CLOSE WINDOW

D4059: ཕུང་པོ་ལྔའི་རབ་ཏུ་བྱེད་པ
Wyliee-texts based on the ACIP/ALL Input

པཎྜི་ཏ་ཆེན་པོ་ཤཱན་ཏི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་གཏན་ལ་ཕབ་སྟེ་ལེགས་པར་བསྒྱུར་བའོ།།[#་@#། །རྒྱ་གར་སྐད་དུ། པཉྩ་སྐནྡྷ་པྲ་ཀ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོའི་བཞི་དག་རྒྱུར་བྱས་པའོ། །འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །དེ་ལ་སའི་ཁམས་གང་ཞེ་ན། སྲ་བ་ཉིད་དོ། །ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ། །མེའི་ཁམས་གང་ཞེ་ན། ཚ་བ་ཉིད་དོ། །རླུང་གི་ཁམས་གང་ཞེ་ན། །ཡང་ཞིང་གཡོ་བ་ཉིད་དོ། །རྒྱུར་བྱས་པའི་གཟུགས་གང་ཞེ་ན། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་བོ་དང་། ལུས་ཀྱི་དབང་པོ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཕྱོགས་གཅིག་དང་། རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་ལ་མིག་གི་དབང་པོ་གང་ཞེ་ན། ཡུལ་ཁ་དོག་གཟུགས་དང་བའོ། །རྣ་བའི་དབང་པོ་གང་ཞེ་ན། ཡུལ་སྒྲ་གཟུགས་དང་བའོ། །སྣའི་དབང་པོ་གང་ཞེ་ན། ཡུལ་དྲི་གཟུགས་དང་བའོ། །ལྕེའི་དབང་པོ་གང་ཞེ་ན། ཡུལ་རོ་གཟུགས་དང་བའོ། །ལུས་ཀྱི་དབང་པོ་གང་ཞེ་ན། ཡུལ་རེག་བྱ་གཟུགས་དང་བའོ། །གཟུགས་གང་ཞེ་ན། མིག་གི་ཡུལ་ཏེ། ཁ་དོག་དང་། དབྱིབས་དང་། རྣམ་པར་རིག་བྱེད་དོ། སྒྲ་གང་ཞེ་ན། རྣ་བའི་ཡུལ་ཏེ། ཟིན་པ་དང་མ་ཟིན་པ་དང་གཉི་གའི་སྟེ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའོ། །དྲི་གང་ཞེ་ན། སྣའི་ཡུལ་ཏེ། དྲི་ཞིམ་པ་དང་། དྲིང་བ་དང་། དེ་ལས་གཞན་པའོ། །རོ་གང་ཞེ་ན། ལྕེའི་ཡུལ་ཏེ། མངར་བ་དང་། སྒྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། བསྐ་བ་ཞེས་བྱའོ། །རེག་བྱའི་ཕྱོགས་གཅིག་གང་ཞེ་ན། ལུས་ཀྱི་ཡུལ་ཏེ། འབྱུང་བ་ཆེན་པོ་རྣམས་བཞག་སྟེ། འཇམ་པ་ཉིད་དང་། རྩུབ་པ་ཉིད་དང་། ལྕི་བ་ཉིད་དང་། ཡང་བ་ཉིད་དང་། གྲང་བ་ཉིད་དང་། བཀྲེས་པ་ཉིད་དང་། སྐམ་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། རྣམ་པར་རིག་བྱེད་དང་། ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་ཏེ། བསྟན་དུ་མེད་ལ་ཐོགས་པ་མེད་པའོ། །ཚོར་བ་གང་ཞེ་ན། མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་སྟེ་། བདེ་བ་དེ་གང་འགགས་ན་ཕྲད་པར་འདོད་པའོ། །སྡུག་བསྔལ་ནི་གང་བྱུང་ན་བྲལ་བར་འདོད་པའོ། །བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ནི་གང་བྱུང་ན་གཉིས་ཀར་འདོད་པར་མི་འགྱུར་བའོ། །འདུ་ཤེས་གང་ཞེ་ན། ཡུལ་ལ་མཚན་མར་འཛིན་པའོ། །དེ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། རྒྱ་ཆེན་པོར་གྱུར་པ་དང་། ཚད་མེད་པའོ། །འདུ་བྱེད་རྣམས་གང་ཞེ་ན། ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་དང་། སེམས་དང་ལྡན་པ་མ་ཡིན་པ་རྣམས་སོ། །དེ་ལ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་གང་ཞེ་ན། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པའི་དགེ་བའི་རྩ་བ་དང་། ཞེ་སྡང་མེད་པའི་དགེ་བའི་རྩ་བ་དང་། གཏི་མུག་མེད་པའི་དགེ་བའི་རྩ་བ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་བ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེངས་པ་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པའོ། དེ་རྣམས་ལས་ལྔ་ནི་ཀུན་ཏུ་འགྲོ་བའོ། །ལྔ་ནི་ཡུལ་སོ་སོར་ངེས་པའོ། །བཅུ་གཅིག་ནི་དགེ་བའོ། །དྲུག་ནི་ཉོན་མོངས་པའོ། །ལྷག་མ་རྣམས་ནི་ཉེ་བའི་ཉོན་མོངས་པའོ། །བཞི་ནི་གཞན་དུ་ཡང་འགྱུར་བའོ། །རེག་པ་གང་ཞེ་ན། གསུམ་འདུས་ནས་ཡོངས་སུ་གཅོད་པའོ། །ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་འཇུག་པའོ། །སེམས་པ་གང་ཞེ་ན། ཡོན་ཏན་དང་། ཉེས་པ་དང་། གཉི་ག་མ་ཡིན་པ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ། ། འདུན་པ་གང་ཞེ་ན། བསམ་པའི་དངོས་པོ་ལ་འདོད་པའོ། །མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་དེ་བཞིན་དུ་ངེས་པར་འཛིན་པའོ། །དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ཉིད་མ་བརྗེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ། །ཏིང་ངེ་འཛིན་གང་ཞེ་ན། བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །ཤེས་རབ་གང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་། གཞན་པའོ། །དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་། སེམས་དང་བའོ། །ངོ་ཚ་ཤེས་པ་གང་ཞེ་ན། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ་། ཁ་ན་མ་ཐོ་བས་འཛེམ་པའོ། །ཁྲེལ་ཡོད་བ་གང་ཞེ་ན། འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པའོ། །མ་ཆགས་པ་གང་ཞེ་ན། ཆགས་པའི་གཉེན་པོ་སྟེ། ཡིད་བྱུང་ཞིང་མི་ལེན་པའོ། །ཞེ་སྡང་མེད་པ་གང་ཞེ་ན། ཞེ་སྡང་གི་གཉེན་པོ་སྟེ་བྱམས་པའོ། །གཏི་མུག་མེད་པ་གང་ཞེ་ན། གཏི་མུག་གི་གཉེན་པོ་སྟེ་། ཡང་དག་པ་ལ་ཡང་དག་པར་རྟོགས་པའོ། །བརྩོན་འགྲུས་གང་ཞེ་ན། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཤིན་དུ་སྦྱངས་པ་གང་ཞེ་ན། གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་རུང་བ་ཉིད་དོ། །བག་ཡོད་པ་གང་ཞེ་ན། བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་བའི་ཆོས་སྤང་ཞིང་། དེའི་གཉེན་པོ་དགེ་བའི་ཆོས་རྣམས་བསྒོམ་པའོ། །བཏང་སྙོམས་གང་ཞེ་ན། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ཉིད་ལ་གནས་ཤིང་སེམས་མཉམ་པ་ཉིད་དང་། སེམས་རྣལ་དུ་འདུག་པ་དང་། སེམས་ལྷུན་གྱིས་གྲུབ་པ་ཡང་ཐོབ་པ་སྟེ། གང་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་བསལ་ནས་ཉོན་མོངས་པ་ཅན་མེད་པར་གནས་པ་ཉིད་དོ། །རྣམ་པར་མི་འཚེ་བ་གང་ཞེ་ན། རྣམ་པར་འཚེ་བའི་གཉེན་པོ་སྟེ། སྙིང་རྗེ་བའོ། །འདོད་ཆགས་གང་ཞེ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མངོན་པར་ཞེན་པ་དང་། ལྷག་པར་ཆགས་