e-texts navigator
Collection
Volume
Page
Wylie

123a1 བརྒྱ་ཕྲག་མང་པོའི་ནང་དུ་ཞུགས་པའི་བར་དུ་སྟེ། དེའི་ཚེ་རི་སུལ་དེ་དག་ཕྱིར་བྱེད་དེ། སེམས་ཅན་དེ་དག་འཇིགས་པ་དང་། སྔངས་པ་དང་། སྤུ་ལྡང་བར་བྱེད་དོ།། དེ་ནས
123a2 སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ་ཡིད་ཆད་དེ། བ་སྤུ་ལངས་ནས་ཕྱོགས་གཅིག་ཏུ་འདུའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། བརྒྱ་སྟོང་ཕྲག་མང་པོ་དག་འདུས་པར་གྱུར
123a3 པ་དེའི་ཚེ། རི་དེ་དག་ཕྱོགས་གཉིས་ཀ་ནས་འདུས་ཏེ།། སེམས་ཅན་དེ་དག་བཅོམ་ཞིང་རབ་ཏུ་བཙེམ་ལ། ཀུན་ཏུ་རབ་ཏུ་བཙེམ་མོ།། བཙེམ་ཞིང་རབ་ཏུ་བཙེམ་ལ། ཀུན་ཏུ་རབ་ཏུ་བཙེམས་ནས། གང
123a4 གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ་ཕྱིར་འགྱེད་དོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་སྐྱེས
123a5 པ་དང་། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ས་གཞི་དེའི་ནང་ནགས་ཚལ་དཔག་ཚད་མང་པོ་ནས། སྔ་མ་བཞིན་ནོ།།
123a6 དེ་ནས་སེམས་ཅན་དེ་དག་དེར་ཆུག་ཅིང་དེར་རབ་ཏུ་རྒྱུག་ལ། དེར་ཀུན་ཏུ་རབ་ཏུ་ཆུག་པའི་བར་དུ་རྒྱས་པར་བྱ་སྟེ། དེ་དག་དེའི་ནང་དུ་འགྲོའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། @
123a7 སྟོང་ཕྲག་མང་པོ་ནང་དུ་ཞུགས་པར་གྱུར་པ་དེའི་ཚེ་དེ་དག་འཁོད་པའི་འོག་དང་། སྟེང་དང་། ཕྱོགས་བཞི་ནས་མེ་ལྕེ་འབྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། དངང་བ་དང་། སྤུ་ལྡང་བར་བྱེད་དོ།།




iiif viewer powered by OpenSeadragon

122b - 123b

Texts on this page

Ty055-001 - 'jig rten gzhag pa