| | e-texts navigator
|
217a1 གཟུགས་སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་མུ~ཾ་དུ་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །གོས་རྒྱན་བཟའ་བཏུང་གླུ་དང་ཚིག་།བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུ~ཾ་དུ་ཤེས
217a2 པས་རབ་སྤྱད་ན། །ངོ་མཚར་རྨད་དུ་བྱུང་བ་ཡི། །དཀྱིལ་འཁོར་མ་ལུས་མཉེས་པར་འགྱུར། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེ་བ་འམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་པའི། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི
217a3 པད་མའི་དཀྱིལ་འཁོར་དུ། །བདེ་བའི་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །གྲུབ་པའི་ཉི་ཟླ་སྙིང་པོ་དེ། །འགྲོ་དྲུག་དུས་གནས་དེ་དག་ཉིད། །མཆོད་པ་ཆེན་པོར་མཉེས་སྦྱར་ཞིང་། །
217a4 དཀྱིལ་འཁོར་རྡོ་རྗེ་རྩེ་ཡིས་བླང་། །མཁའ་འགྲོ་གསལ་བར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞིང་འགྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་དཀྱིལ་དུ་མཁས་པས་གཞག་།ང་རྒྱལ་ལག་གིས་འདུ་བྱེད
217a5 བསྒོམ། །ཧཱུ~ཾ་དུ་གྱུར་པས་རྣམ་པར་དག་།དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུར་འགྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏོར་རྣམ་པར་རྒྱལ་བ་བསྒོམ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མ་སྣང
217a6 བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །མཉམ་ཉིད་ལྷག་པའི་མཉམ་ཉིད་ཀྱིས། །དཀྱིལ་འཁོར་ཀུན་དུ་བཟང་པོའི་ཞིང་། །བྱེད་སྤྱོད་ཚོགས་ཆེན
217a7 གཉིས་གྱུར་ནས། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ལྔ་ཞིང་ལྔ་དང་སྦྱོར་བ་ཡི། །ཚོམ་བུ་ལྔ་ཡི་ལྷ་བཀོད་ལ། །
217a8 ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་རྣམ་པར་སྒོམ། །དེ་བཞིན་གཤེགས་དང་རྡོ་རྗེའི་རིགས། །པད་མོའི་རིགས་དང་སྐུ་གསུང་ཐུགས། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །རིགས་ཀྱི་རིགས་ཏེ
iiif viewer powered by OpenSeadragon
216b - 217b