| e-texts navigator |
| Wylie |
213a1 འཇིགས་པ་སེང་གེའི་ཁྲི་དང་། སྟོབས་བླང་པོའི་ཁྲི་དང་། དབང་མེ་བྱའི་ཁྲི་དང་། ཐོགས་པ་མེད་པ་ན་མཁའི་ལྡིང་གི་ཁྲི་དང་། རང་བཞིན་གྱིས་རབ་ཏུ
213a2 འོད་གསལ་བའི་ཉི་ཟླའི་ཁྲི་དཀྱིལ་འཁོར་དང་།། གོས་པ་མེད་པ་པད་མ་རིན་པོ་ཆེའི་གདན་ལ། སྐུ་མདུན་རྒྱབ་ཀུན་ཏུ་ཞལ་རབ་ཏུ་གསལ་ཞིང་། མཚན་དང་དཔེ་བྱེད་ཀྱིས་རྣམ་པར
213a3 སྦས་པ། བསམ་གྱིས་མི་ཁྱབ་པ་ཀུན་ཏུ། སྐྲ་དང་གསུང་དང་ཐུགས་རྣམ་པ་སྣ་ཚོགས་འཇིག་རྟེན་དུ་རབ་ཏུ་གསལ་བ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཚུངས་པར་དཀྱིལ་དཀྲུང
213a4 དུ་བཅིངས་ནས་སྙོམ་པར་འཇུག་ཅིང་བཞུགས་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པ་དེ་དག་དང་ཐ་མི་ཐ་དད་པར་ཐབས
213a5 གཅིག་ཏུ་བཞུགས་པའི་སྐུ་དང་གསུང་དང་ཐུགས་བསམ་གྱི་མི་ཁྱབ་པའི་ཞལ་གསུམ་དང་ལྡན་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་ཆེན་པོའི་རིན་པོ་ཆེ་འབར་བའི་ཕྱག་རྒྱ་བཅིངས་པ།
213a6 འདི་ལྟ་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་།