e-texts navigator
Collection
Volume
Page
Wylie

391a1 མགོ་ཟླུམ་ཞིང་བརྟན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས།། ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས།།
391a2 ལེགས་པར་བརྒྱན་ཅིང་ལྡན་པར་འགྱུར།། མཆོ་རྟེན་བསྐོར་བ་བྱས་པས་ནི།། སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ།། རྫུ་འཕྲུལ་ཆེན་པོའི་བརྒྱ་བྱིན་དུ།། ལྷ་ཡི་དབང་པོ་ཆེན་པོར་འགྱུར།། མཆོད
391a3 རྟེན་བསྐོར་བ་བྱས་པས་ནི།། འཐབ་བྲལ་ལྷ་ཡི་དབང་པོ་དང་།། དེ་བཞིན་ཡོངས་སུ་དགའ་ལྡན་དང་།། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས
391a4 ནི།། ཚངས་པའི་འཇིག་རྟེན་ཚངས་པ་ཡི།། དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་།། ལྷ་རྣམས་བྱེ་བ་སྙེད་ཀྱི་ས་མཆོད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ་བྱེ་བ་སྟོང་དག་དང་།།
391a5 ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་།། ཤེས་རབ་ལྡན་པར་རྟག་ཏུ་མཆོད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ་བྱེ་བ་སྟོང་དག་ཏུ།། ལུས་གཙང་གོས་ཀྱང་གཙང་བ་དང་།།
391a6 དཀར་པོའི་ཆོས་དང་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས།། དེ་ནི་ལེལ་མེད་པ་དང་།། ཤིན་ཏུ་སྒྲུབ་ཀྱང་བོས་པར་འགྱུར།
391a7 མཆོད་རྟེན་བསྐོར་བ་བྱས་པས་ནི།། བརྩོན་འགྲུས་བརྟན་ཞིང་མཐུ་ཡང་བརྟན།། རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་།། དོན་རྣམས་མྱུར་དུ་གྲུབ་པར་བྱེད།། མཆོད་རྟེན་བསྐོར་བ་བྱས་པས




iiif viewer powered by OpenSeadragon

390b - 391b

Texts on this page

Ty029-010 - mchod rten bskor ba'i tshigs su bcad pa