| | e-texts navigator
|
114a1 རྒྱ་གར་སྐད་དུ། ཨཱརྱ་ས་བ་ཏ་ཤ་ཏི་ཀཱ་ནཱ་མ་པྲཛྙཱ་བ་ར་མི་ཏཱ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་དང
114a2 པོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཉེན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ
114a3 རབ་ན། ། དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པས་ཡ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས
114a4 པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་ལ་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱམས་པ་དང་། སྤོབས་པ་ཐོགས་མེད་དང་། བརྩོན་པ་མི་འདོར་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཡ
114a5 དང་ཡང་ཐབས་གཅིག་གོ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་སྐྱ་རེངས་ཤར་བའི་དུས་ཀྱི་ཚེ་རང་གི་གནས་ནས་བྱུང་སྟེ། དེ་བཞིན་གཤེགས
114a6 པའི་ཕོ་བྲང་གི་སྒོ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་པོ་བྲང་གི་སྒོའི་ཕྱི་རོལ་ན་འདུག་གོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་རང་གི་གནས་ནས
114a7 བྱུང་སྟེ། དེ་བཞིན་གཤེགས་པའི་ཕོ་བྲང་ག་ལ་བ་དེར་སོང་ངོ་།། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་མོའུ་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀཱ་ཏྱའི་བུ་ཆེན་པོ
114a8 དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། དེ་དག་ཐམས་ཅད་དང་། གཞན་ཡང་ཉན་ཐོས་ཆེན་པོ་རྣམས་རང་རང་གི་གནས་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་ཕོ་བྲང་ག་ལ་བ་དེར་དོང་ནས་ཕྱིན་པ་དང་ཕྱོགས་གཅིག་ཏུ་འཁོད་དོ།།
iiif viewer powered by OpenSeadragon
113b - 114b