e-texts navigator
Collection
Volume
Page
Wylie

244b1 འཁོར་འདི་རྣམས་ལ། །མིང་ཙམ་འཛིན་པར་བྱེད་པ་ཡིས། །ཞབས་ཀྱི་མཐིལ་དུ་བྲིས་ནས་ཀྱང་། །རང་གི་སྙིང་པོ་འདི་བརྗོད་ན། །དེ་ལ་བྲན་བཞིན་བདག་ཅག་བགྱིད། །གཙུག་ཏུ་བཞག་ནས་བཀུར་བ་དང་། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས
244b2 པར་བདག་ཅག་བསྒྲུབ། །དེ་ལ་གཟུགས་སྟོན་གདའ་བར་བགྱིད། །ོཾ་སིད་དྷ་དྷི་དྷི་དྷུ་ཧོ་སྭཱ་ཧཱ། རྒྱལ་པོ་མིག་མི་བཟང་དང་འཕགས་སྐྱེས་པོ། །འཁོར་ཚོགས་ཁྲི་ཕྲག་མང་པོ་ཡིས། །ལུས་དང་ངག་ཡིད་འབུལ་བ་ནི། །འཁོར་ཚོགས་ཁྲི་ཕྲག་བྱེ་བ་བརྒྱ། །
244b3 མེ་ཏོག་སིལ་མ་བཀྲམ་པ་དང་། །རྒྱན་མང་བྱུག་པ་བཅལ་བཀྲམ་པ། །སྡེ་དཔོན་ཉི་ཤུ་བྱེ་བ་རྣམས། །ཅི་ལེགས་པར་ནི་རབ་ཏུ་སྨྲ། །རིམ་པ་ཆེ་ཞིང་སྲི་ཞུ་གུས། །མཆོད་པར་བྱེད་ཅིང་ལུགས་མཆིས་པར། །བདག་གི་འཁོར་དང་བཅས་པ་ལགས། །རིན་ཆེན
244b4 བཅལ་དང་བཏུང་བ་དང་། །རོལ་མོ་གླུ་གར་སྙན་པས་བརྒྱན། །རིན་ཆེན་ཁང་བར་བདག་མཆིས་ཤིང་། །བཞོན་པ་དམག་མང་འཁོར་བར་མཆིས། །རིན་ཆེན་སྣོད་དུ་ཆང་འཐུང་བ། །གདུགས་ཀྱིས་རྒྱས་པར་སྟེང་ནས་གཡོགས། །གཟུགས་མཛེས་པ་ནི་གདའ
244b5 བར་བགྱིད། །རིན་ཆེན་མེ་ཏོག་ཕྱོགས་སུ་འཐོར། །རྒྱལ་པོའི་ཚོགས་མང་ཀུན་གྱིས་བསྐོར། །གནོད་སྦྱིན་སྲིན་པོའི་ཚོགས་རྣམས་དང་། །ཆུ་བདག་གཤིན་རྗེའི་འཁོར་མང་རྣམས། །དེ་བཞིན་གུས་པས་བདག་ཅག་བགྱིད། །དགྱེས་པའི་དཀྱིལ
244b6 འཁོར་ཆེན་པོ་འདི། །མིང་ཙམ་འཛིན་པར་བྱེད་པ་ཡིས། །ཞབས་ཀྱི་མཐིལ་དུ་བྲིས་ནས་ཀྱང་། །རང་གི་སྙིང་པོ་འདི་བརྗོད་ན། །དེ་ལ་བྲན་བཞིན་བདག་ཅག་བགྱིད། །གཙུག་ཏུ་བཞག་ནས་བཀུར་བ་དང་། །དེ་ཡི་དགོས་པ་ཅི་ཡང་རུང་། །
244b7 མ་ལུས་རྫོགས་པར་བདག་ཅག་བགྱིད། །དེ་ལ་གཟུགས་སྟོན་གདའ་བར་བགྱིད། །ོཾ་དྷ་ཀ་བྷི་དུ་བྷ་བི་ཤུ་པ་ཤེ་ཨོཾ་ཧཱུ~ཾ། ཞེས་མགྲིན་གཅིག་ཏུ་སྨྲས་པས། སྲིད་པ་ཇི་སྲིད་པ་རྣམས་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིས་འདུལ་བར་གྱུར་ནས
244b8 བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྐུ་དང་གསུང་དང་ཐུགས་ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་རྡོ་རྗེ་གསང་བའི་ཚིག་འདི་བྱུང་ངོ་། ། ཧོ། དེ་བཞིན་གཤེགས་པ་བསམ་ཡས་སྙིང་པོ་བསམ་ཡས་པར། །འབྲུ་གཏོར་བསྡུ་བ་ལས་ནི་འདས་བཞིན་བསྙག་དཀའ




iiif viewer powered by OpenSeadragon

244a - 245a

Texts on this page

J752 - gsang ba'i snying po de kho na nyid nges pa