e-texts navigator
Collection
Volume
Page
Wylie

191b1 ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི
191b2 འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག་།སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ཤར་གྱི་ཕྱོགས་དེ་ནི། །བཟང་བ་ལགས་ཞེས་སྐྱེ་བོ་མཆི། །
191b3 ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་ཞེས་བགྱི་བ། །རྒྱབ་ཀྱི་ཤ་འཚལ་ཕྲ་མ་ཅན། །སྲོག་གཅོད་བགྱིད་པ་མ་རུངས་པ། །འཇུངས་ཤིང་མི་སྙན་སྨྲ་བགྱིད་པའི། །ཕྱོགས་དེ
191b4 མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གྲུལ་བུམ་བདག་པོ་རྒྱལ་པོ་སྟེ། །མིང་ནི་འཕགས་སྐྱེས་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གྲུལ་བུམ་རྣམས་ཀྱིས་ཡོངས་བསྐོར
191b5 ཅིང་། །གྲུལ་བུམ་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ནི་བཅུ་དང་གཅིག་།དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་དུ
191b6 གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང
191b7 རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་ཏམ་རྒྱལ




iiif viewer powered by OpenSeadragon

191a - 192a

Texts on this page

D1061 - mdo chen po kun tu rgyu ba dang kun tu rgyu ba ma yin pa dang mthun pa'i mdo zhes bya ba