| | e-texts navigator
|
280b1 གསུམ་མོ། ། གསུམ་འདི་ལྟ་སྟེ། ལས་ཀྱི་ལམ་དང་། ཉོན་མོངས་པའི་ལམ་དང་། སྡུག་བསྔལ་གྱི་ལམ་དག་སྐེམས་པར་བགྱིད་པ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་རྫོགས་པར་བགྱིད་པ་དག་ཇི་ལྟ་བུ
280b2 ལགས། དེ་བཞིན་ཏུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ཇི་ལྟ་བུ་ལགས། དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི
280b3 བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཇི་ལྟ་བུ་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔལ་ཆོག་ཤེས་ལེགས་སོ་ལེགས་སོ།། དཔལ་ཆོ་ག་ཤེས་ཁྱོད་ཀྱིས་གང་གི་ཚེ་ཆོས་བཞི་པོ་འདི་ལ
280b4 ཡོངས་སུ་རྫོགས་པར་སྤྱད་ཅིང་གོམས་པར་བྱས་ཀྱང་ཁྱོད་ཀྱིས་སེམས་ཅན་གཞན་དང་གང་ཟག་གཞན་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ། དཔལ་ཆོག་ཤེས་དེའི་ཕྱིར་ལེགས་པར་ཉོན་ལ་རབ
280b5 ཏུ་ཡིད་ལ་ཟུང་ཤིག་དང་བཤད་དོ། ། བཙུན་པ་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུའོ།། དཔལ་ཆོག་ཤེས་བྱང་ཆུབ་སེམས་དཔའ་སེམས
280b6 དཔའ་ཆེན་པོ་དག་བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་ཞིང་སློབ་པ་ན། བསམ་གཏན་གྱི་ཡན་ལག་རྣམས་ཤེས་པ་དང་། འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་དང་། ཡན་ལག་ལྔ་དང་ལྡན་ཞིང་ཡང་ཡན།
280b7 ལག་ལྔ་སྤངས་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིས་རྩེ་བ་མངོན་པར་ཤེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་། བཀུར་སྟི་བྱ་བ་དང་དམ་པའི་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད
280b8 དུགློག་ལྟ་བུའི་ཤུགས་ཀྱིས་འགྲོ་བ་ལ་མཁས་པ་དང་། སེམས་ཅན་རྣམས་ཀྱི་ལམ་གསུམ་པོ་ལས་ཀྱི་ལམ་དང་། ཉོན་མོངས་པའི་ལམ་དང་། སྡུག་བསྔལ་གྱི་ལམ་དག་སྐེམ་པ་དང་། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ
iiif viewer powered by OpenSeadragon
280a - 281a