CLOSE WINDOW

D2214: འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ
Wyliee-texts based on the ACIP/ALL Input

@##། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱ་མྦ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནོ་པི་ཀ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཁོར་བའི་སྡུག་བསྔལ་ཆུ་བོ་སྐེམས་མཛད་པ། །མཐུ་ལྡན་བདེ་བ་ཆེན་པོ་བདག་ཉིད་དེ། །ཉི་ཟླ་ལྟ་བུའི་ཐུགས་མངའ་བའི། །བཅོམ་ལྡན་བདེ་ཆེན་ཐུགས་རྗེ་ཆེན་པོའི་དང་། །སྨན་མཆོག་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །རང་བཞིན་རིག་པ་སྟོང་པ་ཆེན་པོའི་དང་། །གཉུག་མ་བདེ་བ་སྙིང་རྗེ་ཆེན་པོའི་དང་། །བདེ་བ་ཆེན་པོའི་མཐའ་བྲལ་རྡོ་རྗེ་འཛིན་པ་ཉིད། །ཕྱག་རྒྱ་ཆེན་པོ་རང་བཞིན་འབྲས་བུ་དངོས། །ཐོབ་པའི་ལམ་ནི་ཡོད་དང་མེད་བ་ཡི། །ཕྱག་རྒྱ་བཞི་པོ་ལམ་གྱིས་གྲོལ་བའོ། །དགའ་བཞི་སྟོང་པའི་རང་བཞིན་ཆེན་པོ་ནི། །སྟོང་པ་བདག་མེད་ལམ་གྱིས་གྲོལ་ཞེས་གསུང་། །དེ་བཞིན་ཚོགས་ལམ་དོད་དང་རྩེ་མོ་བཟོད་པ་ལམ། །འཇིག་རྟེན་ཆོས་དང་མཐོང་ལམ་དང་། །བསྒོམ་པ་མཐའ་ཕྱིན་ལམ་གྱིས་ནི། །གནས་པའི་ཡི་ཤིས་བྱང་ཆུབ་ངོ་བོའི་ལམ། །ཐོས་ཞིང་གྲོལ་བར་བླ་མ་ཆེན་པོ་གསུངས། །རྒྱུ་འབྲས་གཉིས་མེད་གསང་སྔགས་བླ་མེད་ལམ། །འབྲས་བུ་དམིགས་བཅས་གསང་བ་བླ་མེད་ལམ། །ལམ་ལ་གོམས་པས་འབྲས་བུ་གསང་སྔགས་ལམ། །འབྲས་བུའམ་འདིར་ནི་རྒྱུ་ནི་ངོ་ཤེས་པ། །དེ་ཡང་བླ་མ་ཆེན་པོའི་འབྲས་བུ་རྟོགས། །ལམ་མེད་འབྲས་བུ་མཆོག་ཏུ་བདག་གི་གཞུང་གིས་རྟོགས། །རྒྱུ་ནི་རྒྱུ་ལས་འབྲས་བུ་འབྱིན་པས་ཏེ། །ལམ་ལྔ་རྣམ་པས་ཕ་རོལ་ཐོབ་པ་སྟེ། །མཐོང་སྤངས་སྒོམ་སྤངས་འབྲས་བུ་ཐོབ་སྤངས་པ། །བདེན་པ་བཞི་ནི་ཉོན་མོངས་གཉེན་པོའོ། །རྩ་བ་ཉོན་མོངས་ཉེ་བའི་ཉོན་མོངས་རྣམས། །བདེན་པ་རྣམས་ཀྱིས་ཞིང་ནི་གྲོལ་བར་འདོད། །བདེན་པ་གཉིས་ལ་རབ་གནས་འབྲས་བུ་སྔགས་ཀྱི་ཚུལ། །བསྐྱེད་རྫོགས་མཐར་ཕྱིན་ཐབས་དང་ཤེས་རབ་བོ། །ཡེ་ཤེས་ལྔ་ཡི་ལམ་ལ་གནས་པས་འབྲས་བུ་གྲོལ་བའོ། །དེ་ལ་རྩ་བའི་དོན་བཤད་པར་འདོད་པས། འགྲོ་བ་སེམས་ཅན་མུན་འཐོམས་པའི། །སྒྲོན་མ་བྱ་ཕྱིར་སྒྲུབ་པའི་ཐབས། །དཔལ་ལྡན་རྡོ་རྗེ་འཛིན་བཏུད་དེ། །ཞེས་པ་ལ། འགྲོ་བ་ནི་རིགས་དྲུག་སྟེ། སེམས་པའི་བག་ཆགས་ཀྱིས་སྐྱེ་བ་གཅིག་ཏུ་ལེན་པའི་ཕྱིར་འགྲོ་བའོ། །སེམས་ཅན་ནི་ཉོན་མོངས་པའི་ཡིད་ཅན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཅན་ཏེ། སྐྱེ་འཇིག་གི་ཆོས་ཅན་ནོ། །མུན་འཐོམས་པ་ནི་མུན་པ་ནི་རྡུལ་དང་མུན་པ་སྙིང་སྟོབས་ལ་སོགས་ཏེ། །མཐོང་བསྒོམ་ཉོན་མོངས་པས་ཀུན་ནས་དཀྲིས་ཏེ་བཅིངས་པའོ། །འཐོམས་པ་ནི་ལས་དང་ལས་ཀྱི་འབྲས་བུ་མི་ཤེས་པ་སྟེ་མ་རིག་པས་སོ། །དེའི་སྒྲོན་མ་བྱ་ཕྱིར་ནི་ཉོན་མོངས་པའི་གཉེན་པོ་བདེན་པ་རྣམས་ཀྱིས་རང་བཞིན་གསང་སྔགས་གཞུང་འདི་ཉིད་དེ། སྐྱེད་པ་ལ་སོགས་སྟོང་པ་ཉིད་ཀྱི་ཉོན་མོངས་པ་ཟག་པ་ཟད་པ་ནི། ཐབས་གསལ་བར་བསྟན་པ་ནི་སྒྲོན་མའོ། །སྒྲུབ་ཐབས་ནི་འགྲུབ་པ་དང་འགྲུབ་པར་བྱེད་པ་སྟེ་དོན་ཐོབ་པར་བྱེད་པའོ། །དཔལ་ལྡན་ནི་ཡོན་ཏན་རྣམ་པ་གཉིས་ཏེ་རྒྱུ་དང་འབྲས་བུ་ལས་གྲུབ་ཅིང་སྨིན་པའོ། །རྡོ་རྗེ་ནི་དོན་རྟགས་གསུམ་སྟེ། །སྟོང་པའི་རང་བཞིན་ཞེས་པའི་དོན་ཏོ། །དེའི་རང་བཞིན་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ནི་འཛིན་ཅིང་འཆང་བའོ། །བཏུད་པ་ནི་གཞུང་བཀྲ་ཤིས་ཤིང་མཛེས་པ་དང་འཇུག་པ་དང་ཐོབ་པའོ། །ལུས་ངག་ཡིད་ཀྱིས་ཡོན་ཏན་གསུམ་དང་ལྡན་པའི་ཡི་དམ་ལྷ་ལ་དང་ལ་བཏུད་ཅེས་སོ། །མཆོག་རབ་སྙིང་པོས་རིམ་བཞིན་བཤད་ན། སློབ་དཔོན་གྱི་མན་ངག་ལས་གཞུང་གི་དོན་མཆོག་རབ་ཀྱིས་བྲིས་པའི་དོན་ཏོ། །སྔགས་པ་ཡོན་ཏན་ཀུན་ལྡན་པས། །ཤིན་ཏུ་ཡིད་འོང་བདེ་གནས་སུ། །ཞེས་པ་ལ། །སྔགས་པ་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རིན་པོ་ཆེ་རིགས་ཀྱི་གང་ཟག་དད་པ་གསུམ་དང་ལྡན་པ་ཡོངས་སུ་བཟུང་ངོ་། །ཡོན་ཏན་ཀུན་དང་ལྡན་པ་ནི་དབང་ཐོབ་ཅིང་མ་ནོར་བར། །དམ་ཚིག་སྡོམ་པ་གསུམ་དང་དོན་གྱི་རང་བཞིན་མ་ནོར་བར་མཐོང་བ་དང་ལམ་ཤེས་པའོ། ། ཤིན་ཏུ་ཡིད་འོང་བདེ་གནས་ནི་གྲགས་པས་མ་སྨད་པ་ལ། བྱང་སྐྱོབ་ཤར་དམའ་ལྷོ་གཞོལ་ནུབ་དགྱེ་བའོ། །ཡང་ན་རང་ཉམས་དགའ་ཞེས་པའོ། །སྙིང་གར་ཉི་ལ་ཧཱུཾ་བཞག་སྟེ། །འོད་ཀྱིས་བགེགས་བསལ་ཁང་པ་དབུབ། །ཅེས་པ་ལ། སྔགས་པའི་སྒྲུབ་པ་པོ་ཆོས་བཞི་དང་ལྡན་པས། ལུས་ལ་དྲན་པ་ཉེ་བར་གཞག་སྟེ། ཐུན་མོང་དང་ཁྱད་པར་གྱི་སེམས་གཉིས་བསྐྱེད་དེ། །ནང་གི་ཁྲུས་སྟོང་པར་སེམས་དཔའ་དང་བཅས་པར་གཞག་པའོ། །དེས་ནི་ཧཱུཾ་རིང་པོར་སྐད་ཅིག་མས་འདོད་པའི་ལྷ་རུ་བསམ་པའོ། །དེ་ལ་སྙིང་ག་དང་སྤྱི་བོ་དང་མགྲིན་པ་གསུམ་དུ། ཡེ་ཤེས་བསྒོམ་པ་དང་བསྟིམ་པ་དང་། ཡེ་ཤེས་པ་མ་ལུས་ཤིང་ལུས་པ་མེད་པར་བསྟིམ་པའོ། །འོད་ཀྱིས་བགེགས་བསལ་ནི་ཐུགས་རྗེ་དང་ལྡན་པའི་སྡང་མིག་གིས་ཕྱོགས་ཀུན་དུ་བལྟ་ཞེས་པའི་དོན་དང་འབྲེལ་ཏོ། །དེས་བཀའ་བསྒོ་བ་ནི་རྒྱུ་གཅིག་མ་འདུག་ཅིག་། འདིར་མཐུ་ལྡན་གྱི་ཁང་པ་ཡིན་ནོ་བ་དང་འབྲེལ་ཏོ། །ཁང་པ་ནི་བསྐྱེད་པ་དང་ཕྱིས་བསྐྱེད་པའི་ཚིག་འབྲེལ་ཏོ། །མ་སོང་བ་ལ་བདག་འོད་དཀྱིལ་འཁོར་ལ་ཕོག་སྟེ། ཙཀྲ་ཨོཾ་བྷྲཱུཾ་ཧཱུཾ་བྷྲཱུཾ་ས་བྷྲཱུཾ་ཧ་བྷྲཱུཾ་ཨ་བྷྲཱུཾ་གྱིས་ཐོག་ལྔ་ཡང་ནས་ཡང་དུ་ཕབ་སྟེ་བསྒྲལ་བའོ། །ཁང་པ་དབུབ་ནི་རང་གི་ཉི་མའི་འབར་བའི་ཧཱུཾ་ལས་འོད་ཟེར་ལ་ཧ་ལྗང་གུ་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུར་འཕྲོས་ཏེ། རྡོ་རྗེའི་ཁང་པ་ཕྱོགས་བཞི་རུ་ཁ་དོག་དཀར་པོ་དང་ཁ་དོག་ལྔར་གྲུབ་པར་གྱུར་པའོ། །ཧཱུཾ་ཧཱུཾ་ཞེས་བརྗོད་དོ། །ོཾ་བཛྲ་ཙཀྲ་ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང་བཛྲ་ཧ་ན་ཧ་ན་ཞེས་པ་དང་། བཛྲ་ཛྭ་ལ་རཾ་གྱིས་འཁོར་ལོའི་ཁང་པ་དང་། མདའ་དང་མཚོན་ཆའི་ཁང་པ་དང་། མེའི་སྲུང་བར་ཤིན་ཏུ་འཐས་པར་གྲུབ་པའོ། །བསྲུང་བ་གྲུབ་ནས་བགེགས་གསོ་བ་ནི། སྙིང་རྗེ་དང་བྲལ་བ་ཡིན་པའི་ཕྱིར། མིག་གཡས་པའི་རཾ་གྱིས་སྡིག་པ་བསྲེགས་ཏེ་ཞི་བའོ། །གཡོན་པའི་ཨས་ཀུན་གཞི་གསོས་ཏེ། གསད་པའི་དོགས་པ་དང་བཅས་པས་བྲོས་ཏེ་བྱེར་བའོ། །དེ་ནི་བསྲུང་བའོ། །དེ་འོད་ལས་བྱུང་ཉི་དཀྱིལ་དུ། །སློབ་དཔོན་སངས་རྒྱས་བཅས་སྤྱན་དྲངས། །ཕྱག་འཚལ་མཆོད་ནས་སྡིག་པ་བཤགས། །སྡོམ་པ་བཟུང་དང་ཡི་རང་དང་། །བསྔོ་དང་སྐྱབས་འགྲོ་སེམས་བསྐྱེད་དེ། །ཞེས་བ་ལ། ཉི་མའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་དོན་བྱས་ཡེ་ཤེས་པའི་ཐུགས་ཀར་ཐིམ་སྙིང་པོ་དེ་ཉིད་དྲངས་ཏེ། བདག་གི་རྒྱུད་ལ་ཕོག་པས་སྒྲིབ་པ་བཞི་དག་ནས། རྒྱུད་རང་གོས་ཕྱིར་བཟློག་པ་བཞིན་དུ་གྱུར་པའོ། །དེ་འདི་ནི་རང་གི་སྙིང་གི་བདག་པོ་ཡིས། སེང་གེ་ལ་སོགས་པའི་གདན་ལ། བདག་པོ་འོད་ཀྱི་བླ་མ་དང་། སངས་རྒྱས་སྤྱན་དྲངས་ཏེ་གཞུག་པའོ། །ཕྱག་བཙལ་བ་ནི་ལུས་ངག་ཡིད་ཀྱིས་སམ་ཡིད་ཅེས་པ་དང་འབྲེལ་ཏོ། །མཆོད་པ་ནི་ཕྱི་ནང་གསང་བ་སྟེ། ཕྱི་ནི་རྩ་དང་། ལྷ་མོ་དང་། དབུལ་བའི་གནས་ཐ་དད་དུ་མཆོད་པའོ། །ནང་གི་ལྷ་མོ་རྣམས་ཀྱིས་རང་གི་རྩས་རང་རང་གིས་གཅིག་ཏུའོ། །གསང་བ་ནི་ལྷ་ཕོ་མོའི་མཆོད་པའོ། །གསུམ་ག་ཕྱག་རྒྱ་ཆེན་པོ་གསང་བས་མཉེས་པས་གསང་བའོ། །དེ་གོང་མའི་དོན་རྣམས་ཀུན་སྟོང་པ་བླ་ན་མེད་པའོ། །སྡིག་པ་བཤགས་པ་ནི་གསུམ་ལས་གསུམ་གྱིས་གསུམ་པོ་རང་རང་དུ་མི་འཆབ་ཅིང་འགྱོད་པ་དང་བཅས་པས་བཤགས་ཤིང་ཕྱིས་མི་བྱ་བ་དང་འབྲེལ་ཏོ། །སྡོམ་པ་གཟུང་བ་ནི་སྤྱི་དང་ཁྱད་པར་