| | e-texts navigator
|
218a1 ཉིད་ངེས་པ་ལས་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ། རྒྱན་བཀོད་པའི་ཏིང་ངེ་འཛིན་ལ
218a2 སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟེན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི
218a3 ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐོགས་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱས་ནི། །ཡིད་བཞིན་སྐུ་དང་བདུད་རྩིར་འགྲུབ། །ཱ་ལི་ཀཱ་ལིའྀ་ཕྱག
218a4 རྒྱ་ཡིས། །སྐུ་གསུང་མཆོག་གི་ཐུགས་ལྡན་པས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་པོའི
218a5 ཞིང་དུ་གྲགས། །མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱི། །ཁྱད་པར་ས་ལ་གནས་གྱུར་ཡིན། །ཕ་རོལ་ཕྱིན་པ་ཀུན་དུ་རྫོགས། །ཐབས་དང་ཤེས་རབ་མཆོག་གི་མཆོག་གྱུར་པའི། །སའི་ཁྱད་པར་བཅུ་དང་གསུམ། །
218a6 རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །མཁའ་དབྱིངས་དང་བའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམས་པར་འགྱུར། །དུས་བཞི་ཕྱོགས་བཅུ་གང་ནས
218a7 ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག་།དཀྱིལ་འཁོར་ཀུན་དུ་རབ་སྦྱོར་བས། །དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར། །ཆོ་ག་ལྷག
218a8 གམ་མ་ཚང་ན། །སྐྱོན་ཉིད་དག་སྟེ་ཉེས་པ་མེད་ཅེས་ཆེད་དུ་བརྗོད་པས་རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། །རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་སྟེ། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་། །
iiif viewer powered by OpenSeadragon
217b - 218b