| | e-texts navigator
|
149b1 ནས་བདེ་བའི་འདོད་ཡིད་ཀྱིས། །དམར་པོའི་གོས་ཀྱིས་ཡོངས་དཀྲིས་ཏེ། །རྐང་པའི་དྲུང་དུ་ལྷུང་བར་འགྱུར། །དེར་ནི་སྔགས་ཀྱང་བཟླས་པར་བྱ། །ཡི་གེ་ཨོཾ་ནི་རིང་པོར་དྲང་། །ཡི་གེ་སྭཱ་ཧཱ་མཐའ་མར་སྦྱིན། །ཡི་གེ་སི་ཏིའི་སྔགས་བཟླས་བྱ། །ཆེ་གེ་མོ་ཞིག་བདག་དབང
149b2 འགྱུར། །ཐམས་ཅད་དུ་ནི་བསྒོམས་བྱས་ན། །ནག་པོའི་ཚིག་ནི་ཇི་བཞིན་གྱིས། །རྣལ་འབྱོར་འདོད་པས་དེ་འཐོབ་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་ལུས་མེད་རྡོ་རྗེའི་སྒྲུབ་ཐབས་རིམ་པར་ཕྱེ་བ་སྟེ་ལྔ་པའོ།། །།
149b3 ཧེ་རུ་ཀ་ཆེན་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་པར་བྱ། །རྣལ་འབྱོར་འཁོར་བར་བཅིངས་པ་ལ། །གང་ཞིག་ཤེས་པས་མྱུར་གྲོལ་བ། །ཕྱག་གཉིས་པ་ལ་ཞལ་གཅིག་སྟེ། །ཁ་དོག་སྔོན་པོ་ཕྱེད་གར་ཅན། །རྡོ་རྗེ་ཕྱག་ཏུ་བསྒོམ་པར་བྱ། །གཞན་ཡང་ཐོད་པ་བསྒོམ
149b4 པར་བྱ། །སྤྱན་གསུམ་སྐྲ་ནི་གྱེན་དུ་འགྲེང་། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཁ་ཊྭཱ~ཾ་ག་ནི་གཡོན་ཕྱོགས་སུ། །ཕྲེང་བ་དག་གིས་རྐང་པ་བརྒྱན། །ས་བོན་ཧཱུ~ཾ་ལས་ཡང་དག་བྱུང་། །ལ་གནས་རྟག་ཏུ་དགོད། །སངས་རྒྱས་ལྔ་རུ་རབ་སྦྱོར་བ། །ཐོད་པ་ལྔ་ནི
149b5 དབུ་ལའོ། །ཅོད་པན་ལ་ནི་མི་བསྐྱོད་བསྒོམ། །ཧེ་རུ་ཀར་གྲགས་བསྒོམ་པར་བྱ། །ཤར་དུ་ཆོས་ཀྱི་འཁོར་ལོ་མ། །སངས་རྒྱས་བྱང་ཆུབ་ལྷོ་རུའོ། །འདོད་པ་ཀུན་གྱི་འཁྲིས་མ་ནུབ། །བྱང་དུ་ཧེ་རུ་ཀ་ཉིད་འདྲ། །རྒྱན་ཀུན་གྱིས་ནི་རྣམ་བརྒྱན་པའི། །ཁ་དོག་སྣ་ཚོགས
149b6 རྣམ་པར་དགོད། །གཟུགས་མཛེས་ལ་བཞུགས་པ། །གཏི་མུག་ཐམས་ཅད་ཉེར་འཇོམས་བྱེད། །ཆོས་འཁོར་ཨ་ཤྭཏྠའི་དབྱུག་པ། །དེ་བཞིན་ཡིད་བཞིན་ནོར་བུའི་ཤིང་། །ལྷ་མོ་རྣམས་ཀྱི་ཕྱག་གཡས་སུ། །རྡོ་རྗེ་ཡང་ནི་བསྒོམ་པར་བྱ། །ཆོས་ཀྱི་འཁོར་ལོ
149b7 ཐམས་ཅད་ལ། །ཐོད་པའི་སྣོད་ནི་གཡོན་པ་ལ། །སྤྱན་མ་མཱ་མ་ཀཱི་སྒྲོལ་མ། །གོས་དཀར་ཡིད་དུ་འོང་བ་རྣམས། །མེ་ལ་སོགས་པའི་མཚམས་བཞི་རུ། །འཁོར་ལོ་ཕྱི་རོལ་གཤིན་གཤེད་དོ། །ཤེས་རབ་མཐར་བྱེད་རྟ་མགྲིན་དང་། །འཁྱིལ་བར་བཅས་པ་བསྒོམ
iiif viewer powered by OpenSeadragon
149a - 150a