| | e-texts navigator
|
132b1 ནི་ལྷུང་བར་འགྱུར། ། ཞེས་བྱ་བ་ནི་འཇུངས་པ་དེ་དག་གིས་ཉེས་པར་སྤྱོད་པ་དེ་དག་དེ་ལྟ་བུར་ཡང་དག་པར་བླངས་པ་དང་། ཀུན་ཏུ་སྤྱད་པས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་འདོར་ཏེ། དེ་བས་ན།། རྐང
132b2 པ་མཐོ་ཞིང་སྤྱིའུ་ཚུགས་སུ། ། དམྱལ་བ་དེར་ནི་ལྷུང་བར་འགྱུར།། ཞེས་བྱའོ།། དབང་པོ་ཉམས་པ་དེ་དག་འཚེད།། ཅེས་བྱ་བ་ནི་དེ་དག་དབང་པོ་མ་དུལ་བའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག
132b3 ཏུ་སྐྱེ་ཞིང་། ཉིན་མཚན་དུ་འཚེད་དེ། དེ་བས་ན། དབང་པོ་ཉམས་པ་དེ་དག་འཚེད།། ཅེས་བྱའོ།། ཉ་ནི་སྐམ་ལ་བོར་བ་བཞིན།། ཞེས་བྱ་བ་ནི་ཇི་ལྟར་ཉ་ཆུ་ནས་བཏོན་ཏེ། སྐམ་སར་བོར་བ་རྣམས་སྡུག
132b4 བསྔལ་ཞིང་ཉམ་ཐག་ནས་འདར་བ་དེ་བཞིན་དུ། འཇིག་རྟེན་འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་བོར་ཏེ། སྡུག་བསྔལ་ཞིང་ཉམ་ཐག་ནས་འདར་ཏེ། དེ་བས་ན། དབང་པོ
132b5 ཉམས་པ་དེ་དག་འཚེད། ། ཉ་ནི་སྐམ་ལ་བོར་བ་བཞིན།། ཞེས་བྱའོ།། དེ་ལྟར་ཉེས་བྱས་ལས་བྱེད་པ།། ཉིན་མཚན་དུ་ནི་ཚེ་ངེས་འདེབས།། ཞེས་བྱ་བ་ནི་ལས་དཀར་པོ་སྤངས་ཤིང་མི་དགེ་བའི་ཆོས་ལ
132b6 ཞུགས་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་སྐྱེས་ནས། རྟག་པར་རྒྱུན་མ་ཆད་པར་ཡུན་རིང་པོར་ཉམ་ཐག་པའི་ང་རོས་ཆོ་ངེས་འདེབས་ཏེ། སྡུག་བསྔལ་ཞིང་མི་བཟོད་ལ་རྩུབ་ཅིང་ཚ་བ་དང
132b7 ཡིད་དུ་མི་འོང་བའི་ཚོར་བ་ཉིན་མཚན་དུ་ཉམས་སུ་མྱོང་སྟེ། དེ་བས་ན། དེ་ལྟར་ཉེས་བྱས་ལས་བྱེད་པ།། ཉིན་མཚན་དུ་ནི་ཆོ་ངེས་འདེབས།། ཞེས་བྱའོ།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས།། འཕང་མདུང་གིས་ཕོག
iiif viewer powered by OpenSeadragon
132a - 133a