Wylie | e-texts based on the ACIP/ALL ![]() ![]() |
།བླ་མེད་གོས་སྔོན་མཆོག་དང་ཐུན་མོང་ཐམས་ཅད་ཐོབ་པར་ཤོག་།རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་སློབ་དཔོན་ཆེན་པོ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ། །[་]@##། །རྒྱ་གར་སྐད་དུ། ཨཱ་རྱ་ནཱི་ལཱཾ་བ་ར་དྷ་ར་ནཱ་མ་ཏནྟྲ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་གོས་སྔོན་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བ་གང་གིས་མི་ཤེས་རབ་རིབ་སེལ་ཅིང་བདེ་བ་དག་ལ་ལེགས་འགོད་པ། །མགོན་པོ་སྒྲིབ་པ་ཀུན་སྤངས་ཡོན་ཏན་མ་ལུས་ཀུན་གྱི་བདག་ཉིད་འཁོར་ལོ་དཔའ་བོ་སྡེ་དཔོན་ཆེ། །ཉེས་དང་ཉེས་བྲལ་ཀུན་སྤངས་བདེ་བ་བླ་མེད་དག་དང་རབ་བཅས་ཀུན་དུ་སྣ་ཚོགས་དོན་གྲུབ་པ། །རྒྱལ་བ་གསང་ཆེན་རྡོ་རྗེ་ཅན་དང་བདག་པོར་བཅས་ལ་ཀུན་ནས་དང་བས་ཕྱག་འཚལ་ཏེ། །གང་ཞིག་གསལ་བར་མ་བཤད་འགྲོ་བ་ཐམས་ཅད་མུན་འདྲར་འཐོམས་འགྱུར་ཞིང་། །ཤེས་རབ་མིག་དམར་ཕྱེ་ཕྱིར་གང་གིས་གང་བཤད་པ། །དེ་དག་དམན་པར་གྱུར་ཅིང་གསལ་བར་མ་བྱས་པ། །གྲོང་ཁྱེར་སེར་སྐྱ་ལ་སོགས་གནས་པའི་བདག་པོ་ལེགས་མཉེས་དེ་ཡི་སྟོབས་ཀྱིས་འོངས། །ཅི་ནུས་གང་གནས་དཔུང་བཅས་ཤེས་རབ་ལེགས་བསྡམས་གང་ཐོབ་དེ་དག་དགྲོལ་བར་བྱ། །འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པའི་ཚིག་འདི་དག་གིས་ནི་རྒྱུད་འདི་བརྗོད་པར་བྱ་བ་དང་། དགོས་པ་དང་འབྲེལ་པ་དང་། དགོས་པའི་ཡང་དགོས་པ་བསྟན་ཏེ། འདི་ལྟར་བརྗོད་པར་བྱ་བ་མེད་པའི་ཚིག་ལ་ནི། ནམ་ཡང་རྟོག་པ་སྔོན་དུ་གཏོང་བ་རྣམས་འཇུག་པར་མི་འགྱུར་ཏེ། སྨྱོན་པའི་ཚིག་ལྟ་བུ་ཡིན་ལ། ཉན་པ་པོ་སློབ་པ་དག་ཀྱང་དེ་ལྟ་བུའི་ཚིག་ལ་ཞུགས་ནས་ལྡོག་པར་འགྱུར་བ་ཉིད་དོ། །བརྗོད་པར་བྱ་བ་ཡང་ཐ་སྙད་ཙམ་དུ་མེད་པ་མ་ཡིན་གྱི། དངོས་པོ་ལ་མེད་པ་ཉིད་དོ། །གལ་ཏེ་བརྗོད་པར་བྱ་བ་བསྟན་ཀྱང་དགོས་པ་མ་བསྟན་ན་ཡང་དེ་བཞིན་ཏེ། བྱེས་པའི་ཚིག་གམ་གང་དུ་གཞན་གྱི་ཚིག་བཞིན་དུ་དགོས་པ་མེད་དོ་ཞེས་བསྟན་པར་འགྱུར་བ་ཉིད་དོ། །བརྗོད་དགོས་པའང་གཞན་གྱི་བསྒྲུབ་པ་ཡིན་གྱི། དེ་ལ་གཞན་དུ་ནི་མ་ཡིན་ནོ། །འབྲེལ་པ་མེད་པའི་ཚིག་ལ་དེ་བཞིན་ཏེ། དཔེར་ན་རྟ་བརྗོད་པའི་སྒྲས་གླང་པོ་ལ་སོགས་པ་ལྟ་བུ་ཡིན་ལ། དེ་ལྟ་ན་ཡང་དེ་བཞིན་དུ་འགྱུར་བ་ཉིད་དོ། །གལ་ཏེ་དགོས་པའི་དགོས་པ་མ་བསྟན་ན་ཡང་དེ་བཞིན་ཏེ། འདི་ལྟར་གང་ཞིག་གི་འབྲས་བུ་མེད་པའི་རྟོགས་པ་འདིས་ཅི་ཞིག་བྱ། དཔེར་ན་བུད་མེད་བུད་མེད་ལ་འབྲེལ་པའི་ཡན་ལག་རྟེན་པ་ལྟ་བུ་དང་མ་ནི་ང་གི་གཟུགས་ལ་འདོད་ཆགས་ཅན་རྟོག་པ་ལྟ་བུ་སྟེ། བདག་ཀྱང་ཅི་ནས་ཡི་འཆད་པར་འགྱུར་རོ་ཞེས་ཡོངས་སུ་བརྟགས་ནས་འཇུག་པར་མི་འགྱུར་བ་ལྟ་བུའོ། །དེ་བས་ན་འཇུག་པའི་ཡན་ལག་གི་གཙོ་བོ་ཡིན་པའི་ཕྱིར། ཐོག་མ་ཉིད་དུ་ནི་དགོས་པའི་དགོས་པ་བརྗོད་པར་བྱའོ། །དེ་གང་ལས་འབྱུང་བ་ཤེས་པར་བྱ་བའི་ཕྱིར། དེ་ནས་དགོས་པ་དང་འབྲེལ་པ་བརྗོད་པར་བྱའོ། །དེ་ལྟར་གཞན་དུ་ཡང་བརྗོད་པར་བྱ་བ་ལ་སོགས་པ་ཚོལ་བར་ནུས་པ་ལ་ནི་ཐོག་མར་བརྗོད་པར་བྱ་བ་བསྟན་ཏོ། །དེ་ནས་དགོས་པ་ལ་སོགས་པ་བསྙད་པར་བྱའོ། །དེ་ལས་འདི་བརྗོད་པར་བྱ་བ་གང་ཞིག་ཅེ་ན། འདི་ལྟར་ལམ་དང་འབྲས་བུ་དང་སྤང་བྱ་སྟེ། འདི་ལྟར་ལམ་ལ་བརྟེན་ནས་འབྲས་བུ་ཐོབ་པ་དེས་ན་དེ་དང་འགལ་བའི་ཆོས་སྤོང་བར་འགྱུར་རོ། །གལ་ཏེ་དེ་ལྟ་ཡིན་དུ་ཟད་མོད། དེ་ཉིད་བསྟན་པ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྒྲའི་ཚིག་ལ་མ་བརྟེན་པར་ནམ་ཡང་རྟོགས་པ་མི་འབྱུང་ངོ་། །གལ་ཏེ་བྱུང་ན་ནི་ཐམས་ཅད་གཞུང་གི་ཚིག་ལ་སོགས་པ་ལ་མི་ལྟོས་པར་དེར་འགྱུར་བ་ཞིག་ན་དེ་ནི་མེད་དོ། །གལ་ཏེ་ཡོད་ན་རྐྱེན་གཞན་ལ་ལྟོས་ཏེ་སྐྱེ་བའམ་རྐྱེན་གཞན་དང་བྲལ་བས་སྐྱེ་བ་རྟོགས་གྲང་ན་དང་པོ་ལྟར་ན་ཡང་ཐམས་ཅད་ལ་ཐམས་ཅད་སྐྱེ་བའམ། རྒྱུ་ཐམས་ཅད་དུ་རྒྱུ་ལ་རང་བཞིན་བྱེ་བྲག་ཏུ་འགྱུར་བ་མེད་པས་མེད་པར་ཐལ་བར་འགྱུར་རོ། །ཕྱི་མ་ལྟར་ན་འབའ་ཞིག་པ་རྣམས་ལ་ནི་ནུས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་འགྱུར་རོ་ཞེ་ན། ནི། འབྲས་བུ་ཡན་ལག་མ་ཚང་བ་མེད་པའི་ཕྱིར་དུས་ཐམས་ཅད་འབྱུང་བ་ཞིག་ན་དེ་ནི་མེད་དོ། །དེ་བས་ན་གཞུང་གི་ཚོགས་མེད་ན་བརྗོད་པར་བྱ་བ་རྟོགས་པ་མི་འབྱུང་ངོ་། །དེ་བཞིན་དུ་རྟོགས་པ་དགོངས་པ་ཡིན་པ་དང་། གཞུང་ཐམས་ཅད་ཡིན་པ་ལ་སོགས་པར་རྟོགས་པའི་དགོངས་པར་ཡང་མི་འབྱུང་ངོ་། །དེ་བས་ན་ཤུགས་ཀྱིས་གཞུང་གི་ཚོགས་འདི་དག་ཐབས་ཡིན་ལ། དགོས་པ་ཐབས་ལས་བྱུང་བ་ཉིད་ཀྱིས་འབྲེལ་པའང་བསྙད་པ་ཡིན་ནོ། །དེ་བས་ན་གཞུང་གིས་བསྟན་པ་བླང་བ་དང་དོར་བ་ལ་སོགས་པ་ནི་དགོས་པ་ཡིན་ནོ། །དེ་ལ་ཅིར་འགྱུར་ཞེ་ན། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་ཏེ། བསྒོམ་པའི་རིམ་གྱིས་ཐོག་མ་ཉིད་དུ་ཚོགས་ཀྱི་ལམ་ལ་གནས་པར་བྱེད་དོ། །དེ་ནས་ཟབ་པ་དང་མི་ཟབ་པའི་བྱེ་བྲག་གི་རིམ་གྱིས་དྲོད་ཐོབ་པར་འགྱུར་བ་ལ་སོགས་པ་སྦྱོར་བའི་རིམ་གྱིས་ཐོབ་པར་འགྱུར་རོ། །དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པས་མཐོང་བའི་ལམ་ལ་སོགས་པ་ཐོབ་ནས། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ལ་སོགས་པ་ས་བོན་དང་བཅས་པ་བཏོན་པ་ནི་རང་གི་དོན་ཕུན་སུམ་ཚོགས་པར་གྱུར་པའོ། །བསྐྱེད་པ་ལ་སོགས་པ་ལས་སུ་རུང་ནས་སེམས་ཅན་རྣམས་ཀྱི་སྣོད་དང་སྣོད་མ་ཡིན་པ་ལེགས་པར་བརྟགས་ཏེ། མཐོ་རིས་ཀྱི་ལམ་ནི་དགེ་བ་དང་བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་དང་། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། བླ་ན་མེད་པའི་སངས་རྒྱས་ཀྱི་ལམ་ལ་དགོད་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། ཇི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་ལ་ནི་གསང་གནས་པའི། །མཐོང་དང་གོམས་པའི་རིམ་པ་ཡིས། །སངས་རྒྱས་སར་ནི་འགྲོ་བར་བྱེད། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །སྣ་ཚོགས་སྐུ་གསུང་ཐུགས་རྣམས་ཀྱིས། །བྱང་ཆུབ་སེམས་ནི་བསྐྱེད་བྱས་ན། །སོ་སོའི་འབྲས་བུ་ཐོབ་པར་བྱེད། །ཅེས་འབྱུང་བ་དང་། གཞན་ཡང་ཐེག་པ་ཆེན་པོའི་རིགས་ཀྱི་གང་ཟག་གིས། །དང་པོ་བྱང་ཆུབ་སེམས་བསྐྱེད་དེ། །བསམ་གཏན་བསྒོམས་པའི་རིམ་པ་ཡིས། །སངས་རྒྱས་སར་ནི་འགྲོ་བར་བྱེད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལྟར་དགོས་པའི་དགོས་པ་མཐར་ཐུག་པ་བརྗོད་ནས། གང་དག་དད་པའི་རྗེས་སུ་འབྲང་བ་དག་ཀྱང་སྲིད་པ་ལེགས་པར་བཟུང་ནས་འཇུག་པར་འགྱུར་ལ། ཆོས་ཀྱིས་རྗེས་སུ་འབྲང་བ་དག་ཀྱང་དེ་ལྟ་བུ་ལ་གནོད་པ་དང་བྲལ་བས་འཇུག་པར་འགྱུར་རོ། །དེ་ལྟར་དགོས་པ་བརྗོད་ནས། ད་ནི་ཡན་ལག་བཤད་པར་བྱ་སྟེ། དེ་ལ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་བདག་གིས་ཞེས་བྱ་བ་འདིས་ནི་སྡུད་པ་པོའི་ཚིག་ཏུ་བརྗོད་དེ། འདི་ཁོ་ན་སྐད་བཤད་པ་བདག་གིས་ཐོས་ཞེས་པར་སྟོན་ཏེ། འདིའི་དུས་ནི་འདི་ཁོ་ན་ལྟར་ཐོས་ཞེས་སོ། །གལ་ཏེ་གཞན་དུ་མི་འཁྲུལ་བར་འགྱུར་རོ། ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །ཡང་འདི་སྐད་དུ་བདག་ཁོ་ནས་ཐོས་ཞེས་པར་ཡང་སྟོན་ཏོ། །གང་གིས་འདི་ལྟར་གཞན་གྱིས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དུས་གཅིག་ཁོ་ནའི་ཚེ་ཐོས་ཞེས་པས་ཀྱང་གཞན་སྤོང་བ་ཉིད་དུ་འགྱུར་རོ་ཞེས་བྱ་བས་ཏེ། འདིས་ཆོས་གཞན་དང་ལྡན་པ་དང་། དུས་གཞན་དང་ལྡན་པ་རྣམས་གཅོད་པའོ། །གལ་ཏེ་དེ་ལྟ་ན་ནི་འཁོར་ཕུན་སུམ་ཚོགས་པ་དང་། སྡུད་པ་ཐོས་པ་མང་བ་དང་། ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་ལ་སོགས་པ་སྤངས་པ་ཉིད་དོ་ཞེན་མ་ཡིན་ཏེ། གཅིག་གིས་གཅིག་གསལ་བ་ཉིད་ཀྱི་ཡང་ཕྱིར་རོ། །འཁོར་ཕུན་སུམ་ཚོགས་པ་ཡང་མ་ཡིན་ཏེ། འདི་དང་ལྷན་ཅིག་ཏུ་ཞེས་པའོ། །གལ་ཏེ་དེ་ལྟར་ན་འགལ་བ་ཉིད་དོ་ཞེ་ན་མ་ཡིན་ཏེ་སྡུད་པ་པོར་གྱུར་བ་བདག་ཁོ་ན་ཞེས་པའི་དོན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བ་ལ་གཟིགས་ཏེ་འཛུམ་པ་མཛད་ནས། ཁམས་གསུམ་རྣམ་པར་རྒྱལ་བ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་གསུངས་པ་དང་། དེ་ནས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་འབྱུང་བའི་ཕྱིར་རོ། ། འདི་ཁོ་ན་སྐད་བཤད་པས་ཀྱང་། ཆོས་གཞན་སྤངས་པ་མ་ཡིན་ཏེ་དེའི་དུས་སོ། །གལ་ཏེ་དེ་ལྟ་ན་སྡུད་པ་པོ་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ་གཞན་གྱི་ཚེ་གཞན་ཐོས་སོ། །ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པ་དང་འགལ་བ་ཡིན་ཏེ། དུས་གཞན་དུ་གཞན་ལ་རྒྱུན་མི་འཆད་པའི་ཕྱིར་དང་། འདི་ཁོ་ན་ཞེས་ངེས་པར་གཟུང་བར་མི་ནུས་ཏེ། རྒྱུན་དུ་ཡང་དང་ཡང་དུ་འབྱུང་བ་མ་ཡིན་པས་རྙེད་པར་དཀའ་བ་ཉིད་དོ། །དེ་བས་ན་བདག་ཁོ་ནས་ཐོས་ཞེས་པ་ནི་བློ་རྣོ་བ་དང་། ཐོས་པ་ཆེ་བ་དང་། རྒྱུད་རྙེད་པར་དཀའ་བ་སྟོན་ཏེ། ཐོས་ཞེས་པའི་སྒྲས་སྐད་ཅིག་གཅིག་ཙམ་གྱིས་ཐོས་ཞེས་པ་ནི་བློ་རྣོ་བ་བསྟན་ཏོ། གཞན་དུ་ནི་སྐད་ཅིག་ཙམ་གྱིས་འཛིན་པར་ག་ལ་ནུས། ཐོས་པ་ཆེ་བ་ཡང་འདིའི་ཚེ་འདི་ཐོས་གཞན་དུ་གཞན་ཐོས་ཞེས་པས་བསྟན་ཏེ། དེས་ནི་ཁྱབ་པ་ཉིད་ཀྱང་བསྟན་ཏོ། །གཞན་དུ་མ་ཐོས་ཞེས་པ་ནི་རྒྱུད་རྙེད་པར་དཀའ་བ་བསྟན་ཏེ། ཐམས་ཅད་ཀྱིས་གཞན་གྱི་གནས་སུ་ཐོས་པ་དང་རྙེད་པར་ག་ལ་ནུས། དེ་བས་བདག་ཁོ་ན་ཞེས་པ་འགལ་བ་མེད་པ་ཉིད་དོ། །གལ་ཏེ་སྐད་ཅིག་ཙམ་གྱིས་ཐོས་ན་ནི་དེའི་རིམ་པ་དང་འགལ་བ་ཉིད་དོ་ཞེ་ན། མ་ཡིན་ཏེ། བྱིན་གྱི་རླབས་ཀྱིས་མ་འགགས་པའི་རྨི་ལམ་བཞིན་ནོ། །གཞན་གྱི་ཚེ་གཞན་ཐོས་ཞེས་པ་ཡང་དེ་ཉིད་དེ་ཡིན་པའམ། དེ་ཡང་ཡིན་པ་ཉིད་དོ་ཞེ་ན། དེ་ལ་ཅིར་འགྱུར། གལ་ཏེ་འདི་ཉིད་ཡིན་ནོ་ཞེ་ན། མངོན་སུམ་དུ་གང་ལ་ཡང་གཞན་དུ་དེ་མ་གྲུབ་པ་ཉིད་དོ། །གལ་ཏེ་དེ་ཡང་དེ་ཡིན་ནོ་ཞེ་ན། ཐམས་ཅད་ཐམས་ཅད་དུ་འགྱུར་བ་ཤིན་ཏུ་གཅིག་པ་ཉིད་དོ་ཞེ་ན་ནི། དེ་ནི་ཉེས་པ་མེད་པ་སྟེ། འདི་ལྟར་ཁམས་གསུམ་རྣམ་པར་རྒྱལ་བ་ཉིད་དེ་དེའི་དུས་ན་ནི་དེར་སྣང་སྟེ་བསམ་གྱིས་མི་ཁྱབ་པའི་མཐུ་དང་སོ་སོའི་རྐྱེན་གྱིས་དེར་སྣང་བ་ཉིད་དེ་ཟླ་བ་དང་ཆུ་བཞིན་ནོ། །དེ་བས་ན་དོན་དུ་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ཡང་ཕྱག་ན་རྡོ་རྗེ་ཉིད་དོ། །གཞན་དུ་ན་དེ་ལྟར་སྟོན་པར་ག་ལ་ནུས། གལ་ཏེ་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། དེ་སྐད་སྨྲས་པ་ལ་ཡོན་ཏན་ལྷག་པ་ཅི་ཡོད། །བཅོམ་ལྡན་འདས་ཀྱི་བཀའ་ཉིད་དུ་བསྟན་པ་ཉིད་དོ། །གལ་ཏེ་དེ་ལྟར་ན། བཅོམ་ལྡན་འདས་ཀྱིས་བསྟན་པ་བདག་གིས་ཐོས་ཞེས་བྱ་བར་ཡང་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བས་སྡུད་པ་པོ་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པར་གསལ་ཏེ། ཅི་ནས་ཀྱང་གཅིག་ཏུ་བརྒྱུད་པས་སྨོན་པས་བར་གཅོད་པ་དང་། སྨན་པས་ལུང་བསྟན་པ་ལ་སོགས་པ་དང་། ཇི་སྐད་བཤད་པས་སྡོག་པར་འགྱུར་བ་ཉིད་དོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གིས་དུས་གཅིག་ན་ཐོས་ཞེས་པས་ཇི་སྐད་སྨོས་པའི་ཉེས་པ་མེད་དོ། །སྨན་པ་རྣམས་ཀྱིས་བདེ་བར་རྟོགས་སོ། །དེ་ལྟ་ན་ནི་འདི་དང་ལྷན་ཅིག་ཏུ་ཞེས་པ་དང་། འདིར་ཞེས་པ་ལ་སོགས་པ་ཡང་སྨོས་པར་འགྱུར་རོ། །དེ་ལ་དེར་འགྱུར་ལ་ཤུགས་ཀྱིས་རྟོགས་སོ་ཞེས་བྱ་བར་ཡང་མི་ནུས་ཏེ་མཚུངས་པའི་ཕྱིར། གལ་ཏེ་དེ་ལྟར་ན་གཞུང་མང་པོར་འགྱུར་བའི་ཉེས་པ་དང་ལྡན་པར་འགྱུར་རོ། །གལ་ཏེ་མི་རྟོག་པ་ཉིད་དེ་ལ་དེར་འགྱུར་རོ་ཞེས་བྱ་བ་ཡང་གང་གི་ཕྱིར། དངོས་སུ་ཐོས་ཞེས་པ་ལྟར་ན་དེས་གསུངས་པ། དངོས་སུ་ཐོས་ཏེ་མ་གསུངས་པ་ལ་ནི་ནམ་ཡང་ཐོས་པ་མེད་དོ་ཞེས་འཇིག་རྟེན་ན་གསལ་བར་བཤད་ཟིན་ཏོ། །གལ་ཏེ་མ་གསུངས་ཀྱང་བྱིན་གྱིས་བརླབས་པ་ལས་ཐོས་པ་ཞེས་བྱ་བ་འབྱུང་བས། དེ་གསུངས་པའི་ཕྱིར་རོ་ཞེ་ན། བྱིན་གྱིས་བརླབས་དང་སྨོན་ལམ་གྱི་མཐུས་ཞེས་བྱ་བ་ལས་རྟོགས་པར་གསུངས་སོ། །ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། །གལ་ཏེ་མདོ་ལས་གནོད་པ་དང་། །གཞན་སྒྲུབ་པ་ནི་ཅུང་ཟད་མེད་དེ། འདི་ནི་བསམ་པར་བྱའོ། །གལ་ཏེ་དེ་ལྟར་ན་བཀའ་མ་ཡིན་ཏེ་དུས་ཕྱིས་འབྱུང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལས་འཁོར་ཉེ་བ་རྣམས་ཀྱིས་དྲིས་པ་དང་། མདོ་སྡེ་རྣམས་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པ་ནས། འཁོར་དེ་དག་ཐམས་ཅད་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་ཡང་དག་པར་བྱོས་ཤིག་པར་ལུང་ཕོག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལུང་དང་མཐུན་པར་ཡང་དག་པར་སྡུད་པར་བྱེད་པས་དེ་སྐད་དུ་བསྟན་པ་ཉིད་དོ། །དེ་ལྟར་ན་མངོན་པར་ཡང་སྡེ་སྣོད་གསུམ་སྡུད་པའི་དུས་སུ་ཀུན་དགའ་བོའི་གདོང་མཆི་མ་དང་བཅས་པས་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལས། གསུང་གིས་མ་ནོར་བར་བསྟན་པ་བཞིན་ནོ། །དེ་བས་ན་རྒྱུད་ཐམས་ཅད་ཀྱི་དོན་མ་ལུས་པར་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་འདིའི་དོན་དང་བཅས་པ། ཡོན་ཏན་དང་བཅས་པ། བྱིན་རླབས་ཆེན་པོ་ལ་སོགས་པ་དང་རབ་ཏུ་བཅས་པའོ། །གལ་ཏེ་འདི་ལྟར་ན་འདི་ཞེས་པའམ། འདི་དག་ཅེས་པའམ། །འདི་རྣམས་ཞེས་པས་ཀྱང་དེ་ཁོ་ནའི་དོན་ཐམས་ཅད་སྟོན་པར་ནུས་པས། འདི་ཁོ་ན་ཞེས་པ་ངེས་པར་གསུང་བར་མི་བྱའོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར་ཐབས་དང་ཤེས་རབ་ཟབ་མོ་སྟོན་པའི་བརྡར་འགྱུར་བའི་ཕྱིར་ཏེ། ཛ་རི་ཁཾ་ཞེས་པ་བཞིན་ནོ། །དེ་ལྟར་ན་བདག་གིས་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་པ་ཉིད་དུ་ཞེ་ན། འདོད་པ་ཉིད་དོ། །གལ་ཏེ་དེ་ལྟར་ན་སྡུད་པ་པོ་མེད་པར་འགྱུར་རོ་ཞེ་ན། འདོད་པ་ཉིད་དོ། །འདིར་སེམས་ཅན་འདུལ་བའི་དབང་མ་གཏོགས་པར་སྟོན་པ་ཞེས་བྱ་བ་དང་། སྡུད་པ་པོ་ཞེས་བྱ་བ་ལ་སོགས་པ་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ཡང་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བའི་ཡི་གེའི་དོན་རྣམས་ཀུན། །རྫོགས་སངས་རྒྱས་ཀྱིས་བསྟན་དུ་གསོལ། །བདེ་བར་གཤེགས་པས་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་རབ་གསན་ནས། །ལེགས་ཞེས་ལན་གསུམ་གསུངས་མཛད་ནས། །རྒྱལ་བའི་སྲས་ལ་དོན་འདི་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བའི་ཡི་གེ་དེ་རྣམས་ཀུན། །ངས་ནི་ཁྱོད་ལ་བཤད་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ེ་ནི་ནམ་མཁའི་ཁམས་ཡིན་ཏེ། །འབྱུང་བ་སྡུད་པ་ཡོངས་དག་པའི། །འབྲས་བུ་བདེ་གཤེགས་ཀུན་གྱི་བདག་།གཙོ་བོ་རྡོ་རྗེ་གོས་སྔོན་ཅན། །བ་ནི་འབྱུང་བ་ཀུན་སྡུད་ཆུ། །དཀྱིལ་འཁོར་དག་བྱང་ཆུ་ཡི་ཁམས། །ཡོངས་སུ་དག་པ་ལྷ་ཡི་སྐུ། །རིན་ཆེན་གོས་སྔོན་ཞེས་སུ་བཤད། །ལ་ནི་གཅོད་པའི་སྒྲ་གཅན་ས། །བརྟན་དང་གཡོ་བའི་ངོ་བོ་ཉིད། །ཡོངས་སུ་དག་པ་ལྷ་ཡི་སྐུ། །བདེ་གཤེགས་གོས་སྔོན་ཞེས་སུ་བཤད། །མ་ནི་འབྱུང་བ་མེ་རང་བཞིན། །ཚ་ཞིང་སྨིན་པའི་བདག་ཉིད་ཅན། །ཡོངས་སུ་དག་པ་ལྷ་ཡི་སྐུ། །པདྨ་གོས་སྔོན་ཞེས་སུ་བཤད། །ཡ་ནི་རླུང་དུ་གྲགས་པ་སྟེ། །ཡང་ཞིང་གཡོ་བའི་བདག་ཉིད་ཅན། །ཡོངས་སུ་དག་པ་ལྷ་ཡི་སྐུ། །ལས་ཀྱི་གོས་སྔོན་ཞེས་སུ་བཤད། །གསང་བ་བདེ་མ་བསྒྲུབ་པ་ལས། །གཞན་དུ་གསང་བ་རྙེད་མ་ཡིན། །གསང་བ་འདི་ཡི་དུས་རྣམས་སུ། །རྣལ་འབྱོར་མཆོག་གིས་ནན་ཏན་བྱ། ། ནི་ནམ་མཁའ་ཡོངས་སུ་དག་། ལུས་ཀུན་ལ་ནི་གནས་པའི་རླུང་། །ཁྱབ་བྱེད་ཅེས་སུ་གྲགས་པ་སྟེ། །ནམ་མཁའ་རྣམ་དག་འདི་ལས་བྱུང་། །ལ་ནི་ས་ཡི་དཀྱིལ་འཁོར་ཏེ། །སྙིང་ན་དྲོད་རླུང་ཁ་དོག་སེར། །གཉི་ག་ལས་ནི་འབྱུང་བ་སྟེ། །ཡི་གེ་ལ་དང་ཡང་དག་ལྡན། །བ་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །ལྟེ་བར་མཉམ་གནས་དཀར་ཟླུམ་བདག་།གཉི་ག་ལས་ནི་དལ་བར་འབྱུང་། །ཡི་གེ་བ་དང་ཡང་དག་ལྡན། །མ་ནི་མེ་ཡི་དཀྱིལ་འཁོར་ཏེ། །མགྲིན་པ་གྱེན་རྒྱུ་གྲུ་གསུམ་དམར། །གཡོན་པ་ནས་ནི་འབྱུང་བ་སྟེ། །ཡི་གེ་མ་དང་ཡང་དག་ལྡན། །ཡཾ་ནི་རླུང་གི་དཀྱིལ་འཁོར་ཏེ། །གསང་བ་ཐུར་སེལ་གཞུ་དབྱིབས་ལྗང་། །གཡས་པ་ནས་ནི་འབྱུང་བ་སྟེ། །ཡི་གེ་ཡ་དང་ཡང་དག་ལྡན། །ེ་ནི་སྒྲ་ཡི་རང་བཞིན་ཅན། །ལ་ནི་གཟུགས་ཀྱི་བདག་ཉིད་ཅན། །དེ་བཞིན་པ་ནི་དྲི་ཡི་བདག་།མ་ནི་རོ་ཡི་བདག་ཉིད་དེའི། །ཡ་ནི་བྱ་ཡི་བདག་ཉིད་ཡིན། །དེ་ཉིད་སྲུང་བའི་མཆོག་གི་རྒྱུད། །གསང་བ་བདེ་བ་ཆེན་པོར་འབྱུང་། །གང་ཞིག་འདི་ལ་རྟག་གནས་ན། །རྡོ་རྗེ་དེ་ཉིད་སྡུད་པ་ཐོབ། །ཅེས་བདེ་བ་ཆེན་པོ་བསྒྲུབ་པའི་རྟོག་པ་དེ་