e-texts navigator
Collection
Volume
Page
Wylie

144a1 གཤེད་གཟུགས་སུ། །བཅོམ་ལྡན་གཤིན་རྗེའི་དབང་དུ་མཛད། །ཞེ་སྡང་ཐམས་ཅད་ཟད་པར་བྱེད། །གཏི་མུག་གིས་མནན་འགྲོ་མཐོང་ནས། །གཏི་མུག་གཤིན་རྗེའི་གཤེད་གཟུགས་སུ། །བཅོམ་ལྡན་གཤིན་རྗེའི་དབང་མཛད་ནས། །གཏི་མུག་ཐམས་ཅད་ཟད་པར་མཛད། །
144a2 འགྲོ་བ་ཕྲ་མས་མནན་མཐོང་ནས། །ཕྲ་མ་གཤིན་རྗེའི་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེ་ཅན་གྱིས་མཛད། །ཕྲ་མ་ཐམས་ཅད་ཟད་པར་མཛད། །འདོད་ཆགས་ཀྱིས་མནན་འགྲོ་མཐོང་ནས། །འདོད་ཆགས་གཤིན་རྗེའི་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེ་ཅན
144a3 མཛད་ནས། །འདོད་ཆགས་ཐམས་ཅད་ཟད་པར་མཛད། །ཕྲག་དོག་གིས་མནན་འགྲོ་མཐོང་ནས། །ཕྲག་དོག་གཤིན་རྗེའི་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེ་ཅན་མཛད་ནས། །ཕྲག་དོག་ཐམས་ཅད་ཟད་པར་མཛད། །བྱམས་པ་ཙརྩི་ཀཱར་གསུངས་ཏེ། །སྙིང་རྗེ་དེ
144a4 བཞིན་ཕག་མོའོ། །དབྱངས་ཅན་མ་ནི་དགའ་བ་སྟེ། །བཏང་སྙོམས་གཽ་རཱིའི་གཟུགས་སོ། །བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །རྫོགས་པར་བྱས་ནས་དཀྱིལ་འཁོར་གྱི། །རྣལ་འབྱོར་སྙིང་གའི་ས་བོན་སྤྲོ། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །དེ་ནས་ད་ནི་བཤད་བྱ་བ། །སྤྱོད
144a5 པ་ཡི་ནི་མཚན་ཉིད་མཆོག་། གཤིན་རྗེའི་གཤེད་པོ་འཇིགས་གཟུགས་ཀྱིས། །སྐུ་དང་གསུང་དང་ཐུགས་སུ་འགྲུབ། །དགོན་པ་ཆེན་པོའི་ས་ཕྱོགས་སུ། །མ་ཧེ་མཆོག་ནི་བཀུག་ལ་ཞོན། །སྦྲུལ་དག་གིས་ནི་བརྒྱན་པར་བྱ། །ལྕགས་ཀྱི་རྡོ་རྗེ་གཟུགས་པར་བྱ། །སྐྲ་ཡང་སེར་པོ་དག
144a6 ཏུ་བྱ། །གྱེན་བརྫེས་པ་ཡི་ཁྱད་པར་གྱིས། །མགོ་ལ་ཐོད་པས་ཡང་དག་བསྐོར། །སྨ་ར་ལྐོག་སྤུ་སེར་པོར་བྱ། །ཧྲཱིཿཥྚྲཱིཿལ་སོགས་སྔགས་བརྗོད་ཅིང་། །ལྕགས་ཀྱི་རྡོ་རྗེ་མཁའ་ལ་གསོར། །རྡོ་རྗེ་གཤིན་རྗེའི་གཤེད་སྦྱོར་བས། །སེང་གེའི་སྒྲ་ཡང་དེ་ལ་བྱ། །ནུས་པ་ཅུང་ཟད་སྐྱེས་པ་ན། །
144a7 རོལ་ཅིང་གྲོང་དུ་འཇུག་པར་བྱ། །གར་དང་བདེ་བའི་ཆ་ཀུན་གྱིས། །དྲུག་ལས་སྐྱེད་སོགས་གླུ་བླང་བྱ། །དེ་ནས་རྒྱལ་མཚན་ཁྱམས་མཐོང་ན། །དེར་ནི་འོ་མ་རབ་བསྒྲུབ་བྱ། །འོ་མ་ལ་སེམས་གཅིག་གོམས་པས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཕག་མོ་ཡི་ནི་གཟུགས་བཟུང་བའི། །




iiif viewer powered by OpenSeadragon

143b - 144b

Texts on this page

D467 - de bzhin gshegs pa thams cad kyi sku gsung thugs gshin rje gshed nag po zhes bya ba'i rgyud