e-texts navigator
Collection
Volume
Page
Wylie

100a1 ཤིང་ལ་བ་མོ་ཆགས་པ་ལྟར་སྐྱ་བ་དེ་ནང་ནུབ་ཤི་བར་དགའ་ན་ཤིར་མི་བཏུབ་ཅི་ལྟར་བྱ། དེ་ནས་ཆུ་སྣོད་ཐོགས་ནས། ཕྱིར་ཁྱིམ་དུ་འོངས་ཏེ། ཁྱིམ་ཐབ
100a2 ལ་འདི་སྐད་ཅེས་སྨྲས་སོ། །བདག་ཆུ་ཆུར་སོང་སོང་བ་ལས། ལམ་དུ་ཁྱོག་གཞོན་ནུ་དག་ཅིག་དང་ཕྲད་དེ། དེ་དག་བདག་ལ་ཅོ་འདྲི་ཞིང་བགད་ནས། ད་ཁྱོད་ཀྱིས་བཀོལ་བའི་བྲན
100a3 ཁོལ་ཡོད་ན། ཆུ་ཆུ་ཡང་མི་དགོས་ཏེ། གཞན་གྱིས་དཔྱས་པར་ཡང་མི་འགྱུར་རོ། །ཁྱིམ་ཐབ་ཀྱིས་སྨྲས་པ། བདག་ཅག་ནི་ཤིན་ཏུ་དབུལ་ཕོངས་པ་ཡིན་ན། བྲན་ཁོལ་ག་ལས
100a4 རྙེད་པར་འགྱུར། ཆུང་མས་སྨྲས་པ། གལ་ཏེ་བདག་གིས་ཕྱིར་བྲན་ཁོལ་མ་བཙལ་ན། བདག་ཀྱང་འགྲོ་སྟེ་ཁྱོད་དང་ལྷན་ཅིག་མི་གནས་སོ་ཞེས་ཆུང་མས། ཡང་འདི་སྐད་ཅེས
100a5 སྨྲས་སོ། །ཁོ་མོས་ཐོས་ན་རྒྱལ་བུ་དོན་གྲུབ་སྦྱིན་པ་མ་འོས་པར་བྱིན་པས། ཡབ་རྒྱལ་པོས་རི་དན་ཏིག་ཅེས་བྱ་བར་སྤངས་སོ། །རྒྱལ་བུ་དེ་ལ་བུ་ཁྱེའུ་གཅིག་དང་། བུ་མོ་གཅིག
100a6 ཡོད་ཅེས་གྲག་གི་ཁྱོད་དེ་སློང་དུ་སོང་ཞིག་། ཁྱིམ་ཐབ་ཀྱིས་སྨྲས་པ། རི་དན་ཏིག་ཅེས་བྱ་བ་འདི་ནས་དཔག་ཚད་དྲུག་སྟོང་ལྷག་ཙམ་གཅིག་གི་ལམ་སོ་ཡོད་ལ། སྔོན་ལ་ལུང
100a7 བགྲོད་ཀྱང་མ་མྱོང་ན། ད་ཅི་ལྟར་བགྲོད་པར་བྱ། ཆུང་མས་སྨྲས་པ། བདག་གི་ཕྱིར་བྲན་ཁོལ་མ་བཙལ་ན། བདག་འགེགས་ཏེ་འཆིའོ། །ཞེས་སྨྲས་པ་དང་། ཁྱིམ་ཐབ་ཀྱིས་སྨྲས




iiif viewer powered by OpenSeadragon

99b - 100b

Texts on this page

H359 - 'phags pa rgyal bu don grub kyi mdo