e-texts navigator
Collection
Volume
Page
Wylie

253a1 དོན་ཡོད་པར་བྱ་བའི་ཕྱིར། །དམ་ཚིག་སུམ་བརྒྱ་བའི་རྩ་བ་མདོར་བསྡུས་ནས། །སྔགས་འཆང་རྣམས་ཀྱི་དོན་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །ལོག་རྟོགས་མི་བཟད་རྡུལ་ཕྲན་སྙེད། །རྟོག་འདུལ་གཉེན་པོ
253a2 བསམ་མི་ཁྱབ། །འདུལ་བ་སྡོམ་པ་བསམ་ཡས་དང་། །རྡོ་རྗེ་ཐེག་མཆོག་མང་པོ་ཀུན། །ཉིད་ལས་གཡོས་ཤིང་སྤྲོས་མེད་ཀྱང་། །རང་རིག་འཁྲུལ་པའི་རྟོག་པ་ཡིས། །ལྟ་བ་མཐོ་དམན་བསམ་མི་ཁྱབ། །དེ་འདུལ་དོན་ཕྱིར་འཚམ་པར་བསྟན། །ཡང་དག་ཉིད་དང
253a3 ལོག་རྟོགས་གཉིས། །ངོ་བོ་ཉིད་ཀྱིས་གནས་གྱུར་ནས། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཡེ་ནས་ངོ་བོ་ཉིད་མེད་ན། །ཉོན་མོངས་སྤངས་ཤིང་དོན་བསྒྲུབ་མེད། །ཐམས་ཅད་མ་ལུས་རོ་གཅིག་འགྱུར། །ཀུན་རྫོབ་ཆུ་ཟླ་ལྟར་ཡིན་པས། །ཅིར་ཡང་འགྱུར་ཞིང་ཅིར་ཡང
253a4 འགྲུབ། །རྣལ་འབྱོར་དེ་ཉིད་རྟོགས་པ་ཡིས། །དོན་དམ་སྐྱེ་འགག་མེད་པ་སྟེ། །ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ། །ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་སུམ་བརྒྱ་དྲུག་ཅུ་པའི་རྩ་བ་བཅོ་ལྔ་པ་མདོར་བཤད་པའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།དེ
253a5 ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས། ཐུགས་རྡོ་རྗེ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ནམ་མཁའི་མཁའ་དཀྱིལ་དང་བ་ཡི། །ཡིད་བཞིན་སྤྲིན་ཚོགས་རྣམ་པ་འབྱུང་། །སྣ་ཚོགས་འབྱུང་ཞིང་འོད་འཕྲོ
253a6 འབར། །ར~ཾ། སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཧ~ཾ། དབང་པོ་དང་བའི་དཀྱིལ་འཁོར་དུ། །སྤྱོད་ཡུལ་རྫས་རྣམས་བསྡུས་ནས་ནི། །ལྷན་ནེ་ལྷང་ངེར་འོད་དུ་ཞི། །། ཞི་འགྱུར་དབྱིངས་ནས་ཕྱག་རྒྱ་འབར། །ཐུགས་རྗེ་བྱིན་བརླབས
253a7 རྨད་པོ་ཆེ། །ཧཱུ~ཾ། འགྲོ་བ་སྣ་ཚོགས་དོན་བྱེད་པ། །འདི་ནི་བྱང་ཆུབ་མཆོག་ཏུ་གསུངས། །ཧོ། བཞི་པོ་འཇོམས་ཤིང་ངན་སོང་སྦྱོང་། །ཏྲཱཾ་ཏ། སྨན་བཅུད་ལེན་གྱིས་དུག་སྦྱོང་བཞིན། །ཕྱི་དང་ནང་གི་དྲི་མ་དག་།བདག་མེད་གཉིས་ཀྱིས་དག་པར་བྱེད། །ཧྲི། གསལ་ཞིང




iiif viewer powered by OpenSeadragon

252b - 253b

Texts on this page

D834 - gsang ba'i snying po de kho na nyid nges pa