e-texts navigator
Collection
Volume
Page
Wylie

5a1 བའི་རྒྱལ་མི་ཕྱོགས་མི་བགྱིད་པར་ཤོག་ཤིག། སྤད་པའི་ལུས་དང་སྡུག་བསྔལ་གྱི་འབྲས་བུ་ཀུན་ལས་ཐར་ནས་མི་མྱོང་བར་ཤོག་ཤིག། དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ
5a2 ནས་དགེ་བ་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་ཤོག་ཤིག། ཚེ་རབས་གར་སྐྱེས་ཀྱང་བདེ་སྐྱེད་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་མཐུ་དང་དབང་ཡོད་པར་ཤོག་ཤིག། གང་དེ
5a3 བཞིན་གཤེགས་པ་འབའ་ཞིག་གི་ཐུགས་སུ་ཆུད་པའི་ཆོས་བླ་ན་མེད་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འཚང་རྒྱ་བའི་དོན་དེ་ཁོ་ན་ཉིད་གང་ཡིན་པ་དེ་བ་དག་གིས་ཀྱང་མ་ནོར་བར་ཁོང་དུ་ཆུད་ཅིང་སྒོམ་ལ། གཞན
5a4 དག་ལ་ཡང་མ་ནོར་བར་སྟོན་ཅིང་འདྲེན་པར་ཤོག་ཤིག། དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་སྟེ། བདག་ཉིད་ལུས་དབུལ་གྱིས་ཐུགས་རྗེ་ཆེན་པོ་ལྡན་པ
5a5 རྣམས་ཀྱིས་སོ་སོ་ནས་རྟག་ཏུ་བཞེས་ཤིག། ཇི་ལྟར་ན་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡོད་པ་ཐམས་ཅད་དང་བྲལ་བ། དངོས་པོ་དང་། སེམས་དང་། སྐྱེ་མཆེད་ཀྱིས་མ་ཟིན་པའི་ཆོས་བདག
5a6 མེད་པ་དང་མཉམ་པ། ཐོག་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་གྱིས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལྟར་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ
5a7 ཏུ་སེམས་བསྐྱེད་པར་བགྱིའོ། ། བྱང་ཆུབ་ཀྱི་སེམས་ནི་ནམ་གཞར་ཡང་མི་སྟོང་ཞིང་བཤེས་གཉེན་དམ་པ་དེ་དང་ནམ་ཡང་མི་འབྲལ་བར་ཤོག་ཤིག། ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དེ་དག་བླ་ན་མེད་པའི་བསོད
5a8 ནམས་ཀྱི་རྗེས་སུ་ཡི་རང་བ་ལྟར། བདག་མིང་འདི་ཞེས་བགྱི་བས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། ནམ་འཆི་བར་ངེས་པའི་དུས་དེ་ན་སངས་རྒྱས་དང་།




iiif viewer powered by OpenSeadragon

4b - 5b

Texts on this page

Q933 - dpang skong phyag brgya pa zhes bya ba