| | e-texts navigator
|
81b1 ལེགས་སོ་རྡོ་རྗེ་ཅན། ། པད་མོ་འཛིན་པའི་གྲོགས་བཅས་པས།། ཡང་ཡང་བསྐུལ་བར་མཛད་པས་ན།། གཏང་ཞིང་བསྟན་པར་མཛད་པ་ལ།། དགའ་བའི་སྤྱན་རྗེས་དང་པར་གྱིས།། གང་འདོད་རྟོགས་བཞི་པར་མཛོད།། མ་འོངས་རྟོག
81b2 པ་མཐའ་དག་རྣམས། ། ཐུགས་རྗེ་ཤུགས་ཀྱིས་བཟུང་མཛད་དེ།། དོན་ཀུན་ཁྱབ་པའི་སྣང་བ་ཡིས།། གཟུང་བར་བྱ་བའི་སྐབས་དབྱེ་མཛད་ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི
81b3 གསང་བའི་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་རྣམ་པར་སྤྲུལ་པའི་ལེའུ་སྟེ་དང་པོའོ། ། །། དེ་ནས་དགའ་ཞིང་འཁོར་འདུས་པས།། དགའ་བའི་བཞིན་བཟངས་རྒྱས་མཛད་དེ།། གཙོ་བོས་ཅི་ལྟར་བཀའ་སྩལ་བཞིན།།
81b4 ཐུགས་རྗེས་འབྱུང་བའི་དཀྱིལ་འཁོར་གཟུངས།། དེ་ནས་གཟི་ལྡན་པད་མོ་ཅན།། འཛུམ་མདངས་རྒྱས་པས་བསྐུལ་མཛད་དེ།། འོ་བྱེད་འཁྱུད་པ་ལ་སོགས་པ།། དགའ་བཞིན་ཆགས་པར་རྣམ་པར་འགྱུར།། ཨེ་མ་རིག་པའི
81b5 རྒྱལ་པོ་ཁྱེད། ། ཐུགས་རྗེ་ཆེན་པོ་ཉི་འོད་བཞིན།། ཐུགས་རྗེ་འབྱུང་བའི་དཀྱིལ་འཁོར་གཟུངས།། ཕྱོགས་རིས་མེད་པས་གོ་འབྱེད་པས།། ཡུལ་དུ་གྱུར་པ་ཀུན་རྒྱུད་དགོངས།། མི་དམིགས་ཚེ་འཕྲུལ་ནམ་མཁའ་ལས།། བཀོད་པ
81b6 རྒྱ་མཚོ་སྤྲིན་ཕུང་བཞིན། ། ཐུགས་རྗེ་སྤྲུལ་པའི་ཆར་ཆེན་པོས།། སྣ་ཚོགས་ལས་བརྒྱད་དག་པར་མཛོད།། དེ་ནས་གཙོ་བོ་རྡོ་རྗེ་འཆང་།། ཏིང་ངེ་འཛིན་ལས་བཞེངས་མཛད་དེ།། རང་གིས་མཚན་མེས་རབ་མཛེས་པས།། རྒྱལ་པོ་ཟིལ
81b7 གནོན་གཟི་བརྗིད་ཅན། ། ཕྱག་གི་འཁོར་ལོ་རབ་བསྐོར་ཅིང་།། ཕྱོགས་རྣམས་ཀུན་དུ་གཟིགས་མཛད་དེ།། མི་དམིགས་ནམ་མཁའི་དབྱིངས་དག་ན།། རྡོ་རྗེ་སྦྲུལ་སྐུ་མངོན་ཕྱུང་ནས།། གཟི་ལྡན་པད་མོ་ཆེན་མོ་དང་།། རོལ་གྱི
81b8 ཚུལ་དུ་བཞུགས་མཛད་དེ། ། འཛུམ་མིག་ཆགས་པའི་བཞིན་དག་གིས།། འཁོར་རྣམས་སློང་བའི་སྔགས་བརྗོད་དོ།། ཨོཾ་ཨཱ་ཧཱུཾ་མ་ཧཱ་བྷམྦི་ཤ་ཀུ་རུ་བི་ནི་ཧྲྀ་ད་ཡ་ཨོཾ་བྷ་བ་ཏི་ཨོཾ་ལ་ལ་ཏི། གཉིས་སུ་མེད་པའི་བྱང་སེམས་ཀྱིས། དཀྱིལ
iiif viewer powered by OpenSeadragon
81a - 82a