| e-texts navigator |
| Wylie |
107a1 ཆོས་གསུཾ། པའི་དབང་དུ་བྱ་བའི་ཆོས་ཐོས་ཏེ། རྣམ་པར་མི་རྟོག་པ་ལི་གཞག་ནས་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཡོངས་སུ་སྤངས་ཏེ་དེ་ཐོག་མ་ཉིད་དུ་འདི
107a2 ལྟ་སྟེ་གཟུང་བའམ་འཛིན་པ་ཡང་རུང་། རང་བཞིན་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཡོངས་སུ་སྤོང་ངོ་།། དེ་ལ་གང་ཟག་པ་དང་བཅས་པའི་དངོས་པོའི་མཚན་མ་དེ་ནི་རང་།
107a3 བཞིན་པ་རྣམ་པར་རྟོག་པའི་མཚན་མའོ།། གང་ཟག་པ་དང་བཅས་པའི་དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། འདི་ལྟ་སྟེ། གཟུགས་ཉེ་བར་ལེན་པའི་ཕུང་པོ
107a4 དང་། ཚོར་བ་ཉེ་བར་ལེན་པའི་ཕུང་པོ་དང་། འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ།། ཇི་ལྟར་རང་བཞིན་ལ་རྣམ་པར་རྟོག་པའི
107a5 མཚན་དེ་དག་ཡོངས་སུ་སྤོངས་ཞེ་ན། སྣང་བར་གྱུར་ན་པའི་ཚུལ་གྱིས་མངོན་དུ་གྱུར་པ་དེ་དག་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ངོ་།། དེ་རང་བཞིན་ལ་རྣམ་པར་རྟོག་པའི་མཚན
107a6 མ་དེ་དག་རིམ་ཀྱིས་ཡོངས་སུ་སྤོང་བ་ན། དེ་མ་ཡིན་པ་གཞན་གཉེན་པོ་རྣམ་པར་རྟོག་པའི་མཚན་མ་རྣམས་སྣང་བར་འགྱུར་བའི་ཚུལ་གྱིས་ཀུན་དུ་འབྱུང་ཞིང་མངོན་དུ་འགྱུར་ཏེ།
107a7 འདི་ལྟ་སྟེ། སྦྱིན་པ་ལ་དཔྱོད་པ་རྣམ་པ་རྟོག་པའི་མཚན་མ་དང་། ཚུལ་ཁྲིམས་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། བཟོད་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན
107a8 མ་དང་། བརྩོན་འགྲུས་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། བསམ་གཏན་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། ཤེས་རབ་ལ་སྤྱོད་པ་རྣམ་པར་རྟོག་པའི