པའོ། །ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པའོ། །ང་རྒྱལ་གང་ཞེ་ན། ང་རྒྱལ་རྣམ་པ་བདུན་སྟེ་། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། །ངའོ་སྙམ་པའི་ང་རྒྱལ་དང་། །མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ང་རྒྱལ་གང་ཞེ་ན། ཆུང་ངུ་བས་བདག་ཆེ་བའམ། མཚུངས་པ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཆེ་བའི་ང་རྒྱལ་གང་ཞེ་ན། མཚུངས་པ་བས་བདག་ཆེ་བའམ། ཆེ་བ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་གང་ཞེ་ན། ཆེ་བ་བས་ཀྱང་བདག་ཆེའི་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ངའོ་སྙམ་པའི་ང་རྒྱལ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ལྟ་བའི་སེམས་ཁེངས་པ་གང་ཡིན་པའོ། །མངོན་པའི་ང་རྒྱལ་གང་ཞེ་ན། གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་གང་ཞེ་ན། ཁྱད་པར་ཆེས་འཕགས་པ་བས་བདག་ཅུང་ཟད་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ལོག་པའི་ང་རྒྱལ་གང་ཞེ་ན། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །མ་རིག་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་། དཀོན་མཆོག་རྣམས་མི་ཤེས་པ་དེ། དེ་ཡང་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའོ། །འདོད་པ་ན་སྤྱོད་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། འདོད་པ་ན་སྤྱོད་པའི་མ་རིག་པ་དེ་དག་ནི་མི་དགེ་བའི་རྩ་བ་གསུམ་སྟེ། ཆགས་པ་དང་ཞེ་སྡང་དང་གཏི་མུག་མི་དགེ་བའི་རྩ་བའོ། །ལྟ་བ་གང་ཞེ་ན། ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་གམ་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། མཐར་འཛིན་པར་ལྟ་བ་གང་ཞེ་ན། དེ་ཉིད་ཀྱི་དབང་དུ་བྱས་ཏེ། རྟག་པའམ་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ལོག་པར་ལྟ་བ་གང་ཞེ་ན། རྒྱུ་འམ་འབྲས་བུའམ། བྱེད་པ་ལ་སྐུར་བ་འདེབས་པ་དང་། ཡོད་པའི་དངོས་པོ་ལ་འཇིག་པའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་དང་། དེའི་གནས་ཕུང་པོ་རྣམས་ལ་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་། དམ་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དེའི་གནས་ཕུང་པོ་རྣམས་ལ་དག་པ་དང་གྲོལ་བ་དང་ངེས་པར་འབྱིན་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ཐེ་ཚོམ་གང་ཞེ་ན། བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བའོ། །ཉོན་མོངས་བ་དེ་དག་ལས་ལྟ་བ་འོག་མ་གསུམ་དང་། ཐེ་ཚོམ་ནི་ཀུན་ཏུ་བརྟགས་པའོ། ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའོ། །ཁྲོ་བ་གང་ཞེ་ན། འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ། གང་སེམས་ཀྱི་ཀུན་ནས་མནར་སེམས་པའོ། །ཁོན་དུ་འཛིན་པ་གང་ཞེ་ན། མདུད་པར་འཛིན་པའོ། །འཆབ་པ་གང་ཞེ་ན། བདག་གི་ཁ་ན་མ་ཐོ་བ་མཁྱུད་པའོ། །འཚིག་པ་གང་ཞེ་ན། ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ། །ཕྲག་དོག་གང་ཞེ་ན། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའོ། །སེར་སྣ་གང་ཞེ་ན། སྦྱིན་པ་དང་མི་མཐུན་པའི་སེམས་ཀྱིས་ཀུན་ཏུ་འཛིན་པའོ། །སྒྱུ་གང་ཞེ་ན། གཞན་སླུ་བ་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ། །གཡོ་གང་ཞེ་ན། བདག་གི་ཉེས་པ་བཅབ་པའི་ཐབས་གཟུང་སྟེ་སེམས་གྱ་གྱུ་བའོ། །རྒྱགས་པ་གང་ཞེ་ན། བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ་ཏུ་དགའ་བ་དེ་སེམས་ཡོངས་སུ་འཛིན་པའོ། རྣམ་པར་འཚེ་བ་གང་ཞེ་ན། སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པའོ། །ངོ་ཚ་མེད་པ་གང་ཞེ་ན། ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པའོ། །ཁྲེལ་མེད་པ་གང་ཞེ་ན། ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པའོ། །རྨུགས་པ་གང་ཞེ་ན། སེམས་ལས་སུ་མི་རུང་བ་སྟེ་བླང་བ་ཉིད་དོ། ། རྒོད་པ་གང་ཞེ་ན། སེམས་རྣམ་པར་མ་ཞི་བའོ། །མ་དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་། དཀོན་མཆོག་རྣམས་ལ་ཡིད་མི་ཆེས་པ་དང་། སེམས་མ་དད་པ་སྟེ། དད་པའི་མི་མཐུན་པའི་ཕྱོགས་སོ། །ལེ་ལོ་གང་ཞེ་ན། དགེ་བ་ལ་སེམས་མངོན་པར་སྤྲོ་བ་མེད་པ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །བག་མེད་པ་གང་ཞེ་ན། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ལེ་ལོ་གང་ཡིན་པ་དག་གིས་ཉོན་མོངས་པ་ལས་སེམས་མི་སྲུང་བ་དང་དགེ་བ་མི་བསྒོམ་པའོ། །བརྗེད་ངས་པ་གང་ཞེ་ན། དྲན་པ་ཉོན་མོངས་ཅན་ཏེ། དགེ་བ་ལ་མི་གསལ་བའོ། །རྣམ་པར་གཡེང་བ་གང་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆ་ཤས་ཀྱིས་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་གང་སེམས་རྣམ་པར་འཕྲོ་བའོ། །ཤེས་བཞིན་མ་ཡིན་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའོ། །འགྱོད་པ་གང་ཞེ་ན། ཡིད་ལ་གཅགས་པའོ། །གཉིད་གང་ཞེ་ན། འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ། །རྟོག་པ་གང་ཞེ་ན། ཀུན་ཏུ་ཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིང་པའོ། །དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་སྟེ། དེ་བཞིན་དུ་གང་སེམས་ཞིབ་པའོ། །སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་གང་ཞེ་ན། གང་དག་གཟུགས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ་དེ་ཉིད་དང་གཞན་དུ་མི་གདགས་སོ། །དེ་དག་ཀྱང་གང་ཞེ་ན། ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། རིས་མཐུན་པ་དང་། སྐྱེ་བ་དང་། གནས་པ་དང་། མི་རྟག་པ་ཉིད་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བོ་ཉིད་དང་། དེ་ལྟ་བུའི་ཆ་དང་མཐུན་པ་དག་གོ། །དེ་ལ་ཐོབ་པ་གང་ཞེ་ན། རྙེད་པ་དང་ལྡན་པའོ། །དེ་ཡང་ས་བོན་དང་། དབང་དང་། མངོན་དུ་གྱུར་པ་དང་ཅི་རིགས་སུ་སྦྱར་རོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་མ་ཡིན