e-texts navigator
Collection
Volume
Page
Wylie

211b1 དམ་པ་དེ། །སོར་ནི་བཞི་ཡི་ཚད་དུ་བྱ། །འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཡིས་རབ་མཉམས་ལ། །རིག་པས་ཐིག་ནི་གདབ་པར་བྱ། །ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩེ་བཞི་འཁོར་ལོ་མུ་ཁྱུད
211b2 བཅས། །གྲུ་ཆད་བཞི་དང་གྲུ་བཞི་ཡི། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། །ཙ་ན་འབྲུ་ཙམ་པད་མོ་གདན། །ཡུངས་འབྲུ་ཙམ་གྱི་ཡི་གེ་ལས། །ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །བཅོས་བུའི་རས་ནི་སྣ་ཚོགས
211b3 དང་། །རྒྱན་ཕྲེང་དུང་དང་བྲོ་བས་བསྐོར། །གླུ་ཚིག་བྲོ་གར་རོལ་མོ་ཡིས། །སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད། །ཡུམ་དང་འཇོ་མ་སེམས་མ་དང་། །ཇི་ལྟར་འདོད་པའི་ལས་བཞིན་མཆོད། །དབྱིབས་དང་ཁ་དོག་མཚན་ལྡན་པའི། །ཞལ་དུ་གྱུར
211b4 པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞི་མཆོད་པ་རབ་ཏུ་སྦྱིན། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཤིན་དུ་ཕྲ་བ་སྦྱངས་པ་ཡིས། །བསམ་ཡས་དག་ལ་དེ་བཞིན་བྱ། །རིགས་པས་དཔག་པ་ཙམ་དུའོ། །
211b5 མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡིས། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན
211b6 ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས།
211b7 དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པས་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ
211b8 འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམས་ཀྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །གསལ་ལྡན་མ་འམ་བྱིན་བརླབས་ལ། །སྟོང་གསུམ




iiif viewer powered by OpenSeadragon

211a - 212a

Texts on this page

J752 - gsang ba'i snying po de kho na nyid nges pa