| | e-texts navigator
|
310b1 གྲུབ་པ་ཉི་ཟླའི་སྙིང་པོ་དེ། །རྣལ་འབྱོར་རྡོ་རྗེ་ཆེན་པོས་བླང་། །འགྲོ་དྲུག་སེམས་ཅན་བག་ཆགས་སྲེག་།ཞི་བའི་མཐའ་ལ་ཤི་བ་བསླང་། །ཕྱོགས་བཅུའི་རྣལ་འབྱོར་ཐུགས་དམ་བསྐུལ། །དེ་ལྟར་བྱ་བའི་དམ་ཚིག་ནི། །བསྒྲུབ
310b2 པ་ཡིན་པར་རྒྱལ་བས་གསུངས། །དེ་དག་དངོས་གྲུབ་ཐོབ་པའི་རྒྱུ། །རིག་པའི་དམ་ཚིག་བསྒོམས་པའི་ལམ། །སྔགས་ཀྱི་བདག་པོ་བདག་འགྲུབ་སྟེ། །གང་ཡིན་ལས་ལ་འཇུག་ནུས་པའི། །དམ་ཚིག་གྲུབ་པ་ཆེན་པོ་ཡིན། །
310b3 ཞེས་གསུངས་སོ། །འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་བསྙེན་བསྒྲུབ་རྣམ་བཞི་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག
310b4 པོ་དེས་འདོད་པ་ཐམས་ཅད་རབ་ཏུ་བསྒྲུབ་པའི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བསྒྲུབ་པའི་མཚན་ཉིད་ལས་དངོས་གྲུབ་ཀྱི་བྱེ་བྲག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས
310b5 ཕྱུང་ངོ་། །དེ་ལ་འདི་ནི་ཕྲ་མོའི་ཏིང་ངེ་འཛིན་ལ་བསྒྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཕྱིར། །རང་སེམས་ཤིན་ཏུ་སྦྱངས་པས་ན། །ཕྲ་མོའི་དངོས་གྲུབ་བསྒྲུབ་པ་གཅེས། །
310b6 རབ་ཏུ་དབེན་པའི་གནས་དག་ཏུ། །བདག་ཉིད་ནམ་མཁའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །རང་གི་ལྷར་ནི་རང་བསྒོམས་ནས། །ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམ། །རིན་ཆེན་རྒྱུ་ལས་གྲུབ་པ་ཡི། །བསྙན
310b7 མའི་དཀྱིལ་འཁོར་དེ་བཞིན་དུ། །སོ་སོའི་གསུང་གི་ཡིག་འབྲུ་རྣམས། །ཆེ་ཆུང་ཡུངས་དཀར་འབྲུ་ཚོད་ཙམ། །སྙིང་གའི་དཀྱིལ་དུ་གསལ་བ་ལས། །ཧཱུ~ཾ་གིས་ཁོང་དུ་དྲངས་ནས་ནི། །ཁོང་ནས་ཁ་རུ་བྱུང་བར་བསམ། །
310b8 ཧཱུ~ཾ་གི་དབུགས་ལ་ཞོན་ནས་སུ། །སྣ་ཡི་རྩེ་མོར་བྱུང་བ་དང་། །སྣ་རྩེ་ཉིད་དུ་གསལ་བར་བསྒོམ། །ཏིང་འཛིན་གསལ་བར་ཁུགས་པ་དང་། །སྣ་ཡི་རྩེ་ནས་ནམ་མཁའ་ལ། །ཇེ་རིང་ཇེ་རིང་ཕཊ་ཀྱིས་སྤྲོ། །རིང་དུ་སྤྲོ་བ་གོམས
iiif viewer powered by OpenSeadragon
310a - 311a