དེ་བླངས་པའི་དོན་ལས་ཕྱིས་མི་འདའ་སྟེ། ཡི་དམ་དངོས་སུ་བླང་ཞེས་པ་དང་འབྲེལ་ཏོ། །ཡི་རང་བ་ནི་སྤྱི་དང་ཁྱད་པར་ཏེ་བླ་ན་མེད་པའི་ལམ་ལ་གོས་སྔོན་པོའི་ཆོས་འདི་ལས་ལྷག་པ་གཞན་སུ་ཡང་ཡོད་མ་ཡིན་ཏེ། ཁྱད་པར་དོན་ཞེས་པ་དང་འབྲེལ་པར་ཡོངས་སུ་གཟུང་བས། །དེ་དང་འབྲེལ་བའི་ནུས་པ་ཁྱད་པར་ཅན་ཐོབ་ཅེས་པའོ། །དེས་ནི་དེའི་སྟོང་པ་མི་འགྲོ་བར་གཞུག་པ་དང་། འབྲས་བུ་མེད་པའི་དོགས་པ་བྱང་ཆུབ་ཏུ་ཡན་ལག་བདུན་པ་བསྔོའོ། །སྐྱབས་འགྲོ་ནི་ཕྱི་མའི་ལྷ་ཡོངས་སུ་བཅད་དེ་ཁྱད་པར་འཕགས་པ་གོས་སྔོན་ཅན་ལ་བདག་ཉིད་འདུད་ཅིང་། སེམས་ཅན་མ་ལུས་ལུས་པ་མེད་པའི་དོན་བྱས་ཤིང་། བདག་ཉིད་སྐྱབས་ཞེས་པ་དང་འབྲེལ་ཏོ། །སེམས་བསྐྱེད་དེ་ཞེས་པ་ལ། བྱང་ཆུབ་སེམས་དཔའ་རིགས་ཀྱི་བུའམ་བུ་མོས་ལམ་ལ་གནས་པ། ས་གཅིག་པས་གཉིས་པ་དང་གསུམ་བསྐྱེད་ཅིང་འཛེག་པ་སྟེ། གོང་གི་དགེ་ཤུལ་གྱི་དགེ་བ་དང་བ་མ་ལུས་པས་སེམས་ཅན་མ་ལུས་པ་ཐམས་ཅད་འཁོར་བ་ལས་བསྒྲལ་ཞེས་པའི་དོན་དང་འབྲེལ་ལོ། །ད་ནི་ལམ་གྱི་སེམས་བསྐྱེད་ནི། དགེ་བ་ཁྱད་པར་ཅན་ཐོབ་ཅེས་པའི་དོན་དང་འབྲེལ་ཏོ། །དེ་རྣམས་རྒྱུ་སྟེ་ལོངས་སྤྱོད་རྫོགས་པའི་མཚན་དང་དཔེ་བྱད་མང་པོ་ཐོབ་ཅེས་པའི་དོན་དང་འབྲེལ་ཏོ། །ཚད་མེད་བཞི་པོ་སྔོན་བཏང་ནས། །ཞེས་པ་ལ། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་རིམ་པས་བསྒོམས་ཏེ། སེམས་ཅན་དང་བདག་རང་འབྲེལ་པའི་བདག་པོས་རྒྱུ་དང་གླན་ཞེས་པའོ། །སྤྲུལ་པ་དཔག་ཏུ་མེད་པས་སངས་རྒྱས་ཀྱི་འབྲས་བུ་མཐུན་པ་སྤྲུལ་པའི་ནུས་པ་ཞེས་པ་དང་ཐམས་ཅད་ཡོངས་སུ་དག་པ་ལས་ཞེས་པ་ལ། ཡེ་ཤེས་ཚོགས་དེ་སྟོང་པ་ཉིད་དམ་སྔགས་ལ་སོགས་པས་ཕྱི་ནང་མ་ལུས་པ་སྟོང་པ་ཉིད་དུ་གནས་པ་སྟེ། སྤྲོས་པ་དང་བྲལ་བས་ཆོས་སྐུའི་རྒྱུ་ཞེས་པའི་དོན་ཏོ། །དེ་རྣམས་རྒྱུ་སྟེ་སྔོན་དུ་བྱ་བའི་རིམ་པའོ། །སྔགས་བསྐྱེད་འབྱུང་བ་གཞས་ཡས་བཅས། །ཉི་སྟེང་ཞེས་བྱ་བའི་དོན་ལ། རྡོ་རྗེ་བསྲུང་བ་བློ་རབ་རྣམས་ལ་ནི། གོང་ནི་གོང་གི་དག་པས་སྟོང་པ་ཞེས་བྱ་སྟེ། ཕྱིས་གཞལ་ཡས་ཁང་གྲུབ་པའི་དུས་སུ་སྲུང་ཡང་སྣང་ལ་རྣལ་འབྱོར་པ་བློ་བརྟེན་ནོ་ཞེས་པ་དང་འབྲེལ། ཐ་མའི་གང་ཟག་རྣམས་ལ་ནི། དང་པོ་ཡོད་པའི་བློ་བརྟན་པའི་ཁང་པ་གྲོང་གི་རྐྱེན་གྱིས་མི་གཡོ་སྟེ། བློ་བྱེ་བྲག་ཡིན་པའི་ཕྱིར་རོ། །སྔགས་བསྐྱེད་ནི་ཡཾ་དང་རཾ་དང་བཾ་ལཾ་སུཾ་ལས་འབྱུང་བའི་དཀྱིལ་འཁོར་རིམ་པས་བསྐྱེད་ཅེས་པའི་དོན་ཏོ། །རི་རབ་ལ་སོགས་པའི་ཁང་པར་རང་གི་ཁ་དོག་དང་མཐུན་པའོ། །དེ་སྟེང་བྷཱུཾ་ལས་གཞལ་ཡས་ཁང་པ་རིན་པོ་ཆེ་ལྔ་ལས་བརྩིགས་པ་སྒོ་བཞི་ཀ་བ་བརྒྱད་པ། རྟ་བབས་བཞི་དང་ཟུར་བཞི་པ། ཕྱི་དང་ནང་གི་རྒྱན་གྱིས་བརྒྱན་པ། དུར་ཁྲོད་བརྒྱད་ཀྱིས་ཉེ་བར་ཀླུ་བས་པ། དུར་ཁྲོད་བརྒྱད་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ལམ་ཞེས་པའི་དོན་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་ཤིང་དང་མཆོད་རྟེན་དང་ལྷ་དང་ཀླུ་དང་སྤྲིན་དང་། ཕྱོགས་ཀྱི་བདག་པོ་རྣམས་མཆོད་པའོ། །རོ་གསར་རྙིང་རྟོག་པ་མེད་པ་དང་། ཅེ་སྦྱང་དང་། ཀང་ཀ་མཆུ་རིངས་ཀྱི་བྱ་དང་། མི་རྟོག་པ་དང་ཕྲ་མོ་རྟོག་པ་སེལ་བའོ། །ཉི་སྟེང་ནི། གཞལ་ཡས་ཁང་གི་དབུས་སུ་སེངྒེ་དང་པདྨ་ཉི་ཟླའི་གདན་བསྐྱེད་པའོ། །ཧཱུཾ་ལས་རྡོ་རྗེར་གྱུར། དེ་ལས་དཔལ་ལྡན་གཉིས་ཀྱི་བདག་།རིག་པ་ཡོད་མེད་ཐུན་མོང་བཟློག་།ཅེས་པ་ལ། ཏིང་ངེ་འཛིན་གསུམ་གྱི་རང་བཞིན། རྐྱེན་གྱི་ངོ་བོ་ཧཱུཾ་དུ་སྣང་བའོ། །དེའི་འོད་ཟེར་གྱིས་ལས་གཉིས་བྱས། སངས་རྒྱས་ཀྱི་སྙིང་པོ་ཞུགས་ནས། ཐུགས་ཀྱི་རང་བཞིན་དང་ཧཱུཾ་རིང་པོར་གྱུར་པའོ། །ཡང་འོད་འདུས་པས་གཉིས་བྱས་ཏེ། དཔལ་ལྡན་གཉིས་ཀྱི་བདག་། མཆོག་དང་ཐུན་མོང་གི་བདག་པོ་སྤྲུལ་སྐུ་རུ་སྣང་བའོ། །རིག་མ་ཡོད་མེད་ཐུན་མོང་བཟློག་ནི། ཡུམ་ཡོད་ན་མཆོག་གི་འབྲས་བུ་ཤས་ཆེ་སྟེ་གྲིབ་མ་བཞིན་གྲུབ་ཅེས་པའི་དོན་ཏོ། །རིག་མ་མེད་པ་ནི་ཐུན་མོང་དང་འབྲེལ་ཏེ་ཡུམ་མེད་པའོ། །མཐིང་ནག་གོས་སྔོན་སྐུ་ལ་གསོལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །སྦྲུལ་ཞགས་བཞིས་ལུས་རྣམ་པར་བརྒྱན། །སྤྱན་དམར་མཆེ་གཙིགས་སྦྲུལ་ཞགས་ཟ། །གསུས་ཁྱིམ་ཆེ་ཞིང་འཇིགས་པ་ཅན། །ཞེས་པ་ལ། མཐིང་ག་རུ་བྱུང་བ་ནི་དོན་སྟོང་པ་ཉིད་ལ་འགྱུར་བ་མེད་པའོ། །གོས་སྔོན་སྐུ་ལ་གསོལ་བ་ནི། ། རིགས་འཛིན་པ་དར་ལྗང་གུའི་ཁ་ཅག་ཅན་ནོ། །རྡོ་རྗེ་དྲིལ་བུ་ནི་གཡས་ན་རྡོ་རྗེ་རྩེ་ལྔ་པ་ལ་ཁྱུང་ལྔ་དང་། རིགས་ལྔའི་ས་བོན་བཀོད་པའོ། །གཡོན་ཤེས་རབ་ཀྱི་རང་བཞིན་དྲིལ་བུ་ཐོགས་པའོ། །སྦྲུལ་བཞིས་ལུས་ལ་བརྒྱན་པ་ནི། རྒྱལ་རིགས་དང་རྗེའུ་དམར་པོ་དང་། བྲམ་ཟེ་དཀར་པོ་དམངས་རིགས་ནག་པོས་རྣ་ཆ་ལ་སོགས་པ་བྱས་པའོ། །སྤྱན་དམར་བ་ནི་སེམས་ཅན་ཆགས་པ་ཞེས་པའི་དོན་ཏེ། གདུག་པ་ཟིལ་གྱིས་གནོན་པ་ཡང་ཞེས་བྱའོ། །མཆེ་བ་གཙིགས་པ་ནི་བདུད་བཞི་དང་སྡང་བ་འདུལ་བ་སྟེ་དོན་བྱེད་པའི་རྟགས་སོ། །གསུས་པ་ཆེ་བ་ནི་སྟོང་པ་ཉིད་དང་འབྲེལ་བའི་དོན་ཏོ། །འཇིགས་པ་ཅན་ནི་གཤེ་བའམ་དཔའ་ལ་སྒེག་པའོ། །དེ་གསལ་མདུན་དུ་དཀྱིལ་འཁོར་དགུག་།མཆོད་དང་གཏོར་མས་མཉེས་བྱས་ནས། །བདག་བྱིན་བརླབ་པའི་གསོལ་བ་གདབ། །དབང་ཐོབ་གྱུར་ནས་གསང་སྔགས་བཟླས། །ཞེས་པ་ལ། དམ་ཚིག་པའི་རྒྱན་ཆ་དང་ཕྱག་མཚན་གསལ་ནས། ཧཱུཾ་གི་འོད་ཀྱིས་འོག་མིན་ནས་ཡེ་ཤེས་ལྷ་ཚོགས་དགུག་ཅེས་པ་དང་འབྲེལ་ཏེ། བཛྲ་ས་མནྟ་ཛཿཞེས་པས་སོ། །ཡེ་ཤེས་པ་དང་ལྷན་ཅིག་པའི་བགེགས་བཛྲ་ཡཀྵ་ཧཱུཾ་ཕཊ། ཅེས་པས་དེངས་པར་བྱའོ། །དེ་ལ་བདག་དོན་སྔོན་དུ་འགྲོ་བས་མཆོད་ཡོན་དང་ཡིད་ཀྱི་མཆོད་པ་དབུལ་ཞེས་པའོ། །གཞན་ལ་ནི་ཕྱི་མཆོད་དངོས་དང་གཏོར་མ་སྨན་གྱིས་མཆོད་ལ་གསོལ་བ་གདབ་པའོ། །བདག་བྱིན་གྱིས་བརླབ་པའི་གསོལ་བ་གདབ་པ་ནི། ཨེ་མ་དཔལ་ལྡན་གོས་སྔོན་ཅན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ལུས་ཀྱི་རྟོག་པ་བསལ་བའི་ཕྱིར། །བདག་ལུས་བདེ་གཤེགས་སྐུར་བྱིན་རློབས། །ངག་དང་ཡིད་ལ་ཡང་ཡང་བརྗོད། །དེ་ནས་གནས་གསུམ་དུ་ཨོཾ་དང་ཨཱཿདང་ཧཱུཾ་དཀར་པོ་དང་དམར་པོ་དང་མཐིང་ག་གནས་སུ་བལྟས་ཏེ། འབྲུ་གསུམ་ལས་འོད་ལངས་ཏེ་སྡོམ་མམ་ཀཾ་ངག་འོད་ནག་པོ་བསྡུས་ཏེ་བསྲེགས་ཤིང་སྦྱང་སྟེ་དེས་ནི་ཀུན་གཞི་ལ་བག་ཆགས་ཡོད་པའི་མཛེའི་ས་བོན་ཡང་སྦྱངས་ཤིང་བསྲེགས་ནས། རང་རང་གི་ཕྱག་མཚན་དང་སྐུ་རུ་གནས་སུ་དགོད་པ་ལ། ཡེ་ཤེས་པ་བསྟིམ་པ་ནི་རང་གི་བདག་པོའོ། །ཡང་འོད་ཀྱིས་མདུན་ན་གནས་པ་དང་། རིགས་ལྔ་སངས་རྒྱས་གནས་ནས་བསྟིམས་པའོ། །དབང་ཐོབ་ནི་བླ་མས་རིགས་ཀྱི་བདག་པོ་བསྐུལ་ཏེ། རིགས་ལྔས་ཤར་ནས་ཆུའི་དབང་དང་། མེ་ལོང་གསལ་བ་རྒྱུད་ལ་བསྟིམ་པ་དང་། ཞེ་སྡང་རྣམ་པར་དག་པའོ། །ལྷོ་ནས་དབུ་རྒྱན་གྱིས་མཉམ་པ་ཉིད་དང་། ང་རྒྱལ་ལམ་སེར་སྣ་སེལ་བའོ། །ནུབ་ནས་རྡོ་རྗེ་ནི་སོ་སོར་རྟོག་པས་འདོད་ཆགས་སེལ་བའོ། །དེ་ནས་དྲིལ་བུས་བྱ་བ་ཡེ་ཤེས་དང་ཕྲག་དོག་སེལ། དབུས་ནས་མིང་དང་རྡོ་རྗེ་དྲིལ་བུ་གཏི་མུག་སེལ་ཅིང་ཁྱབ་བྱ་བ་སྟིམ་པའོ། །ཏི་ལ་མར་ལ་མར་བསྐུས་ཁྱབ་པ་བཞིན་ཏེ། ཐོབ་པ་ནི་དབུ་ལ་རིགས་ལྔས་བརྒྱན་པའོ། །ཡང་བདག་པོ་དང་རིགས་ལྔ་སྦྱོར་བ་བྱས་ལ། ཐིག་ལེ་ཨཾ་དང་ཧཱུཾ་གི་རྣམ་པར་ཐུགས་རྗེ་ཆེན་པོའི་དང་དུ་ཞུ་ནས། གུཧྱ་ཨ་བྷི་ཥིཉྩ་ཞེས་པ་དང་། སློབ་མས་ཨ་ཧོ་སུ་ཁ་བརྗོད་ནས། ལྕེ་ལ་བྱིན་པ་དག་ལས་གྱུར་པའི་ཉོན་མོངས་པ་དག་སྟེ། སྔགས་ཟློས་པ་ནུས་པ་མཐུ་ཅན་དུ་གྱུར་ནས། གསུང་དབྱངས་ཡན་ལག་བརྒྱད་ཅུའམ། དྲུག་ཅུ་དང་ལྡན་ཏེ་ལྕེ་རྡོ་རྗེའི་རང་བཞིན་དུ་སོང་བའོ། །དབང་གསུམ་པ་དང་བཞི་པའི་ཡོན་ཏན་འོག་ནས་གོང་དུ་འཕེལ་བར་འགྱུར་ཞེས་པ་སྟེ། ཐུན་མོང་གཙོར་བྱས་པའོ། །མཆོག་རྣམས་ཀྱིས་ནི་གསུམ་པ་དང་བཞི་པ་རིམ་པས་བླངས་ཏེ། ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པ་ལས། ཕྱོགས་བཅུར་ལྷ་མོས་གསོལ་བ་བཏབ་སྟེ། ཡན་ལག་ལྔའི་ཚུལ་གྱིས་སྐུ་ལངས་ཏེ། སྔགས་བཟླས་ཞེས་པ་དང་འབྲེལ་ཏོ། །གསལ་བ་རྣམ་གཉིས་རགས་དང་ཕྲ། །ཞེས་པ་ནི། གསལ་བ་གཉིས་ནི་གཙོ་བོ་དང་རྟེན་གཞལ་ཡས་ཁང་དང་སྲུང་བ་གསལ་བའོ། །རགས་པ་ནི་གཙོ་བོ་གསལ་བ་སྟེ། ཕྱི་སྐུ་མདོག་དང་རྒྱན་ཆ་གསལ་བའོ། །ཕྲ་བ་ནི་ནང་གི་སེམས་དཔའ་སུམ་བརྩེགས་གསལ་བའོ། །དེས་ནི་ཏིང་ངེ་འཛིན་གྱི་རིམ་པའོ། །རྒྱུད་སྦྱོང་རགས་དང་ཕྲ་བའོ། །རགས་པ་གཉིས་ཏེ་བ་ཐག་དང་། །བ་ཐག་མེད་དོ་གཉི་ག་ལ། །མགལ་མེ་ཕྲེང་བ་ཉི་མའི་ཚུལ། །ཞེས་པ་ལ། རྒྱུད་སྦྱངས་པའི་བཟླས་པ་ལ་རགས་པར་བཟླས་པ་དང་ཕྲ་བར་བཟླས་པའོ། །རགས་པ་བ་ཐག་ཡོད་པར་ཟློས་པ་ནི། ལུས་ངག་ཡིད་ཀྱི་སྒྲིབ་པ་དུས་མཉམ་དུ་སྙིང་ག་ནས་སྡོམ་མམ་ཀཾ་འོད་ཕུང་དུ་འཐོན་ཏེ་སརྦ་པཱ་པཾ་ཨུ་ཙ་ཏ་ཡ་ཞེས་པ་དང་འབྲེལ་ཏོ། །གོང་གི་མ་ལུས་པ་ལྟེ་བར་རཾ་ལས་མེས་བསྲེག་ད་ཧ་ཛྭ་ལ་རཾ་ཞེས་པ་དང་འབྲེལ་ཏོ། །ཐལ་བ་མ་ལུས་སྤྱི་བོ་ནས་ཧཾ་དཀར་པོས་ཆུ་རྒྱུན་ཕབ་སྟེ། ཤུདྡྷོུ྅ཧཾ་ཞེས་པའི་དོན་དང་འབྲེལ་ཏེ་ཡིད་དང་ངག་གི་ལས་སོ། །བ་ཐག་ཡོད་པ་ནི་ལུས་ངག་ཡིད་ཡོ་འོད་ཀྱི་སྐུད་པས་སྦྲེལ་བའི་ཚུལ་དེ་བདག་པོའི་སྔགས་ལས་ཤེས་པའི་འོད་ཀྱི་སྐུད་པས་སྦྲེལ་ནས་འདོན་ཞིང་སྲེག་། ཅེས་པའོ། །བ་ཐག་མེད་པ་ནི་འོད་ཀྱི་སྐུད་པ་སྦྲེལ་བ་མ་ཡིན་འོད་ཟེར་གྱིས། ལུས་ངག་ཡིད་གསུམ་གྱི་ལས་ཀྱི་འབྲས་བུ་འབྱར་ལ་མ་རེག་པར་འདོད་པའོ། །དེས་ནི་འབྲས་དང་ཡེ་མོ་རླུང་གིས་འབྱེད་པ་བཞིན་ནོ། །མགལ་མེ་ནི་བར་མ་ཆད་པའོ། །ཕྲེང་བ་ནི་ཡིག་འབྲུལ་འོད་ཟེར་ཞོན་པའོ། །ཉི་མ་ནི་འོད་ཟེར་ལུས་ཡོ་ལ་བདལ་བའོ། །ཕྲ་བ་ཡང་གསུམ་དུ་བྱུང་བ་ནི། ཧཱུཾ་སྐུལ་སྲེག་པ་རཾ་ཡིན་ཏེ། །ལྟེ་བར་བ་ཀྲུབ་སྤྱི་བོ་ཨ། །ཞེས་པ་ལ། ཕྲ་བ་གསུམ་དུ་བྱུང་བ་ནི། དུས་མཉམ་དུ་མ་ཡིན་ཏེ་ལུས་ངག་ཡིད་ཀྱི་སྒྲིབ་པ་རེ་མོས་ཞེས་པར་སྙིང་ག་ནས་སྡོམ་མམ་སྡིག་པར་བཏོན་ལྟེ་བ་རཾ་མེར་སྲེག་། སྤྱི་བོ་ཨས་བསྲེགས་པའི་ཐལ་བ་བཀྲུ་ཞེས་པའོ། །ངག་གི་ཀཾ་ནག་པོ་ཞིབ་མོར་སྙིང་ག་ནས་བཏོན་ལྟེ་བར་སྲེག་སྤྱི་བོ་ནས་བཀྲུ་ཞེས་པའོ། །ཡིད་ཀྱི་འོད་དཔུང་དུ་བཏོན་པ་དང་བསྲེག་པ་དང་བཀྲུ་ཞེས་པའི་གོང་དུ་བཤད་པར་བསམས་ཏེ། ཀུན་གཞིའི་སྒྲིབ་པ་སྦྱང་ཞེས་པའོ། །མཚན་མ་འདོད་པ་རྣམ་པ་ལྔ། །ཡུམ་ལ་བསྐོར་བ་རྣམ་གསུམ་དང་། །ཡེ་བདག་རྣམ་པ་གསུམ་ཞེས་པ་ལ། མཚན་མ་འདོད་པ་ལྔ་ཟློས་ལུགས་ལྔའོ། །ཡུམ་ལ་བསྐོར་བ་རྣམ་གསུམ་ནི། །དམ་ཚིག་པ་ཡབ་ཡུམ་དང་ཡེ་ཤེས་གཙོ་བོ་གཅིག་པོ་སྟེ་ཐུགས་དང་འོག་སྒོ་ཡང་གཟུང་ངོ་། །ཡེ་ཤེས་པ་དང་རྣམ་པ་གསུམ་ནི་ཡེ་ཤེས་ཡབ་ཡུམ་དང་དམ་ཚིག་པ་གཙོ་བོ་སྟེ་གོང་དང་གོང་བཟློག་ཅེས་པའོ། །འཁོར་དང་ཡུམ་བསྐོར་གོང་དང་འདྲ། བདག་བསྐོར་ཉི་བསྐོར་ཐ་མ་ནི། །སྙིང་གར་བསྐོར་རོ་མཚན་མ་འབྱུང་། །ཞེས་པ་ལ། འཁོར་དང་ཡུམ་བསྐོར་གོང་མ་འདྲ། །ཞེས་པ་ལ་འཁོར་ཡུམ་ཅན་གཙོ་བོ་ཡུམ་མེད་དོ། །བདག་རང་གི་བཟླས་པ་ལ་ཡུམ་ཡོད་ན་ཡུམ་དང་འཁོར་བ་དང་། ཡུམ་མེད་ན་སྙིང་གའི་ཡེ་ཤེས་སེམས་དཔའི་རྡོ་རྗེ་ཧཱུཾ་ཅན་ལ་བཟླས་པ་སྟེ། མགལ་མེའི་ཕྲེང་བ་ཉི་མ་ནི་ཡོ་ལ་སྦྱོར་བའོ། ། གྲངས་ནི་འབུམ་དང་ཉིས་འབུམ་སུམ་འབུམ་དང་བདུན་འབུམ་དང་། བྱེ་བ་དང་ཉི་ཤུ་དང་། ལུས་ངག་ཡིད་གསུམ་རེ་རེ་སྤྱིར་གཅིག་སྟེ། ཉི་ཤུ་རྩ་བཞིའོ། །དེ་ནི་གྲངས་ཀྱི་བསྙེན་པ་སྐྱེལ་བ་སྟེ། འོད་ཟེར་དཀར་པོ་སྒྲིབ་པ་སྦྱང་། །ཞེས་པའོ། །ཉེ་བསྙེན་ཡེ་ཤེས་པ་ལ་འོད་ཀྱིས་མཆོད་ནས། ལས་དང་སྒྲིབ་པ་སྦྱོང་བ་སྟེ་འོད་ཟེར་དཀར་པོ་ཆུ་