་པ་འབྱུང་བའི་འདུ་ཤེས་མངོན་དུ་བཏང་བའི་འདུ་ཤེས་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་གང་ཡིན་པའོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའི་གནས་པར་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང་། བསྟན་པ་རྣམས་ལས་ཀྱང་ཁ་ཅིག་འགོག་པ་གང་ཡིན་པའོ། །འདུ་ཤེས་མེད་པ་གང་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་སྟེ་། འདུ་ཤེས་མེད་པའི་སེམས་ཅན་གྱི་ཁྲོད་ཀྱི་ལྷ་རྣམས་ཀྱི་ནང་དུ་བསྐྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང་འགོག་པའོ། །སྲོག་གི་དབང་པོ་གང་ཞེ་ན། རིས་མཐུན་པ་རྣམས་སུ་སྔོན་གྱི་ལས་ཀྱིས་འཕངས་པས། གང་འདུ་བྱེད་རྣམས་ཀྱི་གནས་པའི་དུས་ངེས་པའོ། །རིས་མཐུན་པ་གང་ཞེ་ན། གང་སེམས་ཅན་རྣམས་ཀྱི་ལུས་འདྲ་བའོ། །སྐྱེ་བ་གང་ཞེ་ན། རིས་མཐུན་པར་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བ་གང་ཡིན་པའོ། །རྒ་བ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་གཞན་དུ་འགྱུར་བའོ། །གནས་པ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་རྒྱུད་ཆགས་པའོ། །མི་རྟག་པ་ཉིད་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་ཆད་པའོ། །མིང་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སོ། །ཚིག་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་སོ། ། ཡི་གེའི་ཚོགས་གང་ཞེ་ན། ཡི་གེའི་རྣམས་ཏེ། དེ་གཉིས་ཀ་གསལ་བར་བྱེད་པའི་ཕྱིར་རོ། །བརྗོད་པ་ཡང་དེ་དག་ཡིན་ཏེ། མིང་དང་ཚིག་ལ་བརྟེན་ནས་དོན་བརྗོད་པའི་ཕྱིར་རོ། །ཡི་གེ་ཡང་རྣམ་གྲངས་གཞན་དུ་མི་འགྱུར་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ། །འདི་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །རྣམ་པར་ཤེས་པ་གང་ཞེ་ན། དམིགས་པ་རྣམ་པར་རིག་པའོ། །སེམས་དང་ཡིད་ཀྱང་དེ་ཡིན་ཏེ། །སྣ་ཚོགས་པ་དང་ཡིད་རྟེན་བྱེད་པའི་ཕྱིར་རོ། དངོས་སུ་ན་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདི་ལྟར་དེ་ནི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པའོ། །དེ་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ། །རིགས་གཅིག་པ་དང་། རྒྱུན་ཆགས་པར་འཇུག་པའོ། །འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་པ་རྣམས་ལངས་ནས་ཡང་ཡུལ་རྣམ་པར་རིག་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་དང་། དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་དང་། ཆད་ནས་ཡང་འབྱུང་བ་ཉིད་དང་། འཁོར་བར་འཇུག་པ་དང་། ལྡོག་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི་ས་བོན་ཐམས་ཅད་ཀྱི་གཞི་ཉིད་དང་། ལུས་ཀྱི་ཀུན་གཞི་དང་། རྒྱུ་ཉིད་དང་། ལུས་ལ་གནས་པ་ཉིད་ཀྱི་ཡང་ཕྱིར་རོ། །ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། ལུས་ལེན་པའི་ཕྱིར་རོ། །དངོས་སུ་ནི་ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ། རྟག་ཏུ་བདག་ཏུ་རྨོངས་པ་དང་། །བདག་ཏུ་ལྟ་བ་དང་། བདག་ཏུ་ང་རྒྱལ་དང་། བདག་ལ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་སྟེ། རིགས་གཅིག་པ་དང་། རྒྱུན་ཆགས་པར་འཇུག་པ་སྟེ། དགྲ་བཅོམ་པ་དང་། འཕགས་པའི་ལམ་དང་། འགོག་པའི་སྙོམས་པར་འཇུག་པའི་དུས་མ་གཏོགས་སོ། ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན། སྤུངས་པའི་ཕྱིར་ཏེ་དུས་དང་རྒྱུད་དང་རྣམ་པ་དང་གྲོལ་བ་དང་། ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་མདོར་བསྡུས་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་མཆེད་བཅུ་གཉིས་ནི་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ། །མིག་ལ་སོགས་བ་དང་། གཟུགས་དང་སྒྲ་དང་དྲི་དང་རོའི་སྐྱེ་མཆེད་ལ་སོགས་པ་ཡང་སྔ་མ་བཞིན་དུ་བཤད་དོ། །རེག་བྱའི་སྐྱེ་མཆེད་ནི་འབྱུང་བ་ཆེན་པོ་བཞི་དག་དང་། གང་རེག་བྱའི་ཕྱོགས་གཅིག་བཤད་པའོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པའོ། །ཆོས་ཀྱི་སྐྱེ་མཆེད་ནི་གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུས་མ་བྱས་སོ། །འདུས་མ་བྱས་གང་ཞེ་ན། ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་ཉིད་དོ། །དེ་ལ་ནམ་མཁའ་གང་ཞེ་ན། གཟུགས་ཀྱི་གོ་འབྱེད་པའོ། །སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གང་ཞེ་ན། གང་འགོག་པ་ལ་བྲལ་བ་མ་ཡིན་པ་སྟེ། དེ་ནི་ཉོན་མོངས་པའི་གཉེན་པོ་མེད་པར་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བའོ། །སོ་སོར་བརྟགས་པའི་འགོག་པ་གང་ཞེ་ན། གང་འགོག་པ་དེ་ནི་བྲལ་བ་སྟེ། དེ་ནི་གང་ཉོན་མོངས་པའི་གཉེན་པོས་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བའོ། དེ་བཞིན་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་བདག་མེད་པ་ཉིད་དོ། །ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེ་ན། རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་རོ། །ཁམས་བཅོ་བརྒྱད་ནི་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །མིག་ལ་སོགས་པའི་ཁམས་དང་། གཟུགས་ལ་སོགས་པའི་ཁམས་ནི་སྐྱེ་མཆེད་རྣམས་ཇི་ལྟ་བ་བཞིན་ནོ། །རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ནི་མིག་ལ་སོགས་པ་རྣམས་ལ་བརྟེན་ཏེ། གཟུགས་ལ་སོགས་པ་ལ་དམིགས་པ་རྣམ་པར་རིག་པའོ། །ཡིད་ཀྱི་ཁམས་ནི་དེ་དག་ཉིད་འགགས་མ་ཐག་པ་སྟེ། རྣམ་པར་ཤེས་པ་དྲུག་པའི་གནས་བརྟན་པའི་ཕྱིར་རོ། །དེ་ལྟར་ན་ཁམས་བཅོ་བརྒྱད་དུ་རྣམ་པར་གཞག་གོ། །གཟུགས་ཀྱི་ཕུང་པོ་གང་ཡིན་བ་དེ་ནི་སྐྱེ་མཆེད་དང་། ཁམས་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དང་། ཁམས་ཀྱི་ཕྱོགས་གཅིག་གོ། །རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པ་དེ་ནི་ཡིད་ཀྱི་སྐྱེ་མཆེད་དང་། སེམས་ཀྱི་ཁམས་བདུན་ནོ། །གཞན་ཕུང་པོ་གསུམ་པོ་གང་ཡིན་པ་དག་དང་། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