e-texts navigator
Collection
Volume
Page
Wylie

204b1 ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམས་སྤྲོ་སྤྲོས་པ་མེད། །ཡེ་ནས་ཀུན་ཁྱབ་དཀྱིལ་འཁོར་བསམ་ཡས་ཞིང་གི་རྡུལ་སྙེད་དུ། །ཡེ་ནས་རྣམ་སྤྲོས་སྙིང་པོ་ཀུན་གནས་གནས་པ་མེད། །རྡོ་རྗེ་གསང་བའི་ཚིག་ཏུའོ། ། ཧོ་ཞེས
204b2 གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་བཞུགས་ནས་འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད
204b3 ཀྱང་། ཉིད་ལ་ཉིད་མཉེས་པར་མཆོད་ཅིང་། །ཀུན་དུ་བཟང་པོ་དགྱེས་ཏེ། ཕྱོགས་བཅུ་དུས་བཞི་མ་ལུས་པ་ཐམས་ཅད་ཀྱི་བཞུགས་གནས་ཐམས་ཅད་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། །ཚད་དཔག་ཏུ་མེད
204b4 པ་རྒྱས་པ། །མཐའ་དབུས་མེད་པར་ཁྱབ་ཅིང་འོད་ཟེར་སྒྲིབ་པ་མེད་པ་རང་བྱུང་བ་ལ་བཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཉིད་ཀྱི་དབྱིངས་ཉིད་འཕྲོ་བ་དཔག་ཚད་མེད། །ཀུན་ནས་དཀྱིལ་འཁོར་ཡོངས་སུ་མ་ཆད་པའི། །སྲིད་གསུམ
204b5 ཡང་དག་མཉམ་སྦྱོར་སྤྱོད་ཡུལ་ཏེ། །མཚན་འཛིན་འདས་པ་མཆོག་གི་རྒྱུ་ལས་བྱུང་། །དབང་སྒྱུར་ཤིན་དུ་རྣམ་པར་དག་པ་ཡི། །དེ་བཞིན་གཤེགས་པ་འོག་མིན་གནས་བཞུགས་ནས། །གཟུང་འཛིན་བྲལ་བའི་བླ་མེད་རྗེས་འདོད་དང་། །
204b6 འཇིག་རྟེན་འཁོར་གྱི་གཙོས་བཀུར་དབང་ཕྱུག་དང་། །གཞན་དང་འཇིག་རྟེན་ཕྱོགས་བཅུ་ཁམས་གནས་པ། །བདུད་རྩི་རོ་ཡིས་དགའ་བ་བདེ་ཆེན་འགྲུབ། །དུག་གསུམ་དྲི་བྲལ་བདུད་སྡེ་ཚར་བཅད་པའི། །འདས་དང་མ་བྱོན་དེ་བཞིན
204b7 ཉིད་དུ་སྦྱོར། །ཤེས་རབ་ཐབས་ལྡན་ངེས་པའི་དོན་ཕྱུང་བ། །རིག་པའི་ཐབས་ཆེན་དབང་སྒྱུར་ཉིད་དུ་བསྒོམ། །སྟོང་སྨོན་མཚན་མེད་རང་བཞིན་འོད་གསལ་བའི། །ཟག་མེད་བསོད་ནམས་ཚོགས་ཀྱིས་བརྒྱན་པར་འགྱུར། །བྷྲུ~ཾ།
204b8 རང་བྱུང་ཉི་ཟླ་པད་མ་རིན་ཆེན་རྒྱས་ལ་བཞུགས། །རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པ་ཡི། །མཉམ་རྫོགས་ཆེན་པོ་ལྷུན་ལ་རོལ་པ་མཛད། །བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད་གནས་པ། །དུས་བཞི་རྒྱལ་བ་ཀུན་དང་མཉམ




iiif viewer powered by OpenSeadragon

204a - 205a

Texts on this page

J752 - gsang ba'i snying po de kho na nyid nges pa