e-texts navigator
Collection
Volume
Page
Wylie

176b1 ཤྲཱི་གུ་ཧྱ་གརྦྷ་ཏ་ཏྭ་བི་ནི་ཤྩ་ཡ། བོད་སྐད་དུ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག
176b2 འཚལ་ལོ། །འདི་སྐད་བཤད་པའི་དུས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས
176b3 བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ
176b4 མི་དད་དབྱེར་མེད་པའི་རང་བཞིན་ཏེ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ
176b5 འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས
176b6 རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག
176b7 པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད




iiif viewer powered by OpenSeadragon

176a - 177a

Texts on this page

H796 - dpal gsang ba'i snying po de kho na nyid rnam par nges pa