རྒྱུན་ཅན་དང་འབྲེལ་ཏེ་ཡེ་ཤེས་བསྟིམ་པ་ཡང་གཟུང་ངོ་། །བསྒྲུབ་པ་ཡང་འོད་ཟེར་དཀར་དམར་ཏེ། དམར་པོས་བསྲེག་ཅིང་དཀར་པོས་འཁྲུད་དེ་དཔེ་ཉི་མ་བཞིན་ནོ། །བགྲང་བའི་སྙིང་པོ་ཡང་གཙོ་བོའི་སྙིང་པོ་དངོས་དྲག་སྔགས་འབྲེལ་བས་བཟླས་ཞེས་པའོ། །བསྒྲུབ་པ་ཆེན་པོའི་བཟླས་པ་ཡང་བསྒྲུབ་པའི་སྙིང་གའི་ཧཱུཾ་ལས་མེ་འཕྲོ་བའི་རྣམ་པ་ལྟེ་བར་རཾ་ལས་འབར་བ་སོར་བཞི་དང་མཐོ་གང་ཁྲུ་གང་མཆོད་དེ་མེས་འབར་ཞིང་བསྲེག་འཕྲོས་པས་ཡས་འཕྲོ་ཀུན་གཞིའི་སྒྲིབ་པ་དང་། གདོན་གྱི་ནུས་མཐུ་དང་གདོན་གྱི་གནོད་སེམས་མེ་སྟག་འཐོར་ཞིང་འཕྲོས་བསྲེགས་ཏེ། ཡེ་ཤེས་པ་དང་འཕྲོ་འདུ་སྔགས་ཀྱིས་ཀྱང་མེའི་རང་བཞིན་གྱིས་དུས་གཅིག་པར་དྲག་པོ་ཚུལ་དུ་འཚིག་པའོ། །རྣམ་པར་སྨིན་པའི་ལུས་བསྲེགས་ཡེ་ཤེས་ཕྱག་རྡོར་གྱུར་ཡེ་ཤེས་བསྟིམ་པར་བྱ། བགྲང་བའི་སྙིང་པོ་ཡང་ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱམྦ་རདྷཱ་ར་ཎི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ་ཧཱ་པ་ཨོཾ་སྭཱ་ཁྲི་གོ་བཟློག་བཟླས་པའོ། །ཐུན་བཞིའི་རྣལ་འབྱོར་གྱིས། བཟླས་པའི་སྔགས་འདི་རྣམས་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ། མཛེ་ལ་སོགས་ཏེ་ནད་ཀྱི་ཐུག་རྡུ་འབྱིན། གནོད་པའི་བགེགས་ལ་འཆི་སྙམ་པ་འབྱུང་། བྲོས་ཏེ་འགྲོ་བ་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འོང་སྙམ་པ་དང་དངོས་གྲུབ་ཀུན་དང་འབྲེལ་ཞེས་པ་སྟེ། དེས་ནི་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ནི་མཚན་མ་འདོད་པའོ། །མཚན་མ་བྱུང་འོད་སྒྲ་སྐུ་སྟོན་སྒྱུར་བཟློག་ནི། སྔགས་གྲུབ་པ་དང་ནང་ཐོན་པ་དང་། གདོན་ཐུབ་པ་སྟེ་གོས་སྔོན་པོ་གོན་པ་དང་མེ་ཏོག་སྔོན་པོ་ཐུ་བ་ལ་སོགས་པ་དང་། ལུས་ལས་རྣག་ཁྲག་ཐོན་པ་ལ་སོགས་པ་དང་། ཉ་སྦལ་ལ་སོགས་པ་རིད་ཅིང་མེ་ནང་བསྲེགས་པའོ། །འོད་ནི་ཐ་མའོ། །སྒྲ་འབྲིང་སྐུ་རབ་སྟེ། དགའ་མི་དགའ་སེམས་དང་བྲལ་བའི་སྒྱུ་མས་བཟློག་ཅེས་པའོ། །བསྐྱེད་རིམ་པ་ཀུན་བརྟགས་ལམ་དུ་བྱ་ཞེས་པའི་དོན་ཏོ། །དེ་རྗེས་སངས་རྒྱས་ལུང་སྟོན་ནི་སྤྲུལ་སྐུ་དངོས་ཆོས་སྟོན་ཏེ། བསྐྱེད་པའི་རིམ་པའི་མན་ངག་དང་འབྲེལ་ཏོ། །གྲོགས་ནི་ཁྲུས་དང་སྲེག་དང་ཚ། །བདུད་རྩི་ཚོགས་དང་གཏོར་མས་བྱ། །དེ་ནས་གསེར་ལ་སོགས་པ་གྲུབ་པ་ལ། །བསྐྱེད་རྫོགས་ཀྱི་གྲོགས་བསྟན་པ་ཡིན་ཏེ། ཁྲུས་ནི་ཕྱི་དང་ནང་ངོ་། །དེ་གཉིས་ཀྱིས་ཐམས་ཅད་བདག་ཅེས་པའོ། ། ཕྱི་དྲི་ལྔ་རིག་པས་དག་ཅེས་པའོ། །ནད་ཀུན་ཀྱང་སེལ་བ་མི་རྟོག་པའི་སྲེག་པ་སྟེ། ཕྲིན་ལས་བཞིས་སྲེག་གོ། །དེས་དངོས་གྲུབ་བཞི་གྲུབ་པའི་ཕྱིར་སྦྱིན་སྲེག་གོ། །ཚེ་ནི་ཕྱི་ཚེ་དང་ནོར་རྣམ་ཐོས་བུ་དང་འབྲེལ་པས་ནོར་འཕེལ་ཞིང་ཚེ་བརྟན་པའོ། །ནང་གི་ཚེ་རིན་པོ་ཆེ་ག་བུའི་ནང་དུ་བརྟན་ཞེས་པའོ། །བདུད་རྩི་ནི་བདུད་རྩིའི་རྣམ་པ་ལྔ་དང་འབྲེལ་པ་སྟེ། རྐྱང་པའམ་བཅུད་ལེན་གྱི་སྒྲུབ་ཐབས་དང་འབྲེལ་ཏོ། །ཚོགས་ཀྱི་ཚོགས་འཁོར་དང་དཔའ་བོའི་སྟོན་མོ་དང་། ཚོགས་མཆོད་དེ་ཚོགས་ཀྱི་མན་ངག་ལས་ཤེས་པར་བྱའོ། །གཏོར་མ་ནི་ཕྱི་དང་ནང་ངོ་། །དྲུག་པོ་དེས་གསེར་ལ་སོགས་པ་འགྲུབ་སྟེ། ཐུན་མོང་གི་དངོས་གྲུབ་རྣམས་སོ། །དེ་ཡུམ་ལྕང་ལོ་ཅན་གྱི་རྒྱུད་ནས། རིལ་བུ་རྐང་མགྱོགས་མིག་སྨན་དང་། །གཏེར་དང་དགྲ་བོ་ཚར་གཅོད་དང་། །གནོད་སྦྱིན་མོ་དང་བདུད་རྩི་ལེན། །རལ་གྲི་འཇིག་རྟེན་དངོས་གྲུབ་ཆེན་པོ་བརྒྱད། །བཟླས་པ་ཚོགས་དང་གཏོར་མ་རྣམས་ཀྱིས་འགྲུབ། །ཅེས་རྡོ་རྗེ་འཆང་གིས་གསུངས་སོ། །མཆོག་འདོད་པ་ཡི་སེམས་ཅན་གྱིས། སྙིང་གའི་སྦྱོར་བ་གསུམ་གྱི་རྩ། །ཡི་གེ་ཐིག་ལེས་ཡང་དག་མཚན། །ཞེས་པ་ལ་སོགས་པའི་མན་ངག་སྟོན་པ་ཡིན་ཏེ། མཆོག་འདོད་པའི་འབྲས་བུ་བླ་ན་མེད་པ་ཕྱག་རྒྱ་ཆེན་པོ་འདོད་པའོ། །སེམས་ཅན་ནི་དེ་བསྒྲུབ་པའི་གང་ཟག་སྔགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །སྙིང་ག་སྦྱོར་བ་ནི་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་མེ་ལོང་དོ། །རྩའང་བ་སོ་གཉིས་དང་། བཅུ་དྲུག་དང་བརྒྱད་དང་དྲུག་ཅུའོ། །གསུམ་ནི་ཨ་ཝ་དྷཱུ་ཏཱི་ལ་ལ་ནཱ་ར་ས་ནཱ་འཇའ་ཚོན་གྱི་ཚུལ་དུ་གནས་ཞེས་པའོ། །ཡི་གེའི་ཐིག་ལེ་ནི་ཨཱ་ལི་ཉིས་ལྔ་བ་དང་། བཅུ་དྲུག་རྐྱང་པ་དང་། སྡེ་ཚན་བརྒྱད་དང་། ཀཱ་ལི་ཉིས་ལྔ་བ་འཁོར་ལོ་ལའོ། །དྷཱུ་ཏཱི་ན་ཧཱུཾ་ངོ་། །གཡས་ན་ཨཱ་ལི་གཡོན་ན་ཀཱ་ལིའི་ཐིག་ལེ་འཁྱགས་པའི་དངོས་སོ། །དབུས་ནས་ཐབས་དང་ཤེས་རབ་འབར། །ཐིག་ལེ་བསམ་མོ་འགྲོ་བའི་ཚེ། །ཞེས་པས་དབུས་ཐབས་དང་ཤེས་རབ་འབར་ནི་སྙིང་གར་ཉི་ཟླའི་བར་དུ་ཨ་ཐིག་ལེའི་ངོ་བོར་གནས་པའི་ཧཾ་དང་། ཨོཾ་ཨཱ་ཡཾ་རིམ་པས་བསམ་པ་སྟེ་ཐིག་ལེའི་ངོ་བོའོ། །འགྲོ་བའི་ཚེ་ནི་རླུང་སྔོན་པོ་ལྔས་གཏུམ་མོའི་མེ་བུས་ཏེ། སྟོང་པ་ཉིད་གསུམ་གྱི་ནང་ན་ཡར་མེ་སོང་སྟེ། སྙིང་གར་ཉི་ཟླ་གསུམ་ལས་སྣང་སྟོང་གི་མེ་འབར་ཏེ་བདེ་བ་ཆེན་པོ་ཐོབ་ཞེས་པའི་དོན་ཏོ། །དེ་ནས་ཡར་ལ་སངས་རྒྱས་ཞིང་ཁམས་གཞན་ནས། བྱང་ཆུབ་བ་ཆུའི་ངོ་བོ་བཀུག་ནས་རྒྱུད་བརླན་ཞེས་པའོ། །དེ་ན་དབྱུ་གུ་ཆུ་ཚོད་འཕོ་བ་ཐུན་གྱི་བར་དུ་བསྒོམ་ཞེས་པའོ། །དབང་པོ་གང་དང་གང་གི་རྩ། །ཁ་ཕྱེའི་སྟེང་དུ་ཐིག་ལེ་བསམ། །ཞེས་པ་ལ། དབང་པོ་ཡུལ་ལ་འཕྲོ་བར་གྱུར་ན། དབང་པོ་ལྔ་པོ་གང་ཡུལ་ལ་འཕྲོ་བའི་ཚེ། གཟུགས་དང་སྒྲ་ལ་སོགས་པ་ལ་ཁ་ཕྱེ་སྟེ། རང་རང་གི་ཡུལ་སྟོང་པར་མེ་འབར་བར་ཞེས་པའོ། །བ་ཐག་ཕུག་ནས་ཐིག་ལེ་ལ་བློ་གཏད་ནས། འཇུག་པ་བ་ཐག་གཞི་པོར་ཐི་མ། །ཞེས་པ་ལ། བ་ཐག་ནི་དངོས་པོར་སྣང་བའི་ཡུལ་ལོ། །ཐག་པ་དང་འདྲ་བར་འཛིན་པ་ཡིན་པའི་ཕྱིར་རོ། །ཕུག་ནས་ནི་སྣང་བ་ལམ་དུ་ཁྱེར་བ་སྟེ། །སྣང་བ་ཐིག་ལེ་རང་བཞིན་དུ་གྱུར་བའོ། །ཐིམ་མོ་དེ་ལ་བློ་གཏད་ནི་སྣང་བ་དང་སྟོང་པ་གཅིག་ཏུ་ཐིམ་ཞེས་པའི་དོན་ཏེ། བདེན་པ་གཉིས་འདྲེས་པའི་ལམ་མོ། ། དེ་ནི་དོན་སྟོང་པ་སྟེ། འདྲིས་པར་བྱ་བའི་ཡུལ་ལོ། །འཇུག་པ་བ་ཐག་ནི་རྣམ་ཤེས་འཕོ་འཇུག་སྟེ། སྐྱེ་བ་དང་རྨི་ལམ་དང་སྲིད་པར་འཁོར་བ་རྩད་ནས་གཅོད་པའོ། །དོན་གྱི་ངོ་བོས་གནས་པས་སྟོང་པ་གཅིག་ནས་གཅིག་ཏུ་འཕོ་བ་སྟེ། རང་བཞིན་གནས་པ་ནི་གཅིག་གི་ཤེས་པའོ། །བ་ཐག་ནི་ཀུན་བརྟགས་ཀྱི་རྟོག་པའོ། །བཞི་པོར་ཐིམ་པ་ནི། གཞི་གནས་པའི་ངོ་བོ་སྟོང་པ་ཉིད་ལ་མ་ལ་བུ་ཐིམ་ཞེས་པ་སྟེ། འབྲས་བུ་རང་བཞིན་ནོ། །དབང་པོ་ཐིག་ལེ་མེད་པ་ལ། །འབྱུང་འཇུག་ཕྲ་བའི་བ་ཐག་ནི། །སྐོར་བདུན་འོང་དང་འགྲོ་བས་འགྲུབ་ནི། རླུང་རྐྱང་པ་ལ་སྒོམ་པ་སྟོན་པ་ཡིན་ཏེ། དབང་པོ་ཐིག་ལེ་མེད་པ་ནི། བུ་དང་ཐིག་ལེ་མི་སྒོམ་སྟེ། །རླུང་ལ་རྡོ་རྗེ་བཟླས་པ་བྱ། །ཞེས་པའོ། །རླུང་ནི་འཁོར་བར་བསྐྱེད་པའི་རྟ་ཡིན་པས། རླུང་ཉིད་ལམ་དུ་བསླང་ཞེས་པའོ། །འབྱུང་བའི་ཕྱིར་ལུས་ལས་རླུང་འབྱུང་བ་སྟེ། སྟོང་པ་ཉིད་དང་འགྲོགས་པར་འགྲོགས། །ཞེས་པའི་བ་ཐག་དང་འབྲེལ་ཏོ། །འཇུག་པ་ནི་རླུང་ལུས་ལ་འཇུག་པ་སྟེ། ནང་དུ་སྟོང་པའི་ཐིག་ལེ་ཆེན་པོ་དང་། འགྲོགས་པར་བྱས་ལ། འཇམ་པ་ཉིད་དུ་ཡུན་རིང་དུ་ནང་དུ་བཟླ་ཞེས་བྱའོ། །ཕྲ་བ་ནི་རླུང་དག་པའི་རང་བཞིན་ཕྲ་བས་ཀྱང་ཤིན་ཏུ་ཕྲ་བའི་ངོ་བོ་ལ་གནས་པའོ། །བ་ཐག་ནི་རྟོག་པའི་མེ་ཆུ་རབ་ཏུ་ཞི་བ་ལས་ཞི་བའོ། །སྐོར་བདུན་འང་དང་འགྲོ་བས་འགྲུབ་ནི། ཕྱི་ནང་དུ་འོང་བ་དང་འགྲོ་བ་སྟེ། སེམས་གཟུང་བའི་ཡུད་ཟད་དོ། །འགྲུབ་དངོས་སུ་བས། ལ་བཟླ་ཕྱག་རྒྱའི་དངོས་གྲུབ་འགྱུར་ནི། ལ་བཟླ་བ་ནི་སྲེད་པའང་བླ་མར་བྱས་ཞེས་པ་སྟེ། སྟོང་པ་ཉིད་དུ་སྟོན་པའི་ཕྱིར་རོ། །བདེན་པ་གཉིས་ཀའི་འཛིན་པ་དང་བྲལ་བ་སྟེ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་སྔོན་སོར་སླེབས་པའོ། །དེ་ནས་མཐའ་བྲལ་སྟོང་པར་སོང་བ་ནི། དབུ་མ་པའི་འདོད་པ་སྟེ། བླ་མའི་མན་ངག་དང་བྲལ་བའི་དབུ་མ་ཡང་འབྲིང་པོ་ཙམ་ཉིད་དོ། །བླ་མའི་མན་ངག་གིས་རབ་བརྒྱན་པ་ཡི། །རྣམ་བཅད་ཡོངས་གཅོད་མེད་པ་ཡི། །བདེ་བ་སྟོན་པ་ཆེན་པོ་ནི། །རང་བཞིན་ཕྱག་རྒྱ་ཆེན་པོ་སྟེ། །དངོས་གྲུབ་འགྱུར་ཞེས་པའི་དོན་ཏོ། །དེ་ནི་རྫོགས་པའི་འབྲས་བུའོ། །འདི་ནི་གང་ཟག་སྣོད་ཅན་ལས། །གཞན་ལ་སྦྱིན་པར་མི་བྱའོ། །ཞེས་པ་ལ། འདི་གཞུང་བླ་མས་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ཡིན་པས་གང་ཟག་སྣོད་ཅན་ལ་བསྟན་པ་ཡིན་ཏེ། སྒང་བུ་དམའ་བཞིན་དད་པ་བརྟན། །སེམས་ཅན་འགྲོ་བའི་དོན་ལ་དགའ། ། ཐོས་པ་མང་བ་ཡིད་ཆེས་བརྟན། །བརྩོན་འགྲུས་དྲག་ལ་བསམ་གཏན་མོས། །ཟབ་མོའི་དོན་ལ་ཆོག་མི་ཤེས། །ཚོགས་དང་ཚ་ཚ་ལ་སོགས་པ། །ཐར་པའི་ལམ་ལ་ཤིན་ཏུ་མོས། །དེ་ལ་དེ་ཡིས་བསྒྲུབ་ཅེས་པའོ། །སྨོན་ལམ་དགེ་རྩ་བསྔོ་ལེགས་པས། །གསང་བ་ཟབ་མོའི་དོན་དང་སྤྲད། །འདི་རུ་འབད་རྩོལ་དྲག་པོ་ཡིས། །དགེ་བ་བག་ཆགས་སྟོབས་རྣམས་སྐྱེས། །ཐར་པའི་ལམ་དུ་འགྲོ་བར་ངེས། །གཞན་ཡང་གང་ཟག་ཕལ་བ་རྣམས། །སྡུག་བསྔལ་ཀུན་འབྱུང་ལམ་ལ་རབ་གནས་པས། །དད་པ་ཞན་ཅིང་ངོ་ཚ་ཆུང་། །ཁྲེལ་འཛེམ་མེད་ལ་སྐྱོ་ངས་ཅན། །ཟས་ནོར་ཆགས་པའི་དབང་ལ་མོས། །གསང་བའི་དོན་ལ་མི་མོས་ཤིང་། །དཀོན་མཆོག་སྨོད་ཅིང་མི་དགེ་བཅུ་ལ་མོས། །ལམ་ལོག་རྩ་བ་ཆད་པའི་གང་ཟག་རྣམས་ལ་བསྟན་ན་དམ་ཚིག་ཉམས་ཞེས་པའོ། །བདག་གིས་སྒྲུབ་ཐབས་འདི་བརྩམས་ཞེས་པ་ནས། ཡོངས་སུ་དག་པའི་ས་ཐོབ་ཤོག་གི་བར་ལ་རྩ་བ་ན་གསལ་བས་མ་བྲིས་སོ། །བདག་གིས་མཐོང་ལམ་ས་ནི་དང་པོ་ཐོབ། །འཕགས་པ་གོས་སྔོན་ཅན་གྱི་དངོས་གྲུབ་མ་ཐོབ་ཀྱང་། ། མྲི་ཏ་ཡི་མེ་ཏོག་རྩི་འཁོར་བཞིན། །རང་ཉིད་ལྷག་པའི་ལྷ་ཡི་དངོས་གྲུབ་འདོད་པ་དང་། ། བཅོམ་ལྡན་རྡོ་རྗེ་ཅན་ལ་མོས་པའི་དད་ཤུགས་དང་། །མཁའ་འགྲོ་རྣམས་ཀྱིས་ཀུན་ནས་བདག་བསྐུལ་ཏོ། །སྨོན་ལམ་དབང་གིས་ཀླུ་སྒྲུབ་མན་ངག་དྲན། །བདག་འདྲ་བློ་ཆུང་དམན་པས་བརྩམས་པར་མི་རིགས་ཀྱང་། །དད་པའི་དབང་གིས་རྩ་བའི་འགྲེལ་པ་བརྩམས། ། ཚིག་དང་དོན་ལ་ཉེས་བ་ཤོར་སྲིད་ན། །རིགས་ལྔ་བདེ་བར་གཤེགས་པ་རྣམས་དང་ཡང་། །ནཱ་གཱརྫུ་ན་ལ་སོགས་བླ་མ་དམ་པ་རྣམས། །བདག་འདྲ་བློ་ཞན་དབང་གིས་བཟོད་པར་གསོལ། །བདག་འདྲ་བློ་ཞན་ཤེས་རབ་ཆུབ་བ་དང་། །གང་ཟག་མཆོག་རབ་སྙིང་པོ་དོན་ལ་རབ་ཏུ་མོས་པ་རྣམས། །དངོས་གྲུབ་ཐོབ་པའི་ཆོས་སུ་བདག་གིས་བྲིས། །གསལ་བ་མི་གསལ་རྩ་རབ་དོན་རྣམས་ཀུན། །བདག་གིས་འགྲེལ་ཏིག་འབྲུ་རུ་གསལ་བར་བྱས། །ཐར་པ་ཐོབ་བྱེད་ལམ་ནི་རབ་ཏུ་སྣང་། །བློ་ཞན་སེམས་ཅན་དམན་ལ་ཕན་པ་དང་། །བླ་མའི་མན་ངག་བརྒྱུད་པ་གསལ་འབར་ཕྱིར། །ཟབ་མོའི་དོན་དང་སྦྱར་ནས་བདག་གིས་བྲིས།ཟིས། །འདི་ལ་དགེ་བའི་རྩ་བ་ཅི་ཡོད་གྱུར་པ་དེས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དགེ་བཅུ་དལ་འབྱོར་ལམ་ལ་རབ་བརྩོན་ཞིང་། །དྲོད་དང་རྩེ་མོ་མཆོག་མཐོང་ཡེ་ཤེས་རྣམས། །མ་ལུས་མྱུར་དུ་བདག་གིས་བགྲོད་པ་དང་། །ལས་དང་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས། །ཀུན་རྫོབ་དོན་དམ་ཚུལ་དུ་རབ་གནས་ཏེ། །སྡུག་བསྔལ་གསུམ་དང་བརྒྱད་དང་རབ་བྲལ་ནས། །འབྲས་བུ་ཤུ་བ་གཡན་པ་མཛེ་ལ་སོགས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་ནས་ཞི་བ་དང་། ། དག་པའི་ས་ལ་རབ་ཏུ་གནས་པ་དང་། །འཕགས་པ་གོས་སྔོན་དངོས་གྲུབ་ཐོབ་པར་ཤོག་།མཆོག་རབ་སྙིང་པོ་རྩ་བའི་མན་ངག་པདྨ་འབྱུང་གནས་ཀྱིས་མཛད་པའི་འགྲེལ་པ་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། ཏཏྟྭ་པྲ་དཱི་པཾ་ནཱ་མ་སཱ་དྷ་ནོ་པི་ཀ་ཨ་ཏི།

CLOSE WINDOW