ཁོ་ན་ཉིད་ལས་འབྱུང་བ་དང་། གཞན་ཡང་། ཨེ་ནི་བདེ་བ་ཆེན་པོར་འབྱུང་། ། ཡོན་ཏན་ཐམས་ཅད་འབྱུང་འགྱུར་བའི། །ས་བོན་གསང་བ་མཆོག་གི་རྒྱས། །དེ་དབུས་ནོར་བུ་བཟང་པོ་ཉིད། །བཾ་གྱི། འཁོར་ལོ་འདི་ནི་གསང་བ་ཆེ། །གང་ཞིག་ཡོན་ཏན་མཆོག་གིས་རྒྱས། །སྤྲུལ་པའི་ས་བོན་ཡང་དག་ལྡན། །གསང་བ་དེ་ནི་བདེ་བ་ཆེ། །མ་ནི། ལོངས་སྤྱོད་ཆེན་པོ་དམ་པ་ཉིད། །གསང་བ་འདི་ལས་འབྱུང་བ་སྟེ། །རོལ་པའི་ཆོ་འཕྲུལ་དམ་པ་སྟེ། །དགའ་བ་འདིར་ནི་བསམ་པར་བྱ། །ཡ་ནི་ཀུན་དུ་སྐྱོད་བྱེད་རྟེན། །སྣ་ཚོགས་གསང་བ་བླ་ན་མེད། །ཡོན་ཏན་ཆོས་ཀྱི་འཁོར་ལོ་སྟེ། །རྡོ་རྗེ་ཐུགས་ཀྱི་བདག་ཉིད་འགྲུབ། །རླུང་དང་རྩ་དང་འཁོར་ལོ་དང་། །དག་པའི་ཐིག་ལེའི་རྟགས་རྣམས་ནི། །ཡི་གེ་བཞི་པས་ཡང་དག་འབྱུང་། །ཆགས་དང་གྲོལ་བའི་དབང་དུ་གཉིས། །ཞེས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་འབྱུང་བ་ལྟ་བུའོ། །གཞན་ཡང་གསུངས་པ། ཨེ་ནི་སྐུ་ཡི་འཁོར་ལོ་ཉིད། །བཾ་ནི་ཐུགས་ཀྱི་འཁོར་ལོ་ཉིད། །མ་ནི་གསུང་གི་འཁོར་ལོ་ཉིད། །ཡ་ནི་བདེ་བ་ཆེན་པོ་ཉིད། །དབང་བཞི་ལ་ནི་གང་གནས་པ། །རྣལ་འབྱོར་དངོས་པོ་བཞི་དང་འབྲེལ། །ཡི་གེ་ཨེ་ནི་དབྱིངས་ཡིན་ཏེ། བ་ནི་རོལ་པའི་ཡེ་ཤེས་ཏེ། །ཐིག་ལ་གཉིས་མེད་ཕྱག་རྒྱ་སྟེ། །དེ་ལ་ལོངས་སྤྱོད་སྤྲུལ་པ་འབྱུང་། ། ཞེས་པ་ལ་སོགས་པ་འབྱུང་བ་ལྟ་བུའོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། །གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གནོད་སྦྱིན་གང་བ་བཟང་པོ་དང་། །ནོར་བུ་བཟང་པོ་དང་། ལྔས་རྩེན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་གང་ན་གནས་པའི་ཕྱོགས་དེ་ནི། གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ་བའི་གནས་སོ། །ཤིན་ཏུ་བདེན་པ་ནི་གནོད་པས་བརྫི་བ་མེད་པ་ཉིད་དོ། །འདིའི་གདུལ་བྱ་ཕུན་སུམ་ཚོགས་པ་གཙོར་བསྟན་པ་དང་། བར་དུ་གཅོད་པར་འགྱུར་བ་སྤངས་པར་བསྟན་ཏོ། །ཡོངས་སུ་དག་པ་ནི་ཤེལ་དངས་པ་ལྟ་བུར་གནས་པ་སྟེ། འདི་དག་གི་དོན་ཡང་ཤེལ་གྱི་ནང་དུ་ཆུད་པ་ལྟ་བུའི་གཞལ་ཡས་ཁང་ཤེལ་དུ་གསལ་བ། དཀྱིལ་འཁོར་རྒྱན་དང་ལྡན་པའི་དབུས་ན་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་བཞུགས་ཤེ་ན། གནོད་སྦྱིན་སྡེ་དཔོན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གནོད་སྦྱིན་ཐམས་ཅད་ཀྱི་གཙོ་བོའི་ཡང་གཙོ་བོ་ཡིན་པའི་ཕྱིར་རོ། །དུས་གསུམ་གྱི་དེ་བཞིན་དུ་བྱ་བ་ལ་སོགས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པའི་དུས་སུ་པདྨ་སྟོང་དང་ལྡན་པའི་དབུས་སུ་བཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དང་། ཕྱག་ན་རྡོ་རྗེ་ཁྱོད་སོང་ལ། །ཞེས་བྱ་བ་ལ་སོགས་པ་གཞན་གྱིས་ཀྱང་གསུངས་པ་ཉིད་དོ། །མཆེ་བ་གཙིགས་པ་ནི་གང་གིས་ལོག་པར་རྟོགས་པ་ཟ་བའི་ཕྱིར་རོ། །ཡིད་ཁྲོས་པ་ནི་ཞི་བའི་ལས་ཀྱིས་ནི་མི་འདུལ་བའི་ཕྱིར་རོ། །མིག་མེ་མདག་གི་ཕུང་པོ་འདྲ་བ་ནི་བལྟས་པ་ཙམ་གྱིས་འཇིགས་པར་བྱ་བའི་ཕྱིར་རོ། །དབུགས་མེ་ལྕེ་ལྟར་འབར་བ་ནི། སྒྲ་ཙམ་གྱིས་འདུལ་བའི་ཕྱིར་རོ། །འཇིགས་པའི་ང་རོ་ཅན་ནི། ངག་གི་ཉེས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། ། འདི་དག་ཀྱང་དམན་པའི་ཟས་དང་། ཡིད་ཀྱི་ཟུག་རྔུ་དང་། དམན་པ་ལ་བལྟ་བ་དང་། བརྫུན་ལ་སོགས་པའི་ཉེས་པ་དང་བྲལ་བར་ཡང་བསྟན་ལ། གདུལ་བྱའི་རྟགས་ཐུན་མོང་མ་ཡིན་པ་ཡང་བསྟན་ཏེ། ལེགས་པ་དང་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །སྦྲུལ་དཀར་པོ་དང་ནག་པོ་དང་། སེར་པོ་དང་འོག་ནས་སྟོན་པའི་དམར་པོ་རྣམས་ཀྱིས་ལུས་བརྒྱན་པ་སྟེ། རང་འདོད་ཆགས་གཙོ་བོར་གྱུར་པའི་ཚུལ་ཁྲིམས་ཉམས་པ་དང་བྲལ་ཞིང་། ཕྱི་རོལ་གྱི་ཀླུ་རིགས་དྲུག་ལ་སོགས་པ་འདུལ་བའི་རྟགས་སུ་བསྟན་ཏོ། །བཞིན་རྒྱས་པ་ནི་གདོང་འཕེལ་ཁ་ཆེ་བ་སྟེ། ལྷ་ཐམས་ཅད་འདུལ་བའི་རྟགས་སུ་བསྟན་པའོ། །སྨིན་མ་དཔྲལ་བར་བསྡུས་པ་ནི་ཁྲོ་གཉེར་མེའི་ཕྲེང་བ་དང་བཅས་པ་སྟེ་མེ་ལྟ་འདུལ་བའི་ཕྱིར་རོ། །ཡ་སོས་མ་མཆུ་མནན་པ་ནི། སྲིན་པོ་འདུལ་བའི་ཕྱིར་རོ། །གཤིན་རྗེའི་ཆ་བྱད་ཅན་ནི། གསུས་པ་ཆེ་བ་སྟེ་གཤིན་རྗེའི་རིགས་འདུལ་བའི་ཕྱིར་རོ། །ལག་པ་བརྡབས་པས་ནི་རྡོ་རྗེ་དང་ལྡན་པ་སྟེ་ཐམས་ཅད་ཀྱང་ངོ་། ། ལ་ལ་ཞེས་སྒྲ་སྒྲོགས་པ་ནི་རླུང་ལྷ་དང་གནོད་སྦྱིན་འདུལ་བའི་ཕྱིར་རོ། །གད་རྒྱངས་དགོད་པ་ནི་འབྱུང་པོ་འདུལ་བའི་ཕྱིར་རོ། །རྒྱ་མཚོ་ལ་སོགས་པ་གསུམ་ནི་ཀླུ་དང་ལྷ་འདུལ་བའི་རྟགས་ཏེ་ཅི་རིགས་སུ་སྦྱར་རོ། །དེ་དང་དེ་དག་གིས་ཅི་ཞིག་འདུལ་བར་མཛད་ཅེ་ན། སྦྱོར་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་ལྷ་ལ་སོགས་པ་ནད་སྣ་ཚོགས་གཏོང་བའི་ཐབས་བྱས་སོ། །བཟློག་པ་ནི་རང་གི་གནས་སུ་སྦྱར་ཏེ། གནོད་པའི་བདག་པོ་དང་བཅས་པའོ། །གཅོད་པ་ནི་སྦྱོར་བའི་བདག་པོ་ཤི་བར་བྱེད་པའོ། །ཡོན་ཏན་ནི་སངས་རྒྱས་ཀྱི་དང་ལྡན་པ་སྟེ། མ་ལུས་པའི་བདག་པོ་ནི་ཐམས་ཅད་ཀྱི་དང་ལྡན་པ་སྟེ། དེ་ལྟ་བུའི་ཡོན་ཏན་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བསྲུང་བ་མེད་པ་གསུམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་ལ་སོགས་པ་དང་ལྡན་པར་བཞུགས་སོ་ཞེས་བྱ་བ་དང་སྦྱར་རོ། །འཁོར་གང་དང་ཞེ་ན། འདི་ལྟར་བདེ་གཤེགས་གོས་སྔོན་ཅན་ཞེས་བྱ་བ་ལ་སོགས་པ་དང་། གཞན་ཡང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནི་སྔ་མ་བཞིན་ཏེ། གནོད་སྦྱིན་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཉིད་དོ། །གནོད་སྦྱིན་མཐུ་བོ་ཆེ་ནི་གནོད་སྦྱིན་གཞན་པས་མཐུའི་བྱེ་བྲག་ཐམས་ཅད་དུ་དཔགས་པའོ། །གནོད་སྦྱིན་དྲག་པོ་ནི་འདིར་ཞི་བ་ལ་སོགས་པའི་ལས་ཀྱིས་འདུལ་བའི་སྤྲུལ་པ་ཡིན་ཏེ། འདིར་གདུལ་བྱའི་གཙོ་བོ་གོས་སྔོན་ཅན་གྱི་དབང་དུ་བྱས་ནས་ཤིན་ཏུ་གོང་དུ་སྨོས་པ་ཉིད་དུ་རིག་པར་བྱའོ། །ལྷ་ནི་མ་ཧཱ་དེ་བ་དང་། ཁྱབ་འཇུག་ལ་སོགས་པའོ། །དེ་བཞིན་གཞན་ཡང་རང་གི་ཆུང་མ་དང་འཁོར་དང་བཅས་ཏེ་འཁོད་པར་གྱུར་ཏོ། ། འདི་ལྟར་ཉི་མ་དང་ཞེས་བྱ་བས་ནི་གཙོ་བོའི་ཡང་གཙོ་བོའི་གཟི་བརྗིད་དོ། །ཟླ་བ་དང་ཞེས་བྱ་བས་ནི། བདེ་གཤེགས་གོས་སྔོན་པོ་ཅན་ལ་སོགས་པའི་གཟི་བརྗིད་ཉིད་དོ། །ལྷ་ལ་སོགས་པའི་གཟི་བརྗིད་དེ། དེ་ལྟ་བུར་གྱུར་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དོ། །དམན་པར་གྱུར་པའི་གཟི་བརྗིད་ཟིལ་གྱིས་གནོན་པ་དང་། རང་གདུལ་བྱའི་དོན་དུ་སྣ་ཚོགས་པར་གྱུར་པ་ཉིད་དོ། །དེའི་ཚེ་ས་ཡང་ཆེར་གཡོས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་གླེང་བསླང་བ་བསྟན་པ། འཁོར་ཐམས་ཅད་ནི་ལྷ་ལ་སོགས་པ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བ་གཙོ་བོར་གྱུར་པ་དང་ཞེས་བྱ་བའི་དོན་ཏོ། །བླ་མེད་གོས་སྔོན་ཅན་ཁྱོད་ཅེས་པ་ནི་གང་ཡིན་ཞེས་པའོ། །གང་དང་གང་ཡོད་ཅེ་ན། །བདེ་གཤེགས་ཀུན་གྱིས་སྤྲུལ་པའམ། །ཞེས་པ་ནི། དེ་བཞིན་གཤེགས་པ། །ཐམས་ཅད་ཀྱི་ཐུགས་འོད་ཟེར་ལས་སྤྲུལ་པ་ཞིག་གམ་ཞེས་པའོ། །དེ་ལྟ་མ་ཡིན་ན། གལ་ཏེ་བསྡུས་པའི་སྐུ་ཡིན་ནམ་ཞེས་པ་སངས་རྒྱས་ཐམས་ཅད་དེའི་ངོ་བོར་བྱས་པ་ཞིག་གམ། གལ་ཏེ་ལས་ཀྱི་ཁྲོ་བོར་དབང་བསྐུར་བའམ་ཞེས་པ་ནི། །སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བའམ། དེར་གྱུར་པ་ཞིག་གམ་ཞེས་པའོ། །བདག་འཁོར་དང་བཅས་པ་ནི་དེར་ཚོགས་པ་ཉིད་དོ། །ཇི་ལྟར་དུས་གསུམ་བཀའ་ཉན་ཏེ། །ཞེས་པའི་དུས་གསུམ་བཀའ་ལས་མི་འདའ་བ་ཉིད་དོ། །ལས་དང་བྱ་བ་ནི་གོ་སླའོ། །དྲག་པོའི་ཏིང་ངེ་འཛིན་བསྟན་དུ་གསོལ་ཞེས་པ་ནི། སེམས་ཅན་གྱི་དོན་དུ་ཏིང་ངེ་འཛིན་སྣ་ཚོགས་པ་ལ་སྙོམས་པར་ཞུགས་ཤིག་པའོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པ་འདུས་པ་ཆེན་པོའི་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་མ་འདུས་པ་ཆེན་པོའི་ཚོགས། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །གང་ཕྱིར་དུས་གསུམ་སངས་རྒྱས་རྣམས། །རང་བཞིན་མེད་ཅིང་མཚན་ཉིད་མེད། །སྤྲོས་མེད་གཡོ་བ་མེད་པ་སྟེ། །འགྲོ་བ་འདུས་པར་གྱུར་པ་རྣམས། །ང་ཡི་བསྟན་ལ་གནས་པ་ལ། །རིམས་དང་དུག་ལ་སོགས་པས་འཚེ། །དེ་ཕྱིར་ང་ནི་ཁྲོ་བོའི་གཟུགས། །སྣ་ཚོགས་རྒྱན་གྱིས