| | e-texts navigator
|
60a1 ཅན་གསུམ་པོ་ཡང་། །སྟ་ན་ཆེན་པོའི་དབྱིངས་སུ་བསྟན། །ལིང་ག་པདྨར་བཅས་པ་ཡང་། །ག་ན་ཆེན་པོའི་དབྱིངས་སུ་སྦྱོར། །སྣང་སྲིད་ཁ་དོག་མང་པོ་ཡང་། །ག་ན་ཆེན་པོའི་ལམ་དུ་བསྟན། །རང་བཞིན་གསང་བའི་སྙིང་པོ་འདི། །རྟོགས་ནས
60a2 སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །རྟག་ཏུ་བྱང་ཆུབ་སེམས་ལ་གནས། །ཚེ་འདི་ཉིད་ཀྱིས་མངོན་སངས་རྒྱས། །ནོར་བུ་རིན་ཆེན་འབར་བ་ལྟར། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ། །ཅེས་གསུངས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ
60a3 བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ཏེ། མཉམ་པ་ཉིད་ཀྱི་དབྱིངས་ན་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྒྱུ་འཕྲུལ་བླ་མ་ཆེན་པོ་ལས་གདེང་ཆེན་པོའི་ལེའུ་སྟེ་བཅུ་གསུམ་པའོ།། །།
60a4 རྟོགས་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལུང་གི་སྤྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བླ་མ་ཆེན་པོའི་ལེའུ་ལས་ཐམས་ཅད་མ་ལུས་པར་འཕྲོས་པ་དེ་དག་གི་འབྲས་བུའི་མཆོག་རྫོགས་སོ།། །།
60a5 @#། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཀརྨ་ཙ་ཏུཤྩ་ཀྲ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས
60a6 ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགྱེས་པ་ཆེན་པོར་གྱུར་ཏེ། ཡུམ་ཆེན་མོ་དང་གཉིས་སུ་མེད་པའི་མཁའ་ལ་བཞུགས་པ་ལ་འདི་ལྟ་སྟེ། འཁོར་ཁྲོ་བོ་དང་། ཁྲོ་མོ་དང་། མ་མོ་དང་། མངག་གཞུག་དང་། འབངས་ལ་སོགས་པ་རྣམས
60a7 ཀྱིས། དེ་བཞིན་གཤེགས་པ་ཆེན་པོ་ལ་འདུད་པའི་ཚུལ་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བཙུན་མོ་དང་གཉིས་སུ་མེད་པར་གྱུར། སྐྱེ་འགག་དང་བྲལ་བའི་དོན་འདི་སྟོན་ཏོ། །ཡེ་ནས་མ་སྐྱེས་གཤིན་རྗེ་ཆེན་པོའི་ཚོགས། །རྣམ་དག
iiif viewer powered by OpenSeadragon
59b - 60b