| | e-texts navigator
|
335b1 བདག་ཅག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བ་འམ། འོན་ཏེ་རང་སངས་རྒྱས་ཀྱི་ཐེག་པས་སམ། འོན་ཏེ་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་བཟླ་བར
335b2 བྱ་ཞེས་འཐུན་པར་འདུས་ཏེ། འཁོད་པ་དེ་དག་ཐམས་ཅད་དེ་ལྟ་བུའི་དཔྱོད་པ་སྐྱེས་ནས། བདག་ཅག་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་ཟླ་བར་བྱ་བ་ནི་མཆོག་ཡིན་གྱི། ཉན
335b3 ཐོས་ཀྱི་ཐེག་པས་ནི་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པས་ནི་མ་ཡིན་ནོ་སྙམ་མོ།། དེ་ནས་ཁྱིམ་བདག་དཔའ་སྦྱིན། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས་ཡོངས་སུ་བསྐོར
335b4 ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ
335b5 དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།།
335b6 དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། ཁྱིམ་བདག་དཔའ་སྦྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་བཀའ་སྩལ་པ། ཁྱིམ་བདག་རྣམས་ཁྱེད་དོན་གང་གི་ཕྱིར་དེ
335b7 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐད་དུ་ལྷགས། དེ་ནས་ཁྱིམ་བདག་དཔའ་སྦྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་སྟན
iiif viewer powered by OpenSeadragon
335a - 336a