་རྣམ་པར་སྣང་། །གང་ཞིག་དེ་ཉིད་སངས་རྒྱས་གཟུགས། །འགྲོ་བའི་དབང་དུ་སྤྲུལ་པ་སྟེ། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །དབང་བསྐུར་བར་ཡང་ཡང་དག་བཤད། །ང་ནི་དུས་གསུམ་ཀུན་དུ་འབྱུང་། །ང་ནི་སངས་རྒྱས་ཀུན་རང་བཞིན། །ང་ནི་རྒྱུད་རྣམས་སྟོན་པ་སྟེ། བླུན་པར་གྱུར་པའི་འགྲོ་བ་ལ། །མིག་འཕྲུལ་ཚུལ་ནི་སྟོན་བྱེད་པ། །ཞེས་གསུངས་མ་ཐག་ཏུ་འདུས་པ་ཆེན་པོའི་འཁོར་ཐམས་ཅད་ཀྱིས་རྨད་དུ་བྱུང་བའི་རོལ་པའི་མཆོད་པ་ཆེན་པོས་ཁྱབ་པར་གྱུར་ཏེ་ཞེས་བྱ་བ་འདི་སྐད་དུ་སྟོན་ཏེ། བདག་ནི་དངོས་སུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ཡང་སེམས་ཅན་གྱི་དོན་དུ་དབང་བསྐུར་བར་སྣང་ངོ་ཞེས་སོ། །འདིར་ལེའུ་དང་པོ་གླེང་གཞིའི་ལེའུ་སྟེ་ངེས་པར་འབྱིན་པར་བྱེད་པས་གླེང་གཞི་ཞེས་བྱའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་དང་པོའི་རྒྱ་ཆེར་བཤད་པའོ། ། །།དེ་ལྟར་གླེང་གཞི་ཕུན་སུམ་ཚོགས་པ་བསྟན་ཀྱང་། ལམ་རྣམ་པ་གཉིས་རྫོགས་པར་མ་བསྟན་ན། །སྒྲུབ་པ་ལ་འཇུག་པ་དག་ཀྱང་དམན་པར་འགྱུར་བའི་ཕྱིར། དེ་ནས་འཕགས་པ་གོས་སྔོན་པོ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེ་དྲག་པོ་ནི་བསྐྱེད་པ་དང་རྫོགས་པ་སྔོན་དུ་འགྲོ་བ་དང་བཅས་པ་སྟེ། སྒྲིབ་པའི་རི་འཇོམས་པའི་ཕྱིར་དེ་སྐད་ཅེས་བྱའོ། །གང་གི་ཕྱིར་དང་པོ་རགས་པའི་རྣལ་འབྱོར་གྱི་དབང་དུ་བྱས་ཏེ་བསྐྱེད་པའི་རིམ་པ་ལ་བསླབ་བོ། །དེ་ནས་རགས་པའི་རྣམ་པར་རྟོག་པ་ལས་ལོག་སྟེ། ཡུལ་གང་ལ་ཡང་རྩེ་གཅིག་པ་ཐོབ་པར་འགྱུར་རོ། །དེ་ནས་ཡིད་ནི་ནང་དུ་བཀུག་སྟེ་རྫོགས་པའི་རིམ་པ་ལ་སློབ་བོ། །དེ་ནས་ཕྲ་བའི་རྣམ་པར་རྟོག་པ་ལས་ལོག་ནས་སྟོང་པ་ཉིད་ལ་ཉེ་བར་འགྱུར་ཏེ། གཞན་ལ། གང་གིས་དང་པོར་བསྐྱེད་ལ་གནས། །རང་གི་ལས་ནི་ཡང་དག་རྫོགས། །དེ་ནས་སློབ་བརྟག་བྱ་སྟེ། །ལས་སུ་རུང་ནས་ཆོས་རྣམས་ཀྱི། །དེ་ཉིད་ངེས་པར་ཐོབ་པར་འགྱུར། །ཞེས་འབྱུང་བ་ལ་སོགས་པས་ཀྱང་། །དེ་ཉིད་གསལ་བར་འགྱུར་རོ། །དེ་ནས་བསྐྱེད་པ་ལ་སོགས་པའི་རིམ་པ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཕྱག་རྒྱ་གསང་སྔགས་ཐུགས་སྦྱོར་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བའི་ཡི་གེ་ནི་སེམས་ཡིན། །ཧཱུཾ་གསང་སྔགས་སོ། །དེ་ལ་ཐུགས་ཀྱི་རྟགས་འབྱུང་བ་ནི་ཐུགས་སྦྱོར་རོ། །དེ་ལས་བྱུང་བའི་དཔལ་ལྡན་གོས་སྔོན་ཅན་ནི་ཁྲོ་བོ་དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོས་དབང་བསྐུར་བ་ནི་བྱིན་གྱིས་བརླབས་པའོ། །དེ་དག་ནི། དོན་ཡང་ཡ་མཚན་སྣ་ཚོགས་ལྡན། །ཞེས་པ་གང་ལ་སྤྲོས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་གདུག་པ་ཅན་བཏུལ་ཏེ་སླར་འདུས་པ་འདིས་སྤྲུལ་པའི་དཀྱིལ་འཁོར་གཅིག་ཏུ་མཛད་པའོ། །དེ་དག་གི་དོན་ཡང་ཐོག་མར་འོག་ནས་འབྱུང་བའི་རིམ་པས། བླ་མ་དང་། སངས་རྒྱས་ཐམས་ཅད་མདུན་དུ་སྤྱན་དྲངས་ཏེ། སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་དང་། ཞལ་ཟས་ལ་སོགས་པས་ཡང་དག་པར་མཆོད་དེ། བདག་གིས་སྡིག་པ་ཅི་བགྱིས་དང་། །བགྱིད་དུ་སྩལ་དང་ཡི་རང་ལ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་སོ་སོར་བཤགས་པར་བགྱི། །ཞེས་སྡིག་པ་བཤགས་པར་བྱའོ། །དེ་ནས་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་། ཉན་ཐོས་ནས་སོ་སོའི་སྐྱེ་བོའི་ལམ་ལ་གནས་པ་ལ་རྗེས་སུ་ཡི་རང་བར་བྱའོ། །དེ་ནས། ཕྱོགས་བཅུ་དག་ན་གང་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སེམས་ཅན་མ་ལུས་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་བསྐུལ་ལོ། །དེའི་རྗེས་སུ། རྒྱལ་བ་མྱ་ངན་འདའ་བཞེད་དམ། །ཇི་སྲིད་སེམས་ཅན་གནས་ཀྱི་བར། །འགྲོ་ལ་ཕན་པའི་དོན་གྱི་ཕྱིར། །བླ་མེད་ཆོས་རྣམས་བསྟན་དུ་གསོལ། །ཞེས་བརྗོད་ལ། དེ་ནས་རང་ཉེས་པ་ལས་ལྡོག་པའི་བསམ་པས་ཅི་ནུས་ཀྱིས་ལྡོག་པར་བྱ། གཟུང་བར་བྱའོ། །དེ་ནས་ཚད་མེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསོད་ནམས་ཀྱི་ཚོགས་ལ་དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་མེད་པར་བྱའོ། །དེ་ལས་ལངས་ཏེ་སེམས་ཉིད་ཧ་ལྗང་གུ་ལས་སྣ་ཚོགས་རྡོ་རྗེ་ལས་རབ་དང་དྲ་བར་གྱུར་པར་བྱའོ། །དེའི་དབུས་སུ་ཡཾ་ལས་རླུང་། བཾ་ལས་ཆུ། སུཾ་ལས་ས་གཞིར་རབ་ཏུ་བཅས་པ། དེའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད། པདྨ་བརྒྱད་པ་མུ་ཁྱུང་དང་། །གྲུ་ཆད་ཁྱམས་དང་སྒོ་བཞིར་བཅས། །ར་བ་དྲ་བ་ཕྱེད་པ་དང་། །ཕ་གུ་དང་ནི་རྟ་བབས་དང་། །དར་གྱི་བླ་རེ་བ་དན་དང་། ཕྱི་དང་ནང་གི་རྒྱན་གྱིས་མཛེས། །ཀུན་དུ་གསང་བའི་བདག་ཉིད་ཅན། །ཡོངས་སུ་རྫོགས་པའི་རྟེན་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་དང་ལྡན་པའི་ནང་དུ་རང་ཆོ་ག་གསུམ་གྱིས་ཇི་སྐད་སྨོས་པའི་རྒྱན་དང་ལྡན་པའི་སྐུར་བསྐྱེད་ལ། ཡེ་ཤེས་ཀྱི་ལྷ་མདུན་དུ་སྤྱན་དྲངས་ཏེ་མཆོད་པ་དང་། བསྟོད་པས་མཉེས་པར་བྱས་ཏེ་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་རང་གི་རྡོ་རྗེ་དག་ལ་ཧཱུཾ། དེ་ནས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ནོར་བུས་མཚན་པ་དང་། པདྨའི་གཞལ་ཡས་ཁང་དུ་བྱས་ལ། ཁ་བྱང་དུ་བལྟས་པའི་པདྨའི་སྒོ་ཅན་དུ་བྱས་བས་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲོས་ཏེ། ཐིག་ལེ་དང་ཡི་གེ་ལས་སྐུར་བྱས་ཏེ། ཧཱུཾ་ཧཱུཾ་བྱས་པ་ཕྱི་རོལ་དུ་སྤྲོས་ཏེ། ཕྱིའི་གདུག་པ་ཅན་རྣམས་བཏུལ་ནས་སླར་འདུས་ཏེ། ཕྱིའི་གཞལ་ཡས་ཁང་དུ་བཞུགས་པ་འདི་ལྟ་སྟེ། བདེ་གཤེགས་གོས་སྔོན་ཅན་ནི་ཤར་གྱི་འདབ་མ་ལ་བཞུགས་ཏེ། མདོག་དཀར་པོ་གོས་སྔོན་པོའི་ཤམ་ཐབས་ཅན། སྦྲུལ་དཀར་པོའི་རྒྱན་ཆ་ཅན། གཡས་ན་འཁོར་ལོ། གཡོན་ན་དྲིལ་བུ་ཐོགས་པ། རང་དང་འདྲ་བའི་ཡུམ། ཕྱག་གཡས་ཀྱི་དྲིལ་བུ་ཐུགས་ཀར་འཁྱུད་ནས། གཡོན་པས་ཁྲག་གི་ཐོད་པ་སྟོབས་པ། སྐུའི་ཁ་དོག་དཀར་པོས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཁྱབ་པའོ། །དེ་བཞིན་དུ་རིན་ཆེན་གོས་སྔོན་ཅན་ལྷོའི་འདབ་མ་ལ་བཞུགས་ཏེ། མདོག་སེར་པོ་གོས་སྔོན་པོའི་ཤམ་ཐབས་གསོལ་བ། སྦྲུལ་སེར་པོའི་རྒྱན་ཅན། གཡས་ན་རིན་པོ་ཆེ་འབར་བ། གཡོན་ན་དྲིལ་བུ་ཐོགས་པའོ། །ནུབ་ཀྱི་འདབ་མ་ལ་པདྨ་གོས་སྔོན་ཅན་བཞུགས་ཏེ། མདོག་དམར་པོ་གོས་སྔོན་པོའི་ཤམ་ཐབས་གསོལ་བ། སྦྲུལ་དམར་པོའི་རྒྱན་ཅན། གཡས་ན་པདྨ་དམར་པོ། གཡོན་ན་དྲིལ་བུ་ཐོགས་པའོ། །བྱང་གི་ཕྱོགས་ཀྱི་འདབ་མལ་ལས་ཀྱི་གོས་སྔོན་ཅན་བཞུགས་ཏེ། མདོག་ལྗང་གུ། གོས་སྔོན་པོའི་ཤམ་ཐབས་གསོལ་བ། སྦྲུལ་ལྗང་གུའི་རྒྱན་ཅན། གཡས་ན་རྡོ་རྗེ་རྒྱ་གྲམ། གཡོན་ན་དྲིལ་བུ་ཐོགས་པའོ། །མཚམས་རྣམས་སུ་ནི་རང་གི་ལྷ་མོ། སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་ཐོགས་པ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་མདོག་ཅན་ནོ། །ཁྱམས་ཀྱི་གྲཝ་ལ་ནི། སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མཁན་མ་དང་། གར་མཁན་མ་རྣམས་སོ། །དེའི་ཕྱོགས་སུ་ནི་ཁམས་གསུམ་རྣམ་པར་རྒྱལ་བ་དང་། མགོན་པོ་ནག་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་རྣམས་སོ། །ནང་དུ་པདྨའི་མཚམས་སུ་ནི། ཐོད་པ་བྱང་ཆུབ་ཀྱི་སེམས་ཀྱིས་བཀང་བའོ། །དེ་ལྟར་ལྷའི་འཁོར་ལོ་ཡང་དག་པར་བསྐྱེད་ནས་ལྷ་ཐམས་ཅད་ཀྱི་གནས་གསུམ་དུ་ཡི་གེ་ཨོཾ་ཨཱཿཧཱུཾ་གསུམ་བཀོད་དེ། དེ་ནས་སྔ་མ་བཞིན་དུ་དབང་བླང་བར་བྱའོ། །དེ་ནས་རང་གི་སྐུ་ལ་སེམས་གཏད་དེ་ཡང་དང་ཡང་དུ་བསྒོམ་ཞིང་འདྲེས་པར་བྱའོ། །དེ་ནས་གལ་ཏེ་སྐྱོ་ན་རང་གིས་སྔགས་བརྒྱའམ་སྟོང་ལ་སོགས་པ་བཟླས་ཏེ། འདི་དག་གི་དུས་སུ་ཡང་རང་གི་ས་བོན་ལས་འོད་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕོག་པས། དེའི་འོད་ཀྱིས་རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་པ་ཐམས་ཅད་དབྱུང་བ་དང་། བསྲེག་པ་དང་། བསྲུང་བར་བསམ་མོ། །ཡང་ན་རང་གི་འོད་སངས་རྒྱས་ཐམས་ཅད་ཀྱི་ཤངས་སུ་བརྒྱུད་ནས། རྡོ་རྗེའི་ལམ་དུ་ཡང་བརྒྱུད་དེ་འཁོར་བར་བསམ་པ་དང་། སྐུ་དང་། ཡི་གེ་དང་། མཚན་མ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བཀུག་ཅིང་རང་གི་ལུས་ལ་འོངས་པར་བསམས་ལ་སྔགས་བཟླས་པར་བྱའོ། །སྔགས་བཟླས་པའི་དུས་སུ་སྐྱེན་པ་དང་། བུལ་བ་དང་། ལྷག་པ་དང་། སྒྲ་ཆེ་བ་དང་། ཆུང་བ་མ་ཡིན་པར་བཟླས་ཏེ། འདི་ལྟར་འདོད་ཆགས་ཀྱིས་མ་ཡིན་ཏེ། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་སེམས་ཀྱིས་མ་ཡིན། ཟླ་བོ་དང་གཉིད་ལ་སོགས་པའི་བར་ཆོད་མ་ཡིན་པར་བཟླས་པར་བྱའོ། །དེ་ནས་གཏོར་མ་གཏོང་བར་འདོད་ན་འོག་ནས་འབྱུང་བའི་གཏོར་མས་འབྱུང་པོ་ཐམས་ཅད་ཚིམ་པར་བྱ་སྟེ། ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་ལ་དམ་ཚིག་སེམས་དཔའ་རང་ལ་བསྡུས་ཏེ། གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །གཞན་དུ་ཉལ་བ་དང་། འགྲོ་བ་སོགས་པ་སྤྱོད་ལམ་ཅི་བདེ་བས་གནས་པར་བྱའོ། །བསྐྱེད་པའི་རིམ་པའི་ཡན་ལག་དང་བཅས་པ་བཤད་ཟིན་ཏོ། །རྫོགས་པའི་རིམ་པའི་དབང་དུ་བཤད་པ། ཕྱག་རྒྱ་ནི་བསྐྱེད་པའི་རིམ་པའི་སྐུ་མཐར་ཕྱིན་པའོ། །གསང་སྔགས་ནི་རྡོ་རྗེའི་བཟླས་པ་སྟེ། རླུང་དང་སྔགས་འདྲེས་པའོ། །དེ་ཉིད་རླུང་དང་སྔགས་འདྲེས་པའི་ཚུལ་དུ་དབྱུང་བ་དང་། འཇུག་པ་དང་། གནས་པའི་རིམ་གྱིས་སློབ་བོ། །ཐུགས་ནི་སེམས་ཏེ་འདིར་སྦྱོར་བ་ནི་དམིགས་པའོ། །དེ་བས་ན་འདིར་སེམས་ཉིད་ཀྱི་ངོ་བོར་རྟོགས་པའོ། །ཁྲོ་བོའི་རྒྱལ་པོ་ནི་དེ་ལས་འབྱུང་བ་ན་སྒྱུ་མའི་དཔེ་ཉེ་བར་མཚོན་པའི་སྐུའོ། །ཁྲོ་བོ་ནི་རྡོ་རྗེ་ཉིད་དེ། མི་འགྱུར་ཞིང་མི་ཤིགས་པའོ། །བྱིན་རླབས་ཡ་མཚན་སྣ་ཚོགས་ལྡན། །ཞེས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལ། དང་པོ་བསྐྱེད་པའི་རིམ་པ་བསྒོམ། །བསྐྱེད་ལ་བརྟན་པར་གྱུར་བ་དང་། །གསལ་བ་རླུང་ལ་གནས་པར་བྱ། །དེ་ནས་རླུང་དང་ཐིག་ལེར་བསམ། །འགྲོ་དང་འོང་བའི་ཐིག་ལེ་ལ། །བློ་གཏད་གནས་པ་བརྟན་གྱུར་ན། །ཐོག་མཐའ་མེད་པའི་བསམ་གཏན་བྱ། །དེ་ནས་ཆོས་རྣམས་ཐིག་ལེ་སྟེ། །ཐིག་ལེ་སེམས་ཀྱིས་རྣམ་འཕྲུལ་ནས། །ཆོས་རྣམས་སེམས་ཀྱི་ངོ་བོར་བརྟན། །སེམས་ཉིད་ཧཱུཾ་ལས་རྡོ་རྗེར་གྱུར། །དེ་ལས་གསང་བའི་བདག་པོར་བསམ། །སྒྱུ་མའི་དཔེ་ཡིས་ཉེར་མཚོན་ན། །རང་བཞིན་ཀུན་བྲལ་རྟོགས་ལས་འདས། །དེ་ལས་སྣ་ཚོགས་དོན་མེད་འགྱུར། །ཞེས་པ་སྟེ། འདི་དག་གི་དོན་ཡང་ཐོག་མར་བསྐྱེད་པའི་རིམ་པ་ལ་བརྟེན་ནས། རང་གི་སྙིང་གའི་དབུས་སུ་ཟླ་བ་དང་། ཉི་མ་ཁ་སྦྱོར་དུ་གནས་པ་ལ་བྱང་ཆུབ་ཀྱི་སེམས་བལྟས་ལ། དབུགས་འབྱུང་བའི་དུས་སུ་དེ་ལ་འོད་ཁ་དོག་རྣམ་པ་ལྔ་སྟེང་གི་སྒོར་འཐོན་ཏེ། སོར་བཞིའི་རྣམ་པར་གྱུར་པ་སྟེ་འཇུག་པའི་དུས་སུ་དེ་ཉིད་འཇུག་པ་དང་གནས་པར་བྱ་སྟེ། ཐོག་མ་ཉིད་དུ་ནི་གཙོ་བོའི་འོད་ལ་སློབ་བོ། །དེ་ནས་གནས་སོ། །དེ་ནས་གཉིས་པ་ལ་སློབ་པོ། །དེ་ནས་གསུམ་པོ་ལ་སློབ་པོ། དེ་ནས་ལྔ་པའི་བར་ལ་སློབ་བོ། །དེ་ནས་གནས་སོ། །དེའི་ཐོག་མའི་གཙོ་བོའི་ཡང་རྟེན་ཅན་ནོ། །དེ་ནས་བདེ་གཤེགས་ལ་སོགས་པའི་རྟེན་ཅན་ནོ། །དེ་ལྟར་གནས་ནས་རང་གི་ཐིག་ལེ་ལ་བལྟས་ཏེ། འདོད་ཆགས་ལ་སོགས་པ་འདི་དག་ནི་རང་གི་སེམས་ལས་བྱུང་ནས། འདི་ལས་རྒྱུ་ཡང་ངེས་པ་ཅི་ཞིག་ཡོད། ཅེས་བརྟག་པར་བྱའོ། །དེས་ནི་དེའི་གཏིང་དཔགས་པར་འགྱུར་བ་དང་། གལ་ཏེ་དུས་ལས་འབྱུང་ངོ་ཞེ་ན། སྐད་ཅིག་ལ་སོགས་པ་ཤིན་ཏུ་ཕྲ་བའི་དངོས་པོ་བརྟག་པར་བྱའོ། །དེ་ནས་རང་ལྷའི་སྐུར་ལངས་ཏེ། སྐུ་དེ་དག་ཀྱང་སྒྱུ་མ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། བྲག་ཅ་དང་མིག་ཡོར་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེའི་ཕྲེང་བའི་འཁོར་ལོ་ལ་སོགས་པར་བརྟག་པར་བྱའོ། །དེ་ལྟར་ལེགས་པར་རྟོགས་པ་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པ་དང་ལུང་སྟོན་པར་འགྱུར་རོ། །དེ་ལྟར་གྱུར་ནས་རང་འོད་དུ་ཞུ་ནས་ཐིག་ལེ་སྙིང་པོའི་སྟོབས་ཀྱིས་དོན་དམ་པའི་ལ་གཞག་པར་བྱའོ། །དེ་ལ་རང་ལྷའི་སྐུར་ལངས་ཏེ་དོན་དམ་པའི་སྐུ་དང་དོན་དམ་པ་དང་འདྲེས་པའི་སྐུ་དང་། དོན་དམ་པ་དང་ཉེ་བར་འདྲེས་པའི་སྐུས་བདེན་པ་གཉིས་མངོན་དུ་བྱས་ཏེ། ཕྱིས་མི་སློབ་པའི་ཏིང་ངེ་འཛིན་གསལ་བར་འགྱུར་རོ། །སྤྱོད་ལམ་གྱི་རིམ་པའང་ཐོག་མར་ནི་ཐམས་ཅད་རླུང་གི་འགྲོ་ལྡོག་ཏུ་བལྟའོ། །དེས་ཆོས་ཐམས་ཅད་སེམས་ཀྱི་ངོ་བོར་བལྟའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པར་བལྟའོ། །དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། ། དེ་ལྟར་གོམས་པས་སངས་རྒྱས་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་ལེགས་པར་གོང་ན་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བུམ་པའི་དབང་བསྐུར་བ་བསྟན་པའི་ཕྱིར། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་ལེགས་པར་བསྐྱེད་པའི་བུམ་པའི་ནང་དུ་ཧཱུཾ་ལ་སོགས་པ་སོ་སོའི་ཡི་གེ་བསམས་པ་ནི་གསང་སྔགས་སོ། །དེ་ལས་རྡོ་རྗེར་གྱུར་པ་ནི་ཐུགས་སྦྱོར་རོ། །དེ་ལས་སྐུར་གྱུར་པ་ནི་ཁྲོ་བོའི་རྒྱལ་པོའོ། །དེ་ལས་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་དང་། མཆོད་པ་དང་། བསྟོད་པ་དང་། གསོལ་བ་དང་། རྫས་བསྒྲུབ་པའི་བར་ནི་བྱིན་གྱིས་བརླབས་པའོ། །དེས་གང་ལ་དབུ་རྒྱན་ལ་སོགས་པ་དང་བཅས་པས་དབང་བསྐུར་བས་ཉོན་མོངས་པའི་དྲི་མ་འཁྲུ་བ་ལ་སོགས་པ་འདི་ནི་ཡ་མཚན་སྣ་ཚོགས་ལྡན་ཞེས་སོ། །དེ་ཡང་གཞན་ལས། ལེགས་པར་སྦྱངས་པའི་བུམ་པ་རུ། །རིམ་གྱིས་འབྱུང་བའི་སྐུ་བསམས་ཏེ། །བྱིན་བརླབས་ཆུ་ཡིས་བཀྲུས་པ་ཡིས། །དངོས་གྲུབ་འབྱུང་འགྱུར་དབུ་རྒྱན་དང་། །རྡོ་རྗེ་དྲིལ་བུ་བདག་པོའི་མཚན། །ཉོན་མོངས་ལྔ་ཡི་དྲི་མ་འཁྲུ། །རྟག་ཏུ་སྐུ་ལྔ་རྫོགས་པར་འགྱུར། །ཞེས་སོ། །གསང་བའི་དབང་དུ་བྱས་ཏེ་བཤད་པ། ཕྱག་རྒྱ་ནི་ཕྱག་རྒྱ་མ་སྟེ་ལྷན་ཅིག་སྐྱེས་པ་མ་དང་། ཞིང་ལས་སྐྱེས་པ་དང་། སྔགས་ལས་སྐྱེས་པ་དང་། དེའི་བྱིན་གྱིས་བརླབ་པ་སྟེ། དེའི་གནས་ཐམས་ཅད་དུ་ཡི་གེ་དགོད་པ་ནི་གསང་སྔགས་ཐུགས་སྦྱོར་ནི་བསམ་གཏན་ཏེ། བྱང་ཆུབ་ཀྱི་སེམས་དབབ་པ་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །ཁྲོ་བོའི་རྒྱལ་པོ་ནི་བདག་གཙོ་བོའི་ཏིང་ངེ་འཛིན་ཅན་ཏེ་ཐབས་དང་ཤེས་རབ་ཀྱི་ངོ་བོའོ། །དེ་སློབ་མའི་ངག་ལ་བྱིན་ལ་སྣང་བ་མཐའ་ཡས་སུ་གནས་པ་ནི། བྱིན་གྱིས་བརླབས་པའོ། །དེས་ལྕེ་གསུང་ལ་བདེ་བ་སྐྱེས་པ་ནི། ཡ་མཚན་སྣ་ཚོགས་ལྡན་ཞེས་པ་སྟེ། ཇི་སྐད་དུ། ལྷན་ཅིག་སྐྱེས་པའི་རིགས་ཅན་དང་། །སྔགས་དང་ཞིང་ལས་སྐྱེས་པ་ལ། །གནས་རྣམས་སུ་ནི་ཡི་གེ་བཀོད། །དེ་ལས་སྐུར་གྱུར་ཡབ་ཡུམ་གསལ། །གཉིས་མེད་སྦྱོར་བས་སེམས་ཕབ་སྟེ། །མ་འཐོར་མ་གྲམ་དག་ལ་བྱིན། །ལྕེ་གསུང་བདེ་བ་མྱོང་བ་ནི། །དངོས་གྲུབ་རབ་མཆོག་ཉིད་དུ་བཤད། །ཅེས་འབྱུང་བ་ལྟ་བུའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བསྟན་པའི་ཕྱིར། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཕྱག་རྒྱ་ལ་སོགས་པ་གོང་དང་འདྲའོ། །སློབ་མ་ལེགས་པར་སྦྱངས་པ་དང་། དང་པོར་གཡའ་བསླད་པ་སྔོན་དུ་འགྲོ་བས་གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཕབ་ནས་ལྕགས་ཀྱུས་བཟུང་བས་ཟག་པ་མེད་པའི་བདེ་བ་ཉམས་སུ་མྱོང་བ་ནི། ཡ་མཚན་སྣ་ཚོགས་ལྡན་ཞེས་བྱའོ། །དེ་ཡང་གསུངས་པ། ཕྱག་རྒྱ་མ་འདི་ལེགས་གནས་ལ། །འདོད་པའི་རྩ་ནི་བཟུང་གྱུར་ནས། །ནམ་མཁའ་གང་བར་གྱུར་པ་དང་། །ལྷ་སྦྱིན་སྣ་ནི་སྤྲད་བྱས་ཏེ། །གནས་དགུ་དག་ནི་སེན་མོ་དག་།གཉིས་མེད་གཅིག་སྦྱོར་དག་ཏུ་གནས། །འཁོར་ལོ་གསང་བ་བསམ་བྱ་སྟེ། བསྐྱོད་པའི་རླུང་གིས་དྲོད་འབར་བས། །བདེ་ཆེན་བྱང་ཆུབ་མགྲིན་པར་བབས། །དེ་ནི་མི་བསྐྱོད་དག་པ་སྟེ། །མི་བསྐྱོད་སྙིང་གར་མི་བསྐྱོད་བརྟེན། །ལྟ་བ་ལ་སོགས་དེ་བཞིན་ནོ། །དེ་ནས་རྡོ་རྗེ་རྩེ་མོ་ལས། །རླུང་གི་ལྕགས་ཀྱུས་དཀྲུགས་པར་བསམ། །དེས་ནི་བདེ་བ་ཆེན་པོར་འགྱུར། །ཞེས་སོ། །དབང་བཞི་པའི་འབྲས་བུར་གྱུར་བ་དེའི་གནས་སྐབས་སུ་གཞག་གི་། གཞན་དུ་མ་ཡིན་ནོ། །གལ་ཏེ་ཐམས་ཅད་ཀྱང་དེ་ལྟ་བུའོ་ཞེ་ན། འདིར་མཆོག་ཏུ་གྱུར་བའི་ཕྱིར་རོ། །གལ་ཏེ་འོད་མཆོག་མ་ཡིན་ཞེས་བྱ་བ་ནི། ངེས་པར་གཟུང་བ་ནི་ཅི་ཡང་མེད་དོ། །གཞན་དག་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ལན་གཉིས་མ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ཅི་དེ་ལས་དཔག་པའི་རྟེན་ཅན་དང་བརྟེན་པ་མེད་པ་ཁོ་ནའོ་ཞེས་ཟེར་རོ། །གཞན་ནི་རྗེས་སུ་གནང་བ་ལ་སོགས་པའོ་ཞེས་ཟེར་རོ། །དེ་ནས་བསོད་ནམས་ཀྱི་ཚོགས་ཀྱི་ཞར་ལ་དམ་ཚིག་བསྟན་པའི་ཕྱིར། །རང་གཞན་འཕགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འཕགས་པ་རབ་ནི་དབང་བསྐུར་བ་དང་། བསྒྲུབ་པའི་ལྷ་མཉེས་པར་བྱེད་པ་སྟེ། ཇི་སྐད་དུ། ཡང་དག་སངས་རྒྱས་མཉེས་བྱའི་ཕྱིར། །བྱང་ཆུབ་སེམས་ནི་སྤང་མི་བྱ། །ལྷ་ལ་སྤོང་ལེན་མི་བྱ་སྟེ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །འགྲོ་བ་དམན་ལ་བྱམས་པ་དང་། །གང་གིས་གསང་བ་བསྟན་པར་བྱ། །གསང་བའི་སྡོམ་པ་ཐམས་ཅད་བསྲུང་། །མཆོད་དང་མཉེས་པ་བཤགས་ལ་བརྩོན། །ཞེས་བྱ་བ་ལ་སོགས་པ་ཤེས་པར་བྱའོ། །བླ་མ་དང་ཤིན་ཏུ་བླ་མ་ཞེས་པ་ནི། །དབང་བསྐུར་མན་ངག་སྟོན་པ་ཡི། །བླ་མ་སངས་རྒྱས་པས་ལྷག་སྟེ། །གང་གིས་ཡོན་ཏན་འབྱུང་བ་དེས། །བླ་མ་སྲོག་བཞིན་གཟུང་བར་བྱ། །གཞན་ཡང་སེམས་དང་འགལ་བ་ཡི། །ཆོས་ནི་ནམ་ཡང་སྤང་བར་བྱ། །བླ་མའི་ཐུགས་དང་འགལ་བ་ནི། །སེམས་ནི་བདུད་ཀྱིས་བྱིན་གྱིས་བརླབས། །གང་ཡང་འཇིག་རྟེན་འདི་དག་ཏུ། །དགེ་བ་གང་དང་གང་སྤྱད་པ། །དེ་དག་འབྲས་བུ་མེད་འགྱུར་ཞིང་། །བསྐལ་པ་ཆེན་པོར་ངན་འགྲོར་སྲེག་།བླ་མ་ལ་ནི་འཁྱལ་ཚིག་སྨྲས། དམྱལ་སྲུང་རབ་ཏུ་གཏུམ་པོ་ཡིས། །ལྕེ་ནི་ཕུར་པས་བརྒྱངས་བྱས་ཏེ། །རབ་ཏུ་དྲག་པོའི་མཚོན་གྱིས་གཏུབ། །བླ་མ་ལ་ནི་སེར་སྣ་ལྡན། །བླ་མའི་ཡོ་བྱད་ཚོགས་ལ་ལེན། །དུས་ཀུན་བདེ་བ་ཟས་དང་བྲལ། །སྐད་ཅིག་བཅུ་བཅུའི་བར་དག་ཏུ། །ལྕགས་ཟངས་ཁུ་བ་འབར་བ་ལྡུགས། །ཤེས་རབ་མཛེས་པའི་རྒྱན་ཅན་དང་། །གང་ཡང་རྡོ་རྗེ་སྤུན་རྣམས་ལ། །གང་གིས་ཉེས་དང་བཅས་པའི་ལས། །རྣམ་པ་ཀུན་དུ་སྤྱད་འགྱུར་ལ། །དུས་ཀུན་དགེ་བ་ཟད་ནས་ནི། །མྱུར་བར་ངན་འགྲོར་འགྲོ་བར་འགྱུར། །དེ་ནས་དངོས་གྲུབ་འདོད་པ་ཡིས། །བླ་མ་སངས་རྒྱས་སྔོན་དུ་མཆོད། །དེ་ལས་འཇིག་རྟེན་ལེགས་པ་རྣམས། །མ་ལུས་མྱུར་དུ་འགྲུབ་པར་འགྱུར། །གང་ཞིག་དཔལ་ལྡན་རྡོ་རྗེ་ཅན། །འབད་པ་མེད་པར་ཐོབ་པར་འགྱུར། །ཞེས་སོ། །དེ་ལས་སྡོམ་པ་ཕུན་སུམ་ཚོགས་པ་ནི་དངོས་གྲུབ་དམ་པའི་རྟེན་དམ་པའོ་ཞེས་བྱ་བ་ངེས་པར་བཟུང་ནས་དེ་ལ་གནས་ནས་ཇི་སྐད་སྨོས་པའི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ལ་གནས་ནས་བདུད་དང་བར་དུ་གཅོད་པ་ཐམས་ཅད་ངང་གིས་ཞི་སྟེ། བདེ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཞན་ལ་ཕན་འདོགས་ན། །སྐུ་དེ་སྣ་ཚོགས་སྐུ་རུ་སྣང་། །ཞེས་པ་ནི་གལ་ཏེ་གདུག་པ་ཅན་འདུལ་བར་འདོད་ན། གོས་སྔོན་པོ་ཅན། ཕྱག་གཡོན་པས་དྲིལ་བུ་དོར་ཏེ། གདུག་པ་ཅན་གང་ཡིན་པ་གཟུང་བར་བསམ་མོ། །ཞི་བ་དང་། རྒྱས་པ་དང་། དབང་ནི། བདེ་གཤེགས་གོས་སྔོན་ཅན། རིན་པོ་ཆེ་དང་པདྨ་གོས་སྔོན་པོ་ཅན་དུ་གྱུར་བས་བྱེད། ཅེས་བསམ་པ་ཉིད་དོ། །ཐོག་མའི་སྐུར་སངས་རྒྱས་ཐམས་ཅད་མདུན་དུ་བལྟས་ལ། དེ་ནས་མཆོད་པ་ལ་སོགས་པ་ཐམས་ཅད་ཀྱིས་མཉེས་པར་བྱས་ལ། དབང་ཐོབ་ནས་དེ་རུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ཀྱི་སྐུ་དེ་དག་དོན་དམ་པར་མ་གྲུབ་པ་ལས་སྣང་བ་ཙམ་དུའོ་ཞེས་བྱ་བའི་དོན་ཏོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་གཉིས་པའི་རྒྱ་ཆེར་བཤད་པའོ། ། །།དེ་ལྟར་ལམ་རྣམ་པ་གཉིས་བསྟན་ནས། ད་ནི་སྔགས་བཏུ་བ་བཤད་པའི་ཕྱིར། གཞན་ཡང་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ཧ་ནི་སྲེགས་ཤིག་པའོ། །སོགས་པ་ཞེས་བྱ་བས་གཞན་གྱི་སྔགས་ཀྱི་མཐའི་དོན་ཡང་ཤེས་པར་བྱ་སྟེ། གང་གིས་ཨཱ་ལི་དང་ཀཱ་ལི་ལེགས་པར་སྦྱར་བ་ལས་འབྱུང་བའི་སྔགས་རྩ་བའི་སྔགས་སྦྲེལ་བས། དེའི་དོན་དང་མཐུན་པའི་ལས་ཐམས་ཅད་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཉིས་ཀྱི་འོག་མ་གསུམ་པས་བརྒྱན་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །གྲྀཧྞ་གྲྀཧྞ་ཞེས་པ་ནི་ཟུང་ཤིག་རབ་ཏུ་ཟུང་ཤིག་པའོ། །རྩ་བའི་སྔགས་དངོས་སུ་བས། ཧ་ན་ཧ་ན་ནི། རྒྱོབ་ཅིག་པའོ། །ཏ་ཐཱ་ཡ་ཏ་ཐཱ་ཡ་ཞེས་པ་གཏོགས་ཤིག་པའོ། །པ་ཙ་པ་ཙ་ཚོས་ཤིག་པའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་གསུམ་པའི་བཤད་པའོ། ། །།དེ་ནས་མེའི་འཁོར་ལོའི་སྔགས་ཀྱི་ཡོན་ཏན་བཤད་པར་བྱ་བའི་ཕྱིར། དེ་ནས་འཕགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཚོགས་མངོན་པར་གྲུབ་པ་ནི་ལས་སྣ་ཚོགས་མངོན་པར་བྱེད་པའི་སྔགས་བསྲུང་བར་དགོས་པའོ། །དེའི་སྔགས་དངོས་སུ་བས། གང་ཞིག་འདི་འཛིན་རྣལ་འབྱོར་དེ། །ཞེས་པ་ནི་སྔགས་གཟུངས་སུ་འཛིན་པ་སྟེ། སྔགས་ཀྱི་གཉིས་པ་སྤངས་ནས་བསམ་གཏན་དང་བཅས་པས་མ་ཆད་པར་བྱེད་པའོ། །བསམ་གཏན་ཐོག་མ་ཉིད་དུ་ནི། །རང་གི་དམིགས་པར་གསལ་བར་བྱེད་དོ། །དེ་ནས་ནི་ཧཱུཾ་རཾ་ཧཾ་གི་རྣམ་པ་ལ་དམིགས་ཏེ་ལུས་དང་ངག་དང་ཡིད་ཀྱི་སྡིག་པ་དག་པར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོ་དང་བཅས་པ་གང་ཡེ་ཤེས་སེམས་དཔའ་དང་བཅས་པ་དང་། དེ་ཉིད་རང་གི་འཁོར་དང་བཅས་པ་དང་། འཁོར་འབའ་ཞིག་པ་དང་བཅས་པ་དང་། ཕྲ་མོའི་ཏིང་ངེ་འཛིན་དང་བཅས་པ་དང་། མགལ་མེ་ལྟ་བུ་དང་ཕྲེང་བ་ཉི་མ་ལྟ་བུའི་རིགས་བདག་གི་མཚན་མངོན་དུ་བྱེད་དོ། །ལས་ཁྱད་པར་གྱི་དུས་སུ་ཡང་སོ་སོའི་བསམ་གཏན་དང་བཅས་པ་ལས་གྲུབ་པར་བྱེད་པའོ། ། ཉེས་པ་ཀུན་ལས་རབ་ཏུ་ཐར། །ཞེས་པ་ནི། སྒྲིབ་པ་ཐམས་ཅད་ལས་ཐར་བར་གྱུར་པའོ། །ལེགས་པའི་ཡོན་ཏན་ཐམས་ཅད་ཐོག་ཅེས་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་དོ། །འབྲས་བུ་ཡང་དག་མངོན་པར་གྲུབ། །ཅེས་པ་ནི་སྐུ་གསུམ་ཐོབ་པའོ། །སྔགས་འདི་གང་ཡིན་མིང་ཡིན་ཏེ། །ཞེས་པ་ནི་གོས་སྔོན་ཅན་ནོ། །གདུལ་བྱའི་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སྦྲེལ་བར་བསྟན་ཏོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་བཞི་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོ་བཞི་བསྒོམ་པ་བསྟན་ཏོ། །མངོན་པར་གྲུབ་པ་ནི་མངོན་པར་བྱེད་པ་སྟེ། གང་གིས་འཁོར་ལོ་བཞི་བསྒོམས་ནས་ལས་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་རོ། །འབྱུང་བཞིའི་སངས་རྒྱས་རབ་བསྒོམས་ནས། །ཞེས་བྱ་བ་ནི་པདྨའི་གོས་སྔོན་པོ་ཅན་ལ་སོགས་པའོ། །མེ་བརྒྱད་ནི་རྐང་མཐིལ་གཉིས་དང་། དཔྱི་མིག་གཉིས་དང་། ལག་པ་གཉིས་དང་། མདོམས་དང་། མགྲིན་པའི་བར་དུའོ། །རླུང་གཉིས་འབར་བ་དང་ཟློག་པར་བྱེད་པ་རླུང་སྟེ། རྐང་པའི་འོག་དང་སྤྱི་བོར་རོ། །དེས་ལུས་བསྡོམས་པར་བྱས་པ་ནི་དེའི་འབྲས་བུའོ། །རྒྱུ་ཆུ་བརྒྱད་དངོས་པོ་ཡིན་ཏེ། ། ཞེས་ནི་མེའི་གནས་བཞིན་ནོ། །དེ་བཞིན་ས་བརྒྱད་འབྲས་བུར་བསྟན། །ཞེས་པ་ནི་སྙིང་གའི་གནས་སུ་སའི་དཀྱིལ་འཁོར་བཀོད་པའོ། །རླུང་བརྒྱད་གཉིས་ལྡན་པ་སྟེ་ཞེས་པ་ནི་མདོམས་དང་མགྲིན་པའི་ཕྱོགས་གཉིས་མེད་དོ། །དེ་དག་གི་གནས་སུ་རིམ་གྱིས་གནོད་སྦྱིན་གཙོ། །དེའི་ཕུང་པོ་སྦྱངས་པ་ལས་ཕྱག་ན་རྡོ་རྗེར་གྱུར་པར་བྱ་སྟེ་གནས་ནས་འོད་ཕྱུང་སྟེ་ཞུ་བ་ལས་དེར་གྱུར་བ་ཉིད་དོ། །གྲུབ་པའི་སྔགས་བཞིས་མངོན་པར་འགྲུབ། །ཅེས་པ་ནི་ལས་སོ་སོའི་དབང་དུའོ། །འདི་དག་གི་དོན་ཡང་ཐོག་མ་ཉིད་དོ་ནི། གང་གི་མདུན་དུ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། མཆོད་པས་མཉེས་པར་བྱས་ནས་སྔགས་བཟླས་པའི་འོད་ཀྱིས་བསྐུལ་ནས་རང་གི་འཁོར་ལོ་ནུས་པ་བསྐྱེད་ལ། དེས་ཕུང་པོ་སྦྱངས་ཏེ་ཇི་སྲིད་དུ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ལ་བསྐྱེད་པའི་རིམ་པས་ཇི་ལྟ་བས་རང་ལྷའི་སྐུར་བསྐྱེད་པ་ལ་སོགས་པའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་ལྔ་པའི་བཤད་པའོ།། །།དེ་ནས་སྦྱིན་སྲེག་གི་ཆོ་ག་བཤད་པ། ལས་བཅུ་ནི་ཞི་བ་ལ་སོགས་པ་སྟེ། དེ་གང་སྒྲུབ་པའི་ཐབས་དེ་ལ་རྩེ་གཅིག་ཏུ་གནས་ནས་གསུངས་ཞེས་སྦྱར་རོ། ། ཞི་བ་ལ་ཤཱནྟིཾ་ཀུ་རུ་ཞེས་པ་ལ་སོགས་པ་ནི་སྔགས་ཀྱི་མཐའ་བསྟན་ཏོ། །ཐབ་ཁུང་ནི། །ཞི་བ་ལ་ནི་ཟླུམ་པོ་ཁྲུ་གང་། ཟབས་སུ་དེའི་ཕྱེད་སོར་གསུམ་བསྐྱེད་ལ། སོར་གསུམ་བརྩིག་།ཁ་ཁྱེར་ལ་ཡང་སོར་གསུམ་མོ། །མདོག་དཀར་པོ་འཁོར་ལོས་ལེགས་པར་བསྐོར་བའོ། །རྒྱས་པ་ལ་ནི་གྲུ་བཞིར་གྱུར་པ་ཁ་དོག་སེར་པོ་རིན་པོ་ཆེ་འབར་བས་བསྐོར་བའོ། །དབང་ལ་ནི་ཟླ་གམ། ཁ་དོག་དམར་པོ་པདྨའི་ཕྲེང་བས་སོ། །དྲག་པོ་ལ་ནི་གྲུ་གསུམ་ཁ་དོག་ནག་པོ་རལ་གྲིའི་ཕྲེང་བས་བསྐོར་བའོ། །ཆད་གོང་མ་བཞིན་ནོ། །ཤིང་ནི་འོག་ནས་འཆད་དེ། ཞི་བའི་ཐབ་ཁུང་བྱིན་གྱིས་བརླབས་ནས། ཞོ་ཅན་དཀར་བའི་ཤིང་ལ་མེ་སྦར་ཏེ། པདྨ་དཀར་པོའི་སྟེང་དུ་རཾ་དཀར་པོ་ལས་བྱུང་བའི་མེ་ལྷ་མདོག་དཀར་པོ་ཕྱག་བཞི་པ། གཡས་ན་དབྱུག་ཏོ་དང་སྐྱབས་སྦྱིན། གཡོན་ན་གུནྡྷེ་དང་བགྲང་ཕྲེང་དང་དར་དཀར་ལ་སོགས་པའི་སྟོད་གཡོགས་འཆད་བ་དེ་དང་བཅས་པའི་ལྷ་ཆ་ཞོ་དང་འོ་མ་ལ་སོགས་པའི་དཀར་པོའི་རྫས་ཀྱིས་སྦྱིན་སྲེག་བྱས་ན་ཞི་བ་དང་བསྲུང་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །རྒྱས་པ་ལ་གསེར་ཤིང་ཞེས་པ་ནི་སྔ་མ་བཞིན་དུ་བྱས་ལ་སེར་པོར་གྱུར་པའི་ཤིང་ལ་མེ་སྦར་ཏེ། མེ་ལྷ་སེར་པོར་བསྐྱེད་ལ། ལྡོང་རོས་ལ་སོགས་པ་ཁ་དོག་བསྒྱུར་བའི་རྫས་ཕུལ་བས་ཚེ་རིང་བ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །དབང་ལ་ནི་སེང་ལྡེང་གི་ཤིང་ལ་མེ་སྦར་ཏེ་ཇི་སྐད་སྨོས་པ་བཞིན་མེ་ལྷ་མདོག་དམར་པོ་རལ་གྲི་དང་། དབྱུག་ཏོ་དང་ཞགས་པ་བ་དང་། བགྲང་ཕྲེང་ཐོགས་པ་ལ་གླང་གི་ཤ་དང་དམར་པོའི་རྫས་ཕུལ་ན་དབང་དུ་བྱ་བར་འདོད་པ་ཐམས་ཅད་དབང་དུ་འགྱུར་རོ། །དྲག་པོའི་ལས་ནི་ཚེར་མ་ཅན་དང་། དུག་གི་ཤིང་ལ་མེ་སྦར་ཏེ། མེ་ལྷ་མདོག་ནག་པོ་ལ་ཤ་དང་ཁྲག་གིས་མཆོད་པ་བྱས་ན་གང་འདོད་པ་འཆི་བར་འགྱུར་རོ། །གཞན་ནི་ཙནྡན་ཤིང་གིས་བྱ་ཞེས་པ་པདྨ་ལྟ་བུའི་ཐབ་ཁུང་གི་དབུས་སུ་ཙནྡན་གྱི་ཤིང་ལ་མེ་སྦར་ཏེ། མྲྀ་ཐ་ཞེས་པས་ནི་མེ་ལྷ་དང་རང་གི་གཙོ་བོ་ལ་གང་འགྲོ་བར་འདོད་ན་བྱ་རྒོད་ཀྱི་ཤ་བསྲེག་པར་བྱའོ། །པུ་ཤུད་ཀྱི་ཤ་བསྲེགས་པས་ནི་དོན་གྲུབ་པར་འགྱུར་རོ། །ཝའི་ཤ་བསྲེགས་པས་ནི་མི་སྣང་བར་འགྱུར་རོ། །སྔགས་ནི་དངོས་སུ་བས་སོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་དྲུག་པའི་རྒྱ་ཆེར་བཤད་པའོ།། །།དེ་ནས་བདུག་པའི་སྦྱིན་སྲེག་བཤད་པར་བྱ་སྟེ། དེའི་ཕྱིར་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དྲག་པོ་རབ་འབར་བ་ནི་སྨེ་བའི་སྦྱིན་སྲེག་གོ། །གནས་གང་དུ་ཞེ་ན། གནས་ཁང་རིམ་པ་གསུམ་དུའོ། །དེས་ཅི་ཞིག་བྱེད་ཅེ་ན། ཕྱི་རོལ་སྨེ་སྲེག་དབྲལ་བར་བྱ། །ཞེས་པས་ཕྱི་རོལ་གྱི་ཁང་པར་དྲག་པོའི་ཐབ་ཁུང་བྱ་སྟེ། དེར་གུ་གུལ་སྦྱར་མ་དང་ནིམ་པའི་ཤིང་ལ་བསྲེག་ཅིང་། ཀླུ་ལ་སོགས་པས་གཟིར་བའི་ནད་པའི་སྟེང་དུ་འདུག་སྟེ། མེ་བརྒྱད་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱ་སྟེ། བར་དུ་ཕྱི་ནང་ཁྲུས་བྱས་ཞེས་པ་ནི་སྨན་སྣ་ཚོགས་དང་དང་། བདུད་རྩི་ལྔའི་ཁྲུས་བྱའོ། །དེར་ཚོགས་བྱ་བ་དང་། གཏོར་མ་དང་། འཕགས་པ་མཆོད་པ་ལ་སོགས་པ་མཉེས་པའི་ལས་ཅི་ནུས་བྱའོ། །ནང་དུ་བུམ་པའི་དབང་བསྐུར་བྱ། །ཞེས་པ་ནི། དེ་ནས་བུམ་པ་རྗེས་སུ་གནང་བ་ལས་དབང་བསྐུར་བར་བྱའོ། །དེ་དག་གི་དོན་ནི་ཐོག་མར་གནས་ཡིད་དུ་འོང་བར་ཕྱིན་ཏེ། ས་བརྟག་པ་ལ་སོགས་སྔོན་དུ་སོང་ནས། དེ་ནས་དཀྱིལ་འཁོར་གྱི་སྟ་གོན་གྱི་དབང་དུ་བྱ་བ་རྫོགས་པར་བྱས་ནས། གང་གི་ཐོག་མར་ནད་པ་ལ་སྨེ་བའི་སྦྱིན་སྲེག་སྟེ། དེ་ནས་ནད་པ་ལ་ཁྲུས་ལེགས་པར་བྱ་སྟེ། གོས་བཟང་པོ་གྱོན་ནས་དེ་ནས་རང་གི་སེམས་བསྐྱེད་ནས་བཟུང་ནས་སྟ་གོན་གྱི་ཆོ་ག་རྫོགས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་དེར་འཇུག་པའི་ཆོ་ག་རྫོགས་ནས་དབང་བསྐུར་བར་བྱའོ། །དེ་ལྟ་བུའི་གཞུང་སྟོན་པ། ཀྱེ་ཧོ་ཞེས་པ་དག་ནི་དགའ་བའི་ཚིག་ཏུ་སྟོན་པའོ། །ཉེན་རྣམས་འདུལ་བའི་མཆོག་ཅེས་པ་འབྱུང་པོ་དང་གདུག་པ་འདུལ་བའི་མཆོག་ལ་མཁས་པའོ། །ེ་མ་གསང་ཆེན་དྲག་པོ་ཆེ། །ཞེས་པ་ལ་གསང་ཆེན་པོ་འདི་དྲག་པོའི་སྦྱོར་བ་དམ་པའོ། །དེ་ཉིད་བསྟན་པ། ཨེ་མ་མ་རུངས་འཇིགས་པ་ཅན། །ཞེས་པ་ནི་མ་རུངས་པ་འདུལ་བ་སྟེ། ཞི་བའི་ལས་ཀྱིས་མ་འདུལ་བའི་ལོག་འདྲེན་ཐམས་ཅད་ངེས་པར་འཇོམས་པའོ། །ཡང་གསང་ནི་ཡང་དག་པར་གསང་བ་སྟེ། དོན་དམ་པ་ལས་བྱུང་བའོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་ཐོགས་བའོ། །ཕྱོགས་བྲལ་ནི་རྟག་པ་ལ་སོགས་པའི་ཉེས་པ་དང་བྲལ་བའོ། །དེ་དག་གི་དོན་ནི། གང་ཕྱིར་ཆོས་ཀྱི་དབྱིངས་ལས་བྱུང་ནས་གདུལ་བྱའི་མཐར་ཐུག་པ་ཐམས་ཅད་ངེས་པར་འཇོམས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་བདུན་པའི་རྒྱ་ཆེར་བཤད་པའོ།། །།དེ་ནས་གཏོར་མའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་ཐམས་ཅད་དང་ལྡན་པའི་གཏོར་མ་ནི་འཇིག་རྟེན་པ་ཡིད་དུ་འོང་བའི་རྫས་མ་ལུས་པའམ། ཡང་ན་ཤ་ལྔ་ལ་སོགས་པའོ། །དེ་ཉིད་སྦྱང་བ་བསྟན་པའི་ཕྱིར། །རཾ་གྱིས་སྦྱངས་ལ་ཡཾ་གིས་བུས། །ཞེས་པ་རཾ་ལས་མེས་ཐོག་མར་དག་པར་བྱས་ནས། དེ་ན་ཡཾ་ལས་རླུང་དང་། ཁཾ་ལས་ཆུ་བྱུང་བས་དག་པར་བྱས་པ་ལ། བཾ་ལས་བདུད་རྩིའི་ཆུ་རྒྱུན་བསྐྱེད། །ཅེས་པ་དེའི་ནང་དུ་བཾ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་རྒྱས་པར་བྱ་སྟེ། སྦྱིན་པ་འདི་ནི་ཐུན་མོང་གི་གཏོར་མའོ། །ཡཾ་རཾ་ཞེས་པོ་སྔ་མ་བཞིན་དུ་སྦྱངས་པ་ལས། ཡཾ་ལས་རླུང་དང་། རཾ་ལས་མེ་དང་། ཨ་ལས་ཀ་པཱ་ལར་གྱུར་བའི་ནང་དུ་ཤ་ལྔ་དང་། བདུད་རྩི་ལྔར་བསྐྱེད་དོ། །དེའི་སྟེང་དུ་རྡོ་རྗེ་ཟླ་བས་མཚན་པ་བསམས་ལ། དེ་ནས་ཡེ་ཤེས་བདུད་རྩི་དབབ་ཅིང་རླུང་དང་མེ་སྦར་བའི་ལས་བྱའོ། །ཛཿཡིས་བཀུག་སྟེ་གཏོར་མར་བསྟིམ། ཞེས་པ་འོད་ཟེར་ལྕགས་ཀྱུའི་ཚུལ་ཅན་གྱིས་འབྱུང་པོ་ཐམས་ཅད་བཀུག་སྟེ། ལྕེ་དང་གནས་བྱིན་གྱིས་བརླབས་ནས་གཏོར་མ་སྦུ་གུ་ཅན་གྱིས་འཐུངས་བའམ། །ཡང་ན་ལྷ་མོའི་ཚོགས་ཀྱིས་དབུལ་བར་བྱའོ། །དེ་ནས་རང་ཏིང་ངེ་འཛིན་དང་ལྡན་པས། ཧཱུཾ་ང་ནི་དཔལ་ལྡན་གོས་སྔོན་ཅན། །ཞེས་བྱ་བ་ལ་སོགས་པས་བསྡིགས་ཏེ། རང་གི་སྡོམ་པ་ཡང་དག་པར་བསམ་མོ། །ཐུན་མོང་གི་གཏོར་མ་ནི་ཚོགས་ཆེན་པོ་ལ་སོགས་པའི་གནས་སུའོ། །ཐུན་མོང་མ་ཡིན་པའི་གཏོར་མ་ནི་དགོན་པ་ཆེན་པོ་ལ་སོགས་པའི་གནས་སུའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་བརྒྱད་པའི་བཤད་པའོ། ། །།དེ་ནས་སྔགས་ཀྱི་ལེའུ་བཤད་པར་བྱ་སྟེ། དང་པོ་གང་ཟག་གི་དབང་དུ་བྱས་ཏེ་བཤད་ཅེ་ན། བསམ་གཏན་འཁོར་ལོ་མེད་པ་ལ། །ཞེས་པ་ནི། བསམ་གཏན་ལས་སུ་མི་རུང་བའོ། །དེའི་དབང་དུ་སྔགས་བཤད་ཅེས་སོ། །གང་ཡིན་ཞེ་ན། ཏ་དྱ་ཐཱ། བྷོ་བྷོ་པ་ན་ནཱ་ག་།ཞེས་བྱ་བ་ལ་སོགས་པ་ཉིད་དོ། །ལས་ཐམས་ཅད་པའི་སྔགས་ནི་ལས་ཐམས་ཅད་ཀྱི་ཐོག་མར་འགྲོ་བའོ། །ཀླུ་འདུལ་བ་ནི་ཀླུ་ངེས་བར་འཇོམས་པ་སྟེ། གཞན་དང་དེ་བཞིན་དུ་སྦྱར་རོ། །འདི་དག་ནི་དོན་ཡང་བསྐྱེད་བའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་ཐོག་མ་ཉིད་དུ་རང་གི་རྩ་བའི་སྔགས་ཀྱི་བཟླས་པ་རྫོགས་པར་བྱ་སྟེ། དེ་ནས་འབྱུང་པོ་འདུལ་བའི་དུས་སུ་འབྱུང་པོ་གང་འདུལ་བ་སྔགས་བཟླས་པའི་འོད་ཟེར་ལས་ཁྲོ་བོ་གོས་སྔོན་པོ་སོ་སོའི་ཆ་ལུགས་ཀྱི་ཚོགས་ཀྱིས་འཇིག་རྟེན་གང་བས་གདུལ་བར་བྱ་བ་ལས། ཞི་བ་དང་། དབང་དང་། རེངས་པ་དང་། ལྐུགས་པ་དང་། གསད་པ་ལ་སོགས་པའི་སྦྱོར་བ་མ་ལུས་བར་བྱས་པས་འདུལ་བར་བསམ། ཡང་ན་ནད་པ་ཞིག་གི་ལུས་ལ་ཀླུ་ལ་སོགས་པ་གནས་པ་བཟློག་པའི་ཆོ་གར་བཤད་དོ། །བུ་མོ་གཞོན་ནུས་ལེགས་པར་གཅད་པའི་ལྕུག་མས་ནད་པ་ལ་བྱབ་ཅིང་། སྐབས་སུ་འོ་མས་བཀྲུས་ཏེ། སྔགས་འདི་བཟླས་ན་ཀླུ་ཞི་བར་འགྱུར་རོ། །རིམས་ལ་ནི་སྐུད་པ་སྔོན་པོས་སོ། །དུག་ལ་ནི་རྩཝ་ཀུ་ཤས་སོ་ཞེས་བྱ་བ་ལ་སོགས་པ་འདི་ནི་ཆོ་གའི་ཐབས་སུ་བཤད་པའོ། །དེ་ནས་བསྟོད་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ། རྡོ་རྗེ་བེ་ཅོན་དྲག་པོ་ཆེ། །ཞེས་པ་ནི་དྲག་པོའི་ཁྲོ་བོའི་ཚུལ་ཅན་དུ་གནས་ཏེ། དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་བརྗིད་པ་སྔགས་ཀྱི་བདབ། །ཅེས་པ་ནི་སྔགས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་ཉིད་དོ། །རྡོ་རྗེ་ཁྲོ་བོ་བགེགས་ཀྱི་གཤེད། །ཅེས་པ་ནི་བགེགས་ཐམས་ཅད་འདུལ་བའི་མཐུ་སྟོབས་ཅན་ནོ། །རྡོ་རྗེ་མི་ཐུབ་འཇིགས་པ་ཅན། །ཞེས་པ་ནི། གང་གིས་བདུད་དང་སྲིན་པོ་ཐམས་ཅད་ཀྱིས་མི་ཐུབ་པའི་ཕྱིར་རོ། །ལས་ཀུན་བསྒྲུབ་པ་ནི་ཞི་བ་ལ་སོགས་པ་བསྒྲུབ་བའོ། །ལས་ཀུན་མཛད་པ་ནི། གང་གི་ཚེ་སྒྲུབ་པ་ཡང་ཡིན་ལ་མཛད་པ་ཡང་ཡིན་པའི་ཕྱིར། དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་ཕྱག་འཚལ་བའི་ཡུལ་ཡིན་ཕྱིར་རོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་དགུ་པའི་བཤད་པའོ།། །།དེ་ནས་ཀླུ་དགུག་པའི་སྔགས་བཤད་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུ་རླུང་གི་སྦྱོར། །ཞེས་པ་ནི་གང་གི་ཕྱིར་རྡོ་རྗེ་ཁྲོ་བོ་ལྕགས་ཀྱུ་ཅན་གྱི་ཚོགས་ཀྱིས་བཀུག་པར་བསམས་ནས། ཕྱག་ན་རྡོ་རྗེ་རང་ཡང་བཀུག་པར་འགྱུར་ན། གཞན་ལྟ་ཅི་ཞིག་སྨོས། དེ་བཞིན་མེ་ཡིས་ཀྱང་ནི་འདུལ་བར་ནུས། །ཞེས་པ་ནི་མེའི་འཁོར་ལོས་ཀྱང་བགེགས་ཐམས་ཅད་བསྲེག་པར་ནུས་སོ། །གཞན་རེངས་པ་ལ་སོགས་པའང་ནུས་ཏེ། བསམ་གཏན་དང་སྔགས་ལ་ནུས་པ་ཐོགས་པ་མེད་པའི་ཡང་ཕྱིར་རོ། །སྔགས་དངོས་སུ་བས་བསམ་གཏན་དྲག་པོ་ནི་ཁྲོ་བོ་ལྕགས་ཀྱུ་ཅན་ལ་སོགས་པའོ། །གཞན་གོ་སླའོ། ། དེ་ལྟར་གང་འགུགས་ཤེ་ན། ཟངས་གཞོང་ནང་དུ་ཞེས་བྱ་བ་སྨོས་ཏེ། གང་གིས་ཟངས་གཞོང་པདྨ་འདབ་མ་དྲུག་པར་བསྐྱེད་ལ། དེ་ནས་དེར་དགུག་པར་བྱའོ་ཞེས་སོ། །ཁྲོ་བོའི་ཆེ་བ་ནི་གཏོར་མ་བཞིན་ནོ། །དམ་ཚིག་བསྲེ་བ་ནི་ཆུས་སོ། །དུག་གཞོམ་པ་དང་གསོ་བ་ནི་སྨན་གྱིས་ཏེ་དབང་པོ་ལག་པ་ལ་སོགས་པས་སོ། །གང་གནས་ཕྱོགས་སུ་བསྐྱལ་བ་ནི། ནེའུ་གསིང་ལ་སོགས་པའི་གནས་སུའོ། །འདི་དག་གི་གཏོར་མའི་ཆོ་ག་དང་ནད་གསོ་བའི་ཆོ་ག་ལ་ལྷག་པར་བསྟན་ཏོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་པའི་བཤད་པའོ། ། །།དེ་ནས་ཀླུ་གཟིར་བའི་ཕྱིར་ཆོ་ག་བཤད་པར་བྱ་སྟེ། དེ་ནས་ཡང་དག་བཤད་པར་བྱ། །ཞེས་པ་ལ་སོགས་པ་སྨོས་ཏེ། ཞི་བའི་ལས་ཀྱིས་མི་འདུལ་བ་ནི། ཡོངས་སུ་གདམས་པས་མི་འདུལ་བའོ། །དེ་གང་གིས་གཟིར་བ་དེ་ནི་ཀླུ་གཟིར་བའི་དྲག་སྔགས་སྦོ། །སྔགས་དངོས་སུ་བས། བསམ་གཏན་རྡོ་རྗེ་ཐོགས་པ་ཡིས། །གདུལ་བྱའི་སྟེང་ནས་དབབ་པར་བྱ། །ཞེས་པ་ནི། སྔགས་ཀྱི་འོད་ཀྱིས་ཁྲོ་བོ་དབྱུག་ཏོ་ཐོགས་པ་དང་། རལ་གྲི་དང་། སྤུ་གྲི་དང་། འཁོར་ལོ་ལ་སོགས་པས་ཀླུ་ཐམས་ཅད་ཀྱི་མིག་ལ་སོགས་པ་འཇོམས་པ་དང་། གཞན་ཡང་མཚོན་ཆའི་ཆར་བབ་པས་མྱོས་པར་བསམ་པ་ལ་སོགས་པའོ། །འོག་ནས་མེ་ཡི་འཁོར་ལོ་བསམ། །ཞེས་པ་ནི། འོག་ནས་མེ་དང་། ཕྱོགས་བརྒྱད་ནས་མེ་འབར་བར་བསམས་ཏེ། དེའི་དབུས་ན་གདུལ་བྱ་གནས་པ་ཉིད་དོ། །ཡུངས་ཀར་དང་ཞེས་བྱ་བ་ལ་སོགས་པའི་དོན་ནི། ཇི་སྐད་སྨོས་པའི་རྫས་ཐམས་ཅད་ཀྱིས་ཁྲོ་བོ་ཕྲ་མོ་ལ་སོགས་པར་བྱ་སྟེ། དེས་གཟིར་བས་བརྡེག་པར་བྱའོ། །ཁྲ་སྤྱང་ལ་སོགས་རྩ་ལྔའི་གསོབ། །གཅན་གཟན་སྣ་ཚོགས་མཆེ་སྡེར་དང་། ཞེས་པ་ནི། གཤོག་པ་ཅན་དང་། མཆེ་བ་ཅན་དང་། སྣ་ཚོགས་ཀྱི་རྫས་ཐམས་ཅད་འཕགས་པ་གོས་སྔོན་པོའི་སྔགས་ཀྱིས་དུང་བར་བྱས་ནས་དེ་ནས་བརྡེག་ཅིང་ཁྲོ་བོ་དེ་དང་མཐུན་པར་བྱའོ། །གཅན་གཟན་སྣ་ཚོགས་ཞེས་བྱ་བ་འདི་ནི། མཆེ་སྡེར་ཞེས་བྱ་བ་ལ་སོགས་པའི་དོན་ནོ། །གང་གི་གཅན་གཟན་ལ་སོགས་པའི་རྫས་ཀྱིས་གང་གི་ལུས་ལ་བྱབ་ཅིང་སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས་དེ་དང་མཐུན་པར་བྱའོ། །དེའི་དོན་ཡང་ཐོག་མར་ལྷས་བྱིན་གྱིས་བརླབ་ཅིང་བསྙེན་པ་རྫོགས་པའི་རྣལ་འབྱོར་བས་གནས་ཡིད་དུ་འོང་བར་ཁུང་བུ་ཟུར་གསུམ་པ་བྱ་སྟེ། ཙནྡན་དང་། ལྡོང་རོས་ལ་སོགས་པས་སྦྲུལ་ནག་པོའི་གཟུགས་བྱས་ནས་འགུགས་པ་སྔོན་དུ་སོང་སྟེ། གོང་གི་ཆོ་ག་རྫོགས་པར་བྱས་ནས། ཐ་མ་ལམ་ཆེན་པོར་སྦས་ན་དེའི་སྦྱོར་བས་ཞི་བ་ལ་སོགས་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ། ། །།དེ་ནས་མཆོད་པའི་ཆོ་ག་བཤད་པར་བྱ་བའི་ཕྱིར་དེ་ནས་འཕགས་པ་གོས་སྔོན་པོ་ཅན་གྱི་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉིད་ལ་ཉིད་ཀྱིས་མཆོད་པ་དབུལ། །ཞེས་པ་ནི། རང་གིས་རང་ལ་སྤྲུལ་པ་སྟེ། འདི་ལྟར་རང་གི་དཀྱིལ་འཁོར་གཅིག་ཏུ་མངོན་པར་བསྡུ་བ་མཛད་ནས་ལེགས་པར་སྤྲུལ་པས་སེམས་ཅན་འདོད་ཆགས་འདུལ་བར་མཛད་པའི་ཕྱིར་རོ། །ཧཱུཾ་རྡོ་རྗེ་བདུག་པ་མ་ཞེས་པ་ནི། ལྷ་མོ་དམར་མོ་ལག་ན་རྡོ་རྗེ་དྲིའི་བྱེ་བྲག་ཐོགས་པའི་ཚོགས་ཏེ། ཅི་བྱེད་ཅེ་ན། བདག་ཉིད་དྲི་ཡིས་རྒྱས་མཛད་མ། ། ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་དྲིའི་བྱེ་བྲག་གིས་ཡོངས་སུ་རྒྱས་མཛད་མ་ཞེས་བའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རང་གི་ལྷ་མོ་ལ་བོས་ནས་ཅི་བྱེད་ཅེ་ན། རྒྱུད་ཆེན་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོའི་དཀྱིལ་འཁོར་མཉེས་བར་གྱིས་ཤིག་། བདག་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཀའ་སྩལ་པ་དང་ལྷ་མོའི་ཚོགས་ཐམས་ཅད་ཀྱིས་ཀུན་ནས་བསྐོར་ཏེ་འདི་སྐད་ཅེས་གསོལ་པ། ཧཱུཾ་མགོན་པོ་དུས་གསུམ་བདེ་བ་ཆེ། །གང་ཕྱིར་འགྲོ་བའི་དབང་པོ་ཉིད། །བདག་གི་དབང་པོ་འདི་བཞེས་ལ། །ཁྱབ་བདག་དཔའ་བོ་མཉེས་བར་མཛོད། །ཅེས་བྱ་བ་དང་། བཛྲ་དྷཱུ་པེ་པཱུཾ་ཛ་ཧཱུཾ་ཞེས་པའི་དོན་ཏོ། །སྤོས་ཀྱི་མཆོད་པ་བཞེས་ཤིག་པའི་དོན་ནོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་ཏེ། ཧཱུཾ་རྡོ་རྗེ་མེ་ཏོག་མ་ཞེས་པ་ནི་ལྷ་མོ་མཐིང་ག་ལག་ན་མེ་ཏོག་ཐོགས་བའི་ཚོགས་ཞེས་པའོ། །བདག་ཉིད་ཡོངས་སུ་བཀྲམ་མཛད་མ། །ཞེས་པ་ནི། བདག་གི་གནས་སུ་མེ་ཏོག་གི་ཚོགས་ཀྱིས་ཡོངས་སུ་བཀྲམ་ཞེས་པའི་དོན་ཏོ། །ཧཱུཾ་རྡོ་རྗེ་མར་མེ་མ་ཞེས་པ་ནི། ལྷ་མོ་མདོག་དམར་མོ་ལག་ན་མར་མེ་ཐོགས་པའི་ཚོགས་ཞེས་པའོ། །དཀྱིལ་འཁོར་དྲི་མའི་མུན་པ་སེལ་མཛད་མ། །ཞེས་པའི་དོན་ཏོ། །རྡོ་རྗེ་དྲི་ཆབ་མ་ནི་ལྷ་མོ་ལྗང་གུ་མ་ལག་ན་དྲི་སྣོད་ཐོགས་པའོ། །བདག་ཉིད་དངོས་པོ་དག་མཛད་མ། །ཞེས་པ་ནི། བདག་གི་དྲི་མར་གྱུར་པ་དག་པར་བྱེད་མ་ཞེས་པའི་དོན་ཏོ། ། དེ་བཞིན་དུ་རྡོ་རྗེ་སྒེག་མོ། བདེ་གཤེགས་སྤྱན་རྣམས་ཚིམ་མཛད་མ། །ཞེས་པ་ནས། སྒྲ་དང་། དྲི་དང་། རོ་དང་། རིག་བྱའི་བར་དུ་ཇི་སྐད་གསུངས་པ་ལྟ་བུ་དང་། དེ་བཞིན་དུ། རྡོ་རྗེ་དུར་ཁྲོད་གསང་བ་མོ། །བདེ་གཤེགས་བྱང་ཆུབ་སེམས་ཀྱིས་མཉེས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་རྒྱུད་ཆེན་པོ་ལས་བྱུང་བ་རྣམས་ཀྱིས་རྒྱུད་ཆེན་པོའི་མཆོད་པའི་ཆོ་ག་ཡོངས་སུ་བསྟན་ནས། ད་ནི་མཆོད་པའི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དེ་ལ། ཇི་སྲིད་ཐམས་ཅད་མཆོད་པ་ཆེ། །ཞེས་པ་ནི་ཐམས་ཅད་སྦོས་ལ་སོགས་པའི་ལྷ་མོར་བྱས་ཏེ་དབུལ་བའི་ཕྱིར་རོ། །ཇི་སྲིད་མཆོད་པ་བདེ་བ་ཆེ། །ཞེས་པ་ནི། འདོད་པའི་ཡོན་ཏན་གྱི་མཆོད་པ་སྟེ། དབང་པོའི་རྒྱུད་ཚིམ་པར་བྱེད་པའི་ཕྱིར་རོ། །ཇི་སྲིད་མཆོད་པ་བླ་ན་མེད། །ཅེས་པ་ནི། གསང་བའི་མཆོད་པ་སྟེ། གང་གིས་གང་ལ་དེ་ཕུལ་བ་དེ་ལ་དམ་པ་བསྐྱེད་པའི་ཕྱིར་རོ། །མཚན་མའི་མཆོག་ཏུ་གྱུར་བའི་ཕྱིར། །ཇི་སྲིད་ཡང་དག་མཆོད་པ་ཆེ། །ཞེས་པ་ནི་མཆོད་པ་དེའི་དེ་བཞིན་ཏེ་གང་གིས་མཆོད་པ་ཐམས་ཅད་སྤྲོས་པ་དང་བྲལ་བར་ཤེས་ན་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་བྱེད་པའི་ཕྱིར་རོ། །དེ་དག་གི་དོན་ཡང་ཐོག་མ་ཉིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བླ་མ་དང་སངས་རྒྱས་ཐམས་ཅད་མདུན་དུ་བསམས་ལ་རྫས་ལས་བྱུང་བའམ་ཡོ་བྱད་ལས་བྱུང་བའི་ལྷ་མོ་ལ་སོགས་པས་མཆོད་དེ་བསྟོད་པ་ལ་སོགས་པ་བྱས་ན། དེ་བཞིན་གཤེགས་པའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །གཞན་ཡང་ཀུན་དགའ་འགྱུར་བ་ཡི། །རྫས་ནི་རྣལ་འབྱོར་པ་ཡིས་བཟུང་། །རྫོགས་སངས་རྒྱས་ལ་ཕུལ་གྱུར་ན། །འབྲས་བུ་དམ་པ་ཐོབ་པར་འགྱུར། །སྒྱུ་མ་ཙམ་གྱི་བློ་གཏད་དེ། །རྟོག་མེད་བདུད་རྩི་ལྔ་ལ་སྤྱད། །གང་གིས་གཞན་ལ་ཕུལ་གྱུར་ན། །རྟོག་བྲལ་འདོད་པ་ཕུན་སུམ་ཚོགས། །མཆོད་པའི་ཚོགས་རབ་བཟུང་ནས་ནི། །གང་གིས་སྤྲོས་དང་བྲལ་བར་བྱ། །སྤྲོས་མེད་དོགས་པ་མེད་པ་ཡིས། །ཕྱག་རྒྱ་ཆེན་པོ་ཐོབ་བར་འགྱུར། །མཆོད་པ་འདི་ནི་ཕྱག་རྒྱ་ཆེ། །རྫོགས་པའི་སངས་རྒྱས་ཀུན་གྱིས་བསྟན། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། ། མཆོད་པ་ཆེན་པོ་འདི་ལ་གནས། །དེ་ཡང་དངོས་གྲུབ་འདོད་པ་ཡིས། །དུས་རྣམས་ཀུན་དུ་སེམས་བསྐྱེད་དེ། །བླ་མེད་མཆོད་པས་གཟུང་བར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གཉིས་པའི་བཤད་བའོ། ། །།དེ་ནས་འཁོར་ལོ་བརྒྱད་སྔོན་བྱུང་བ་བཤད་པར་བྱ་སྟེ། དེ་ལ་སྡུད་པའི་ཐབས་ཀྱི་ཏིང་ངེ་འཛིན་གྱིས་ཞེས་པ། ཐུགས་ཀའི་འོད་ཟེར་དང་སྐུའི་འོད་ཟེར་གྱིས་