| | e-texts navigator
|
239a1 པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་དབྱིངས་ཀྱི་དབང་ཕྱུག་མ་ཆེན་མོ་དང་། སྤྱན་ཆེན་མོ་དང་། མཱ་མ་ཀཱི་ཆེན་མོ་དང་། གོས་དཀར་མོ་ཆེན་མོ་དང་། དམ་ཚིག་འཕགས་མ་སྒྲོལ་མ་ཆེན་པོའི་རང་བཞིན་ཉིད་དུ་ཀུན་དུ་སྣང
239a2 བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་དབབ་པའི་གསུང་གི་འཁོར་ལོ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་སྒྱུ་འཕྲུལ
239a3 ཆེན་པོའི་བྱིན་བསྡུ་བ་ཞེས་བྱ་བའི་དམ་ཚིག་ལ་སྙོམས་པར་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། །སྒེག་མོ་མཆོད་པ་སྦྱིན་བསྡུ་བ། །གཟུགས་སྟོན་དབབ་པར
239a4 བྱ་བ་ནི། །རིགས་དང་འཐུན་པའི་གཟུགས་བརྙན་ལ། །སྤྱི་གཙུག་ཁ་དང་སྙིང་ག་མཚན། །འབྲུ་ལྔས་བྱིན་བརླབས་ཡ་ཉིད་སྦྱིན། །དེ་ཉིད་པད་མའི་དཀྱིལ་འཁོར་ཡིན། །དེ་ཉིད་གོམས་ལས་གསང་མཚན་པ། །ཡ་ཡི་ཚོགས་ཀྱི་ལྷ
239a5 རྣམས་བསྒོམ། །དེ་ཉིད་ཧཱུ~ཾ་གི་ལྷ་རྣམས་དང་། །བདག་མེད་མཐའ་བྲལ་མི་དམིགས་ལས། །རང་གི་ངང་ཚུལ་དེ་བཟུང་ནས། །སངས་རྒྱས་རྡོ་རྗེ་ཙ་ན་ཀ་།ཤེས་རབ་ཡུམ་དང་ལྡན་པར་བསྒོམ། །དེ་ལས་རྡོ་རྗེར་བྱིན་བརླབས་ཏེ། །
239a6 པད་མ་གསང་ནས་འཛུལ་ཐབས་ཡིན། །སྤུབས་སུ་ཞུགས་ལ་དེ་ལུས་དགང་། །རྡོ་རྗེ་ཚོན་གྱིས་ཁེངས་པ་དང་། །སོ་སོའི་སྙིང་བོ་མིང་ཡང་འབོད། །དེ་གོམས་བློ་བདེ་གསལ་སྤྲོ་ཐིམ། །མིང་ཡང་སྙིང་པོ་བཅས་པས་དགུག
239a7 རྡོ་རྗེ་ལྷ་རྣམས་ཧཱུ~ཾ་དུ་བསྒོམ། །སྣོད་གནས་སྒེག་མོ་ཁེངས་གྱུར་པར། །ཡུམ་གྱི་ཚོགས་ཀྱང་གསལ་བར་གནས། །ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས། །རིགས་དང་འཐུན་པ་ཉིད་དུ་བསམ། །བརྟན་པ་ཧཱ་ཡི་འཕྲོ་འདུ
239a8 ལྟར། །རྣམ་ཤེས་བྱིན་བརླབས་ངང་དུ་བརྟགས། །གཞི་རྩ་མེད་པའི་སེམས་ཉིད་ལས། །སངས་རྒྱས་རྡོ་རྗེའི་སྤྲིན་ཚོགས་བསྒོམ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །འཕྲོ་འདུ་རིགས་དང་འཐུན་པར་ནི། །བསྒོམས
iiif viewer powered by OpenSeadragon
238b - 239b