| | e-texts navigator
|
263a1 བསྐལ་པ་བཟང་པོ་འདི་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས་མངོན་དགར་སྐྱེ་བར་འགྱུར་ཏེ། བུད་མེད་ཀྱི་དངོས་པོ་བརྗེས་ནས།
263a2 སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ།། ཁྱོད་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ།། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ
263a3 མོ་འོད་ལྡན་མས། བཅོམ་ལྡན་འདས་ལས་བདག་ཉིད་ཀྱི་ལུང་བསྟན་པ་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། རྒྱ་མཚོའི་རིན་པོ་ཆེ་དང་། རིན་ཐང་མཉམ
263a4 པའི་རིན་པོ་ཆེའི་ཕྲེང་བ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བདག་ནི་ཐུབ་པ་ཡེ་ཤེས་ཡོན་ཏན་ཀུན་གྱི
263a5 འབྱུང་གནས་དེ་ཡིས་ལུང་བསྟན་ཏེ། ། བདག་ནི་འདྲེན་པར་འགྱུར་བར་བདག་ལ་ཡིད་གཉིས་ཐེ་ཙོམ་ཅི་ཡང་ཡོད་མ་མཆིས།། སྟོང་གསུམ་ས་གཞི་ཐམས་ཅད་རྣམ་པར་ཞུགས་ཤིང་ཟླ་བ་ས་ལ་ལྟུང་ཡང་གདའ།།
263a6 ལྷ་ལས་ལྷག་པའི་ལྷས་མཆོད་སངས་རྒྱས་ཕྱིན་ཅི་ལོག་གི་ཚིག་གསུང་ཡོངས་མི་གདའ།། བསམ་པ་བྱམས་པ་བརྩོན་འགྲུས་ཡུལ་ལ་ཐུགས་ནི་འཁྲུགས་པར་འགྱུར་བ་མི་མངའ་ལྟོས།། བདག་ནི་སྟོང་པའི
263a7 ཡེ་ཤེས་ཡུལ་གྱི་ཆོས་རྣམས་དག་ལ་གུས་པར་བགྱིད་ལ་ལྟོས། ། བདེ་བར་གཤེགས་པའི་ཡང་དག་སྤྱོད་པ་རྣམས་དང་ཡེ་ཤེས་ཐོགས་པ་མི་མངའ་ལྟོས།། དེ་ཡིས་འདིར་ནི་བདག་གི་སེམས་ཀྱི་ཡུལ་བདེན
iiif viewer powered by OpenSeadragon
262b - 263b