| | e-texts navigator
|
230b1 པདྨ་སཏ་ཨཿཔདྨ་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་བས། དུས་དེར་ཡི་དྭགས་རིགས་གསུམ་ལ།། རྒྱུ་བ་གནས་པ་རྣམ་པར་སྨིན།། ཕྱི་ནང་གཉིས་ཀའི་སྒྲིབ་པ་ཅན།། ཡི་དྭགས་གནས་ངན་དེ་ལས་ཐར།། མཐོང
230b2 ལོག་སྡུག་བསྔལ་ལས་གྲོལ་ལོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས།། པྲེ་ཏ་ཀ་དོང་སྤུག་གི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ལས་ངན་སེམས་ཅན་དེ།། བྱོལ་སོང་གནས་སུ་ཡང་སྐྱེས་སོ།། བྱོལ་སོང་རིགས
230b3 བཞི་ཡོད་པ་ལས།། གོར་མ་རྡོ་ཡི་འབུ་རུ་སྐྱེས།། སྔོན་གྱི་ལས་ངན་བག་ཆགས་ཀྱིས།། དེ་ཡི་རྣམ་པར་སྨིན་པ་བྱུང་།། རིགས་བཞིའི་བྱོལ་སོང་དཔག་ཏུ་མེད།། བསྡུས་པས་སུམ་འབུམ་ཉི་ཁྲི་ཡོད།། ཤིན་ཏུ་བསྡུས
230b4 པས་རིགས་བཞི་ཡིན།། དེ་དག་ཀུན་ཏུ་སྐྱེས་པ་ལ།། དེ་ནས་ལག་ན་རྡོ་རྗེ་ཡིས།། སེམས་ཅན་དེ་ཡི་གམ་དུ་བྱོན།། ལས་ངན་དེ་ལ་འདི་སྐད་བསྒྲགས།། ཏིརྱ་ཀ་ཙཀྟཱ་པྲ་བེ་ཤ་ཡ་ཨཱཿདེ་སྐད་སེམས་ཅན་དེས་ཐོས
230b5 པས།། སྔོན་གྱི་ལས་ངན་དེ་དྲན་ནས།། ཀྱེ་མ་ཀྱེ་ཧུད་བདག་འདྲ་སོགས།། ལས་ཀྱི་རྣམ་སྨིན་རང་ལ་སྨིན།། མགོན་པོའི་ཐུགས་རྗེས་བདག་སྒྲོལ་ཅིག། ཞེས་གསོལ་བ་བཏབ་པ་དང་། དེ་ནས་བཛྲ་པཱ་ཎི་ཡིས།། ལས
230b6 ངན་སེམས་ཅན་བྱོལ་སོང་ལ།། ཤེས་རབ་པུ་སྟི་ལག་ཐོགས་ནས།། ལས་ངན་དེ་ཡི་གཙུག་ཏུ་བཞག། རིག་པའི་བདེན་ཚིག་འདི་བརྗོད་དོ།། ཨོཾ་ཤེས་རབ་རིག་པའི་པུསྟི་འདི།། དུས་གསུམ་སངས་རྒྱས་ཞི་ཁྲོའི
iiif viewer powered by OpenSeadragon
230a - 231a