e-texts navigator
Collection
Volume
Page
Wylie

100a1 འགྱོད་པར་མྱི་འགྱུར་རམ།། སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་གལ་ཏེ་བདག་གིས་གནས་བརྟན་ཡང་ཐ་དད་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཐ་དད་པར་གཞག་ན་ནི་དེ་ལྟར་ན་བདག་འགྱོད་པར་འགྱུར་བ་ཞིག་ན
100a2 གང་གི་སླད་དུ་བདག་གིས་གནས་བརྟན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐ་མྱི་དད་པར་གཞག་པ་དེས་ན་བདག་འགྱོད་པར་མྱི་འགྱུར་རོ།། བཙུན་པ་མཚུངས་ཤེས་བགྱི་བ་དེ་ནི་ཆོས་ཐམས་ཅད་དང་ཐ་དད་པ་མ་མཆིས་པ་དང་།
100a3 ནམ་མཁའ་དང་མཚུངས་པ་ཉིད་ཀྱི་ཚིག་བླ་དགས་སོ།། སྨྲས་པ་བུ་མོ་ཅི་ཁྱོད་སོ་སོའི་སྐྱེ་བོ་རྣམས་དང་། མཚུངས་སམ། འོན་ཏེ་འཕགས་པ་རྣམས་དང་མཚུངས། སྨྲས་པ། བཙུན་པ་བདག་ནི་སོ་སོའི་སྐྱེ་བོ་རྣམས་དང་མཚུངས
100a4 པ་ཡང་མ་ལགས། འཕགས་པ་རྣམས་དང་མཚུངས་པ་ཡང་མ་ལགས།། ཅིའི་སླད་དུ་ཞེ་ན། གལ་ཏེ་བདག་སོ་སོའི་སྐྱེ་བོ་རྣམས་དང་། མཚུངས་ན་ནི། བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མ་མཆིས་པར་འགྱུར་རོ།
100a5 ཇི་སྟེ་འཕགས་པ་རྣམས་དང་མཚུངས་ན་ནི་ཉན་ཐོས་རྣམས་དང་མ་ཚུངས་པར་འགྱུར་ཏེ། དེ་ལྟར་ན་ནི་བདག་སངས་རྒྱས་ཀྱི་ཆོས་རྣམས་ལ། ས་ཡོངས་སུ་ཉམས་པར་འགྱུར་རོ།། སྨྲས་པ་བུ་མོ་གལ་ཏེ་ཁྱོད
100a6 སོ་སོའི་སྐྱེ་བོ་རྣམས་དང་ཡང་མྱི་མཚུངས། འཕགས་པ་རྣམས་དང་ཡང་མྱི་མཚུངས་ན། ཅི་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་སམ། སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་བདག་ནི་དེ་གཟོད་སངས་རྒྱས
100a7 ཀྱི་ཆོས་རྣམས་དང་མཚུངས་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཐོག་མ་ནས་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་སོ།། སྨྲས་པ་བུ་མོ་གལ་ཏེ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་ན། ནི་སངས་རྒྱས་ཀྱི་ཆོས
100a8 དེ་དག་ཕྱོང་ལ་ཡོད་དམ་། སྨྲས་པ་གནས་བརྟན་ཅི་སངས་རྒྱས་ཀྱི་ཆོས་སུ་གདགས་པ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ཡུལ་ན་གནས་པ་འམ། ཕྱོགས་ན་གནས་པ་འམ། སྔོན་པོ་འམ། སེར་པོ་འམ།
100a9 དམར་པོ་འམ། དཀར་པོ་འམ། བཙོད་ཀ་དང་། ཤེལ་གྱི་ཁདོག་གམ། དངུལ་གྱི་ཁདོག་ལྟ་བུ་ལགས་སམ། སྨྲས་པ་བུ་མོ་སངས་རྒྱས་ཀྱི་ཆོས་རྣམས་གདགས་པ་ནི་ཁ་དོག་དང་དབྱིབས་ཀྱི་སྒོ་ནས་བསྟན་པར་མྱི་ཆུས་སོ།། སྨྲས




iiif viewer powered by OpenSeadragon

99b - 100b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo