e-texts navigator
Collection
Volume
Page
Wylie

253a1 དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པར་སྨྲ་ཞིང་། བརྗོད་པར་བྱེད་པ་གང་ཞེ་ན། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག
253a2 ཅིང་རྒྱུ་མེད་པར་འབྱུང་བ་སྟེ། བདག་དང་། འཇིག་རྟེན་ནི་རྒྱུ་མེད་པ་ལས་འབྱུང་བའོ།། ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཡོད་པ་ནི།། འདི་ལྟ་སྟེ། གཞི་གཉིས་པོ་ལའོ།།
253a3 དགེ་སྦྱོང་དང་། བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས། ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་རྒྱུ་མེད་པར་འབྱུང་བ་སྟེ། བདག་དང་འཇིག་རྟེན་ནི་རྒྱུ་མེད
253a4 པ་ལས་འབྱུང་བའོ་ཞེས་པ་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི། འདི་ལྟ་སྟེ། གཞི་གཉིས་པོ་དག་ལའོ།། དགེ་སློང་དག་གཟུགས་ཀྱི་ཁམས་ན། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ
253a5 རྣམས་ཀྱིས་འདུ་ཤེས་འབྱུང་བའི་ཕྱིར། སེམས་ཅན་དེ་དག་གནས་དེ་ནས་ཤི་ཕོས་པར་འགྱུར་ལ། ཇི་སྟེ་སེམས་ཅན་འགའ་ཞིག་གནས་དེ་ནས་ཤི་ཕོས་ནས་འདིར་མི་རྣམས་དང་སྐལ་བ
253a6 མཉམ་པར་འགྱུར་ཞེས་བྱ་བ་ནས། སྔོན་འདུ་ཤེས་འབྱུང་བ་དེ་ཡང་དག་པ་རྗེས་སུ་དྲན་ནོ་ཞེས་བྱ་བའི་བར་ཏུ་སྔ་མ་བཞིན་ནོ།། འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་རྒྱུ་མེད་པ་ལས
253a7 འབྱུང་བའི་དེའི་ཕྱིར། དེས་ན་བདག་ནི་འདི་སྙམ་དུ་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་བས། བདག་སྔོན་ཆད་མ་བྱུང་ལ། ད་ལྟར་བྱུང་ངོ་སྙམ་པ་ནི་གཞི་དང་པོ་སྟེ། ཅི་ལ་རྟེན




iiif viewer powered by OpenSeadragon

252b - 253b

Texts on this page

S62 - tshangs pa'i dra ba'i mdo