeadragon

4a - 5a

Texts on this page

Gpb001.001 - spros bral don gsal chen po'i rgyud