e-texts navigator
Collection
Volume
Page
Wylie

191b1 དྷ་རི་སྭཱ་ཧཱ། ཕྱག་རྒྱ་འདི་ནི་མིང་མེད་བརྐྱང་བའི་ཕྱག་རྒྱ་ཡིན་ཏེ། སྔགས་ནི། ཨོཾ་བ་སུ་དྷ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། ཕྱག་རྒྱ་འདི་ཉིད་ལ་མཐེབ་ཆུང་གི་སེན་མོ་མཐེབ་ཆེན་གྱིས་བཀབ་སྟེ། སོར་མོ་གཞན་རྣམས་ནི་རྡོ་རྗེའི་མཚན་ཉིད་དུ་བྱས་པ་ནི་མར་མེའི་ཕྱག་རྒྱ་སྟེ། སྔགས་ནི།
191b2 ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། སེན་མོ་གན་རྐྱལ་དུ་བྱས་ལ་མཐེ་བོང་གཉིས་ལོགས་སུ་སྦྱར་བ་ནི་གཏོར་མའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་བ་སུདྷཱ་རི་ཎི་སྭཱ་ཧཱ། ལྷག་མ་ཉེ་བར་སྤྱོད་པ་ཉི་ཤུ་རྩ་བའི་སྔགས་ཀྱི་ཐུན་མོང་གི་ཕྱག་རྒྱའམ། སྔགས་ཀྱིས་བསྒྲུབ་པར་བྱའོ། །བཅོམ་ལྡན་འདས
191b3 མའི་ཐང་ཀའི་ཆོ་ག་ནི་ཉམས་པ་མེད་ཅིང་། སྐྲའི་ཉམས་པ་མེད་པ་སྐུད་པ་མ་ཆད་པའི་རས་ཞེང་དུ་མཐོ་གང་གི་ཚད་ཉིད་ལ་རིང་དུ་མཐོ་དོ་བྱས་ཏེ་སྟེང་དུ་བཅོམ་ལྡན་འདས་བྲི། གཡས་སུ་འཕགས་པ་སྤྱན་རས་གཟིགས་བྱ། གཡོན་དུ་རྡོ་རྗེ་འཆང་བྱ། བཅོམ་ལྡན་འདས་ཀྱི
191b4 འོག་ཐང་ཀའི་དབུས་སུ་བཅོམ་ལྡན་འདས་མ་བྲི་སྟེ། གསེར་གྱི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོས་སྲབ་མོའི་ཤམ་ཀག་མནབས་པ། དེ་བཞིན་དུ་གོས་སྲབ་མོའི་སྟོད་གཡོགས་ཅན་ཁ་དོག་སྣ་ཚོགས་ཀྱི་གོས་ཀྱི་ཤམ་ཐབས་དང་ལྡན་པའོ། །དེ་ནས
191b5 འོག་ཕྱོགས་སུ་སྒྲུབ་པ་པོ་ལག་ན་མཆོད་པའི་ཆོ་ག་བྱའོ། །དེ་ནས་སྒྲུབ་པ་པོས་གཙང་སྦྲ་བྱས་གོས་གཙང་མ་གྱོན་ཏེ། གསོ་སྦྱོང་ཡན་ལག་བརྒྱད་བྱའོ། །དེའི་མདུན་དུ་བསྙེན་པ་འབུམ་ཕྲག་གཅིག་བྱས་ལ་ཇི་ལྟར་འབྱོར་པས་མཆོད་པས་ཆོ་ག་བྱའོ། །དེ་ནས་སྒྲུབ་པོ་དང་ལྡན
191b6 པས་སྨྱུང་བ་བྱས་ཏེ། ཞིང་གི་དབུས་སུ་ཐང་སྐུ་བཞུགས་སུ་གསོལ་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་དང་། ཉེ་བར་ལོངས་སྤྱོད་པའི་གཏོར་མ་བྱས་ལ་བརྒྱད་བརྒྱ་བཟླས་པར་བྱའོ། །ཐང་ཀའི་འོག་ཏུ་ལན་བརྒྱ་རྩ་གཅིག་གིས་བསྔགས་བྱས་པའི་བུམ་པ་ཆུས་ཡོངས་སུ་གང་བ
191b7 གཞག་པར་བྱའོ། །བུམ་པའི་ཆུས་གཏོར་མ་བཏང་ཞིང་། གླང་བུ་དང་ཐོང་འཛིན་གཉིས་ལ་གཏོར་བར་བྱའོ། །གླང་བུའི་མགུལ་པ་དང་། ཐོང་འཛིན་གྱི་མགུལ་བར་མེ་ཏོག་གི་ཕྲེང་བ་གདགས་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་སྔགས་པས་ཆུ་ཡི་རྒྱུན་ཞིང་ལ་ལན་གཡས




iiif viewer powered by OpenSeadragon

191a - 192a

Texts on this page

D664 - bcom ldan 'das ma nor rgyun ma'i gzungs kyi rtog pa