e-texts navigator
Collection
Volume
Page
Wylie

273a1 རྒྱུད་དངོས་གྲུབ་ཐོབ་པར་བྱ་བའི་ལེའུ་སྟེ། བདུན་ཅུ་རྩ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཧོམ་རྣམས་ཀྱི་ཕྲིན་ལས་འདི་གསུངས་སོ། །དང་པོར་དེ་བཞིན་ཉིད་དུ་གསལ་ཞིང་འདྲིས་པར
273a2 བསྒོམ། དེ་ནས་བདག་གི་སྙིང་གར་ཨ་གསལ་ཞིང་འཚེར་བ་གཅིག་བསྒོམ་མོ། ། དེ་ཤིན་ཏུ་གསལ་བར་གྱུར་པ་དང་། ཕྱོགས་བཅུར་འོད་དུ་འཕྲོས་པར་བསྒོམ། འོད་དེ་སླར་ཨ་ལ་བསྡུ་ཞིང་བསྟིམ། མ་དང་ཨ་ལས་ཉི་མ་དང་ཟླ་བའི་དཀྱིལ
273a3 འཁོར་བསྟིམ་ཞིང་འཚེར་ལ་གསལ་བར་བསྒོམ། །ཧྲི་ལས་པད་མའི་དཀྱིལ་འཁོར་གསལ་བར་བསྒོམ། ཧཱུ~ཾ་ཤིན་ཏུ་འོད་འབར་བར་བསྒོམ། སྙིང་གི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ཚོན་གང་བ་གཅིག་ཕྱག་རྒྱ་དང་བཅས་པར་བསྒོམ། བཞི་བཅུ་རྩ
273a4 གཉིས་ཀྱི་སྔགས་དང་། ཡིག་འབྲུ་དང་། ཕྱག་རྒྱ་ཡང་གསལ་བར་བཟླས། འབྲུ་གསུམ་དང་འབྲུ་ལྔ་ཡང་བཟླས། འདུག་འབྲུ་བཞིས་མཚམས་གཅད། རྟག་ཏུ་ཧོམ་བྱ། ཚོགས་དང་མཆོད་པ་ཡང་བྱ། མང་པོ་མི་ནུས་པའི་དོན་ཏུ་ཧོམ་གང
273a5 བགྱི་ཡང་རུང་། དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོར་སྤྱི་ནི། རྡོ་རྗེ་སེམས་དཔའ་དྲག་པོ་ཡང་རྡོ་རྗེ། དབང་པད་མ་ཧེ་རུ་ཀ་།རྒྱས་པ་རཏྣ་ཧེ་རུ་ཀ་།ཞི་བ་བུདྡྷ་ཧེ་རུ་ཀ་།སྤྱན་དྲང་བ་ནི་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎཱི་ཀ་ཞེས་ཧོམ་གང་བྱེད་པའི་ལྷ་གཙོ་བོ་ནས
273a6 སྤྱན་དྲང་། མཆོད་པ་དང་ཨརྒ་དབུལ་བ་ནི་དྲག་པོའི་མགོར་ནི། སྔགས་རིལ་ཧཱུ~ཾ། ཞི་བ་ལ་མགོར་རིལ་ཨ~ཾ། བར་མ་རྣམས་ལ་ཡང་དེ་བཞིན་སྦྱར། སྤྱན་དྲང་བ་ནི་གང་མཛད་པའི་གཙོ་བོ་ནས་ཞི་ལ་ཤཱནྟི~ཾ་བསྣན། སྤྱི་ནི་ལ་སོ་སོ་རང་སྔགས
273a7 རྫོགས། དྲག་པོ་ལྷོ། དབང་ནུབ། རྒྱས་པ་བྱང་། ཞི་བ་ཤར། སྤྱི་གང་ཡང་རུང་གྲུ་གསུམ་དང་ཐོད་པ་ཁ་གདངས་སོ། །ཟླ་གམ་དང་། པད་མ་དང་། ཆགས་མེད་དོ། །ཕྱག་རྒྱ་རྣམ་པ་བདུན་ལ་ཕྱག་རྒྱ་ཆེན་པོ་དང་། ཆོས་ཉིད་ཀྱི
273a8 ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཐབས་དང་། ཤེས་རབ་ཀྱི་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྷག་པའི་ཏིང་ངེ་འཛིན་ཀྱི་ཕྱག་རྒྱའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཧོམ




iiif viewer powered by OpenSeadragon

272b - 273b

Texts on this page

J752 - gsang ba'i snying po de kho na nyid nges pa