| | e-texts navigator
|
240b1 རིགས་དང་འཐུན་པ་ཉིད་དུ་བསྒོམ། །བརྟན་པ་ཧཱ~ཾ་གྱི་འཕྲོ་འདུ་ལྟར། །རྣམ་ཤེས་བྱིན་བརླབས་ངང་དུ་བརྟགས། །གཞི་རྩ་མེད་པའི་སེམས་ཉིད་ལས། །སངས་རྒྱས་ལས་ཀྱི་སྤྲིན་ཚོགས་བསྒོམ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །འཕྲོ་འདུ
240b2 རིགས་དང་འཐུན་པར་ནི། །བསྒོམས་ནས་བཟླས་དང་མངོན་སུམ་ན། །སྒོ་མ་བཞི་ཡི་ཕྱག་རྒྱ་བཅིང་། །རྗེས་སུ་ཆགས་པའི་ཕྱག་རྒྱ་བཞིས། །རིགས་དང་འཐུན་པ་ཉིད་དུ་བསྒོམ། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི། །ལྷ་རྣམས་མངོན་དུ་སྣང་བ
240b3 དང་། །སྒོ་བ་སྒོ་མ་མང་པོ་དང་། །དུས་བཞིའི་ལྷ་མོ་མཆོག་དབབ་དང་། །ལྷ་དང་ཀླུ་ཡི་ཚོགས་བཅས་ལས། །མངོན་དུ་སྨྲ་བར་བྱ་བར་འཐུན། །རྒྱལ་སྲིད་དང་ནི་འཁོར་འཕྲོག་དང་། །བསྡུ་དང་དབང་དུ་བྱ་བ་དང་། །གསད་དང་བསྐྲད་པའི་ཚོགས
240b4 བཅས་དང་། །བདག་འགྲོ་མྱུར་དུ་ཕྱིན་པ་དང་། །ནོར་འདོད་པ་དང་ཅི་བྱ་བ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །དུས་མེད་པར་ནི་མཆོད་དང་ཕྲད་ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་བྱིན་བསྡུ་བའི་མཆོད་པ་ཆེན་པོར
240b5 གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བྱིན་བསྡུ་བ་དང་དམ་ཚིག་དབབ་པའི་སྒྱུ་འཕྲུལ་དྲ་བའི་ཐུགས་རྗེ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །། དེ་ནས་དགྱེས་པ་ཆེན་པོས་ལོངས་སྤྱོད་ཆེན་པོ་རྡོ་རྗེ་སྙིང
240b6 པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒྱུ་འཕྲུལ་ཆེན་པོའི་དམ་ཚིག་མཆོད་པའི་ལོངས་སྤྱོད་ཅེས་བྱ་བ་འདི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། །རབ་འབྲིང་ཐ་མའི་བློ་རྣམས་ཀྱིས། །
240b7 ངེས་པར་བསྒོམ་པར་བྱ་བ་ནི། །རྒྱལ་པོའི་ས་འཛིན་མཆོག་འདོད་པས། །གཟུགས་སུ་བྲི་འམ་རྟེན་བཅས་ལ། །སྤྱི་གཙུག་ཁ་དང་སྙིང་ག་མཚན། །གོམས་པར་ཛཿཉིད་མདོག་དམར་བསྒོམ། །དེ་གོམས་གསང་གནས་ཁོང་བསྡུས་ཏེ། །
240b8 རང་ལུས་མདོག་དམར་ངང་ཚུལ་འཛིན། །སྤྱི་གཙུག་ཁ་ངང་སྙིང་ག་མཚན། །འབྲུ་ལྔས་བྱིན་བརླབས་བ~ཾ་དུ་བརྟགས། །དེ་གོམས་གར་གྱི་དཀྱིལ་འཁོར་བསྒོམ། །ཛཿཞེས་རྒྱ་བཅིངས་དྲང་བྱ་ཞིང་། །གོམས་པར་གསང་ནས་ཞུགས་ཚུལ་དུ། །
iiif viewer powered by OpenSeadragon
240a - 241a