| | e-texts navigator
|
17b1 བདེ་བ་དང་སྡུག་བསྔལ་གྱི་ཀླུང་དང་འདྲའོ། །འཁྲུག་པར་འགྱུར་བས་རྒྱ་མཚོ་དང་འདྲའོ། །སྐར་མ་དང་འདྲའོ། །སེམས་ཅན་རྣམས་ནི་འདུ་བྱེད་འདི་དག་སྐྱེ་བར་མི་སེམས། མི་མཐོང་། མི་ཤེས། མི་མཇལ་གྱི། དེ་བཞིན་གཤེགས་པ་ཉིད་ཀྱིས་གཟིགས་སོ། །དེ་བཞིན
17b2 གཤེགས་པ་ཉིད་ཀྱིས་མཇལ་ལོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །འདུ་བྱེད་ཐམས་ཅད་ནི་སྟོང་པ་ཉིད་དུ་མཚན་ཉིད་གཅིག་པར་མཁྱེན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན
17b3 ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་མཚན་ཉིད་འདི་དག་མཐོང་ཞིང་མཚན་འདི་ཉིད་ཤེས་ཏེ། སྤྱོད་པའི
17b4 བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །མཚན་ཉིད་འདི་ཉིད་ཤེས་པ་ནི་བྱང་ཆུབ་སེམས་དཔའ
17b5 ཞེས་བྱ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ
17b6 སྡེ་འདི་མཚན་ཉིད་གང་གིས་ན་ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས
17b7 པའི་ལས་རྣམས་མདོ་སྡེ་འདིས་བྱེད་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །མདོ་སྡེ་འདི་ཡོངས་སུ་ནུབ་པའི་ཚེ། དེ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་ནུབ་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས
iiif viewer powered by OpenSeadragon
17a - 18a