e-texts navigator
Collection
Volume
Page
Wylie

123b1 དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ་ཡི་ཆད་དེ། སྤུ་ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་འདུས་པར་གྱུར་པའི་བར་དུ་རྒྱས་པར་བྱ་སྟེ། དེའི་ཚེ་མེ་དེ་དག།
123b2 གིས་ས་གཞི་རབ་ཏུ་འབར་བར་བྱེད་དོ།། ས་གཞི་རབ་ཏུ་འབར་བར་བྱས་ནས། ནགས་ཚལ་རབ་ཏུ་འབར་བར་བྱེད་དོ།། ནགས་ཚལ་རབ་ཏུ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ
123b3 ཏུ་འབར་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་ཅི་སྟེ་ཤར་ཕྱོགས་སུ་འགྲོ་ན་ཡང་མེ་འབའ་ཞིག་མཐེ།
123b4 ངོ།། ཅི་སྟེ་ལྷོ་དང་། ནུབ་དང་། བྱང་དུ་བརྒྱུགས་ན་ཡང་མེ་འབའ་ཞིག་མཐོང་ཞིང་ཚིག་སྟེ། དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་གཏན་ནས
123b5 མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ཏེ། འདི་སྐད་དུ། བ་ལང་ར་ལུག་མ་ཧེ་དང་།། རི་རིགས་ཕག་དང་བྱ་གག་དང་།། དེ་བཞིན་གཞན་གྱི་སྲོག་གཅོད་པས།། བསྡུས་གཞོམ་དུ་ནི་བཅོམ་པར་འགྱུར།
123b6 ཞེས་ཀྱང་བྱའོ།། ། སྡོམ་ལ། ས་གཞི་དང་ནི་ཐོ་བའི་སྒྲོམ།། འཁྲུལ་འཁོར་དང་ནི་འཇོམས་དང་རི།། དེ་ནས་རི་སུལ་ནག་ཚལ་རྣམས།། བསྡུས་གཞོམ་ན་ནི་གནོད་པ་བརྒྱད།། དེ་ལ
123b7 སོགས་པའི་གནོད་པ་མང་པོ་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་བསྡུས་གཞོམ་ཞེས་བྱ་སྟེ། དེ་ན




iiif viewer powered by OpenSeadragon

123a - 124a

Texts on this page

Ty055-001 - 'jig rten gzhag pa