| | e-texts navigator
|
214a1 ལ་བཀུར་སྟི་དང་བསྟི་སྟང་བགྱིད་པར་ཞུས་སོ། ། སངས་རྒྱས་ལ་སོགས་པའི་དགེ་སློང་ལྔ་བརྒྱ་པོ་རྣམས་ལ་བཀུར་སྟི་དང་བསྟི་སྟང་ཞག་བདུན་དུ་བགྱིད་པར་འཚལ་ལོ།།
214a2 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཀླུའི་རྒྱལ་པོ་དགའ་བོ་ཉོ་དགའ་འདུལ་བའི
214a3 མདོ་རྫོགས་སོ། ། ། པཎྜི་ཏ་ཆེན་པོ་ཨ་ནནྟ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་སྐད་གཉིས་སྨྲ་བ་རྣམས
214a4 ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག།། །
214a5 རྒྱ་གར་སྐད་དུ། མ་ཧཱ་ཀཱ་ཤྱ་བ་སཱུ་ཏྲ། བོད་སྐད་དུ། འོད་སྲུངས་ཆེན་པོའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ
214a6 དུས་གཅིག་ན། རྒྱལ་པོའི་ཁབ་འོ་དམའི་ཚལ་ཀ་ལན་ཏ་ཀའི་གནས་ན་བཞུགས་སོ།། དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བི་བྱ་ལིའི་ཕུག་ན་བཞུགས་ཏེ། ནད་དམ་པོས་གཟིར
214a7 ཞིང་སྡུག་བསྔལ་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་སྲོད་ལའི་དུས་སུ་སོ་སོར་ཐམས་ཅད་རྟོག་ཅིང་བཞུགས་སོ།། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ག་ལ་བ་དེར་གཤེགས་ཤིང་ཉེ་བར་གཤེགས
iiif viewer powered by OpenSeadragon
213b - 214b