| | e-texts navigator
|
151a1 བདེ་བ་ཆེན་པོ་སྟེ། །ས་ཡང་མ་ཡིན་ཆུ་མིན་ཏེ། །མེ་མིན་རླུང་མིན་ནམ་མཁའ་མིན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །བསྐྱེད་པ་ཡང་ནི་རབ་གནས་ནས། །དངོས་པོ་ཐམས་ཅད་དངོས་མེད་བཤད། །དངོས་པོ་མེད་ཅེས་མ་བསྒྲགས་པ། །རྣལ
151a2 འབྱོར་སྦྱོར་བ་དང་འབྲེལ་ཕྱིར། །ཆད་པ་མ་ཡིན་རྟག་པ་མིན། །ཡན་ལག་མེད་ཅིང་ཁ་དོག་མེད། །ཐོག་མ་བར་དང་མཐའ་སྤངས་པ། །དངོས་པོ་ཐམས་ཅད་མེད་པར་འགྱུར། །མཆོག་ཏུ་དགའ་བའི་མཚན་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཙརྩི་ཀཱ་ཆེན་པོ་ལ་སོགས་པས
151a3 ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ། །བསོད་ནམས་སྡིག་པ་དག་དང་མ་འབྲེལ་བས། །མཆོག་ཏུ་དགའ་བ་དྲི་མེད་དག་པའི་མགོན། །དེ་བཞིན་ཉིད་ཀྱི་གཏེར་ཆེན་གཅིག་པུ་དང་། །ཀུན་ཀྱང་སྙིང་རྗེའི་སེམས་ཀྱིས་མགོན་འདི་ཡོད། །ཆོས་རྣམས་ངོ་བོ་བདེ་བ་ཆེན་པོའི
151a4 དངོས། །མཆོག་ཏུ་དགའ་བ་འདི་ཡི་ངོ་བོ་ཉིད། །དེ་ལ་གཟུགས་མེད་བསོད་ནམས་མེད་ཅིང་སྡིག་པ་མེད། །སྐྱེ་བ་དང་ནི་འགག་པ་དག་ནི་ཡོད་མ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་བྱང་ཆུབ་ཀྱི་སེམས
151a5 ཀྱི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ། ། །།དེ་ནས་གཏམ་རྒྱུད་བཤད་པར་བྱ་སྟེ། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་བྱང་ཆུབ་ཀྱི་བར་དུ་གཅོད་པའི་ཕྱིར་ཤིན་ཏུ་འཇིགས་སུ་རུང་བའི་འཇིགས་པ་ཆེན་པོ་སྟོན་ཅིང་། བདུད་ཀྱི
151a6 དཔུང་ཆེན་པོ་ལྷགས་ཏེ། །དེའི་དུས་ན་བདུད་ཆེན་པོ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་གཤིན་རྗེའི་གཤེད་ཀྱི་ཁྲོ་བོ་ངེས་པར་ཕྱུང་སྟེ། ངེས་པར་ཕྱུང་ནས་ཀྱང་ལག་ན་རྡོ་རྗེ་ཐུབ་པ་ཆེན
151a7 པོའི་བཀའ་བཞིན་བྱེད་པ་ལ། ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུའི་གཤིན་རྗེའི་གཤེད་ཀྱི་ཁྲོ་བོའི་གཟུགས་སུ་བསྒྱུར་ཏེ། བདུད་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ལྷ་རྣམས་ཀྱང་ཆོམས་ཤིག་།ཆིངས་ཤིག་།རྟོགས་ཤིག་ཅེས་གསུངས་སོ། །དེའི་དུས་ན
iiif viewer powered by OpenSeadragon
150b - 151b