་པོ་དེ་དང་། འདུས་མ་བྱས་དང་བཅས་པ་ནི་ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་སོ། །ཅིའི་ཕྱིར་ཁམས་ཞེས་བྱ་ཞེ་ན། བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བཤད་ཅེ་ན། བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོ་གོ་རིམས་བཞིན་ནོ། །བདག་ཏུ་འཛིན་པ་རྣམ་པ་གསུམ་ནི་གཅིག་པུར་འཛིན་པ་དང་། ཟ་བར་འཛིན་པ་དང་། བྱེད་པར་འཛིན་པའོ། །ཁམས་བཅོ་བརྒྱད་ལ་གཟུགས་ཅན་དུ་ཞེ་ན། གང་དག་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ། །གཟུགས་ཅན་མ་ཡིན་པ་དུ་ཞེ་ན། ལྷག་མ་རྣམས་སོ། །བརྟེན་དུ་ཡོད་པ་དུ་ཞེ་ན། གཟུགས་ཀྱི་ཁམས་གཅིག་སྟེ། ཡུལ་བསྟན་དུ་ཡོད་པའོ། །བསྟན་དུ་མེད་པ་ནི་དུ་ཞེ་ན། ལྷག་མ་རྣམས་སོ། །ཐོགས་པ་དང་བཅས་པ་དུ་ཞེ་ན། གཟུགས་ཅན་བཅུ་སྟེ། གང་ལ་གང་ཐོགས་པའོ། །ཐོགས་པ་མེད་པ་དུ་ཞེ་ན། ལྷག་མ་རྣམས་སོ། ཟག་པ་དང་བཅས་པ་དུ་ཞེ་ན། བཅོ་ལྔ་དང་ཐ་མ་གསུམ་གྱི་ཆའོ། ། དེ་དག་ཉོན་མོངས་པ་སྐྱེ་བའི་མངོན་སུམ་གྱི་སྤྱོད་ཡུལ་གྱི་ཕྱིར་རོ། །ཟག་པ་མེད་པ་དུ་ཞེ་ན། ཐ་མ་གསུམ་གྱི་ཆའོ། །འདོད་པ་དང་རབ་ཏུ་ལྡན་པ་དུ་ཞེ་ན། ཐམས་ཅད་དོ། །གཟུགས་དང་རབ་ཏུ་ལྡན་པ་དུ་ཞེ་ན། བཅུ་བཞི་སྟེ། དྲི་དང་། རོ་དང་། སྣ་དང་། ལྕེའི་རྣམ་པར་ཤེས་པ་མ་གཏོགས་པའོ། །གཟུགས་མེད་པ་དང་རབ་ཏུ་ལྡན་པ་དུ་ཞེ་ན། ཐ་མ་གསུམ་མོ། །མི་ལྡན་བ་དུ་ཞེ་ན། གསུམ་གྱི་ཆའོ། །ཕུང་པོར་བསྡུས་པ་དུ་ཞེ་ན། འདུས་མ་བྱས་མ་གཏོགས་པའོ། །ཉེ་བར་ལེན་པའི་ཕུང་པོས་བསྡུས་པ་དུ་ཞེ་ན། གང་ཟག་པ་དང་བཅས་པ་རྣམས་སོ། །དགེ་བ་དུ། མི་དགེ་བ་དུ། ལུང་དུ་མ་བསྟན་པ་དུ་ཞེ་ན། བཅུ་ནི་རྣམ་པ་གསུམ་ཆར་ཏེ། །སེམས་ཀྱི་ཁམས་བདུན་དང་། གཟུགས་དང་། སྒྲ་དང་། ཆོས་ཀྱི་ཁམས་སོ། །ལྷག་མ་རྣམས་ནི་ལུང་དུ་མ་བསྟན་པའོ། །ནང་གི་དུ་ཞེ་ན། བཅུ་གཉིས་ཏེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་ཁམས་མ་གཏོགས་པའོ། །ཕྱི་རོལ་གྱི་དུ་ཞེ་ན། དྲུག་སྟེ། གང་དག་མ་གཏོགས་པ་རྣམས་སོ། ། དམིགས་པ་དང་བཅས་པ་དུ་ཞེ་ན། སེམས་ཀྱི་ཁམས་བདུན་དང་། ཆོས་ཀྱི་ཕྱོགས་གཅིག་ཀྱང་ཡིན་ཏེ། གང་སེམས་ལས་བྱུང་བའོ། །དམིགས་པ་མེད་པ་དུ་ཞེ་ན། ལྷག་མ་བཅུ་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་སོ། །རྣམ་པར་རྟོག་པ་དང་བཅས་པ་དུ་ཞེ་ན། ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་སོ། །རྟོག་པ་མེད་པ་དུ་ཞེ་ན། ལྷག་མ་རྣམས་སོ། །ཟིན་པ་དུ་ཞེ་ན། ནང་གི་ལྔ་དང་། བཞིའི་ཕྱོགས་ཏེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིའོ། །ཟིན་པ་མ་ཡིན་པ་དུ་ཞེ་ན། བཞིའི་ཕྱོགས་སོ། །བསྟན་པ་མཚུངས་པ་དུ་ཞེ་ན། ནང་གི་གཟུགས་ཅན་ལྔ་སྟེ། རང་གི་རྣམ་པར་ཤེས་པ་དག་དང་ཡུལ་ཐུན་མོང་བ་ཉིད་ཀྱི་ཕྱིར་རོ། །དེ་དག་དང་མཚུངས་པ་དུ་ཞེ་ན། དེ་དག་ཉིད་རང་གི་རྣམ་པར་ཤེས་པས་སྟོང་པ་སྟེ། རང་གི་རིགས་དང་མཐུན་པའི་ཕྱིར་རོ། །ཕུང་པོ་ལྔའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།

CLOSE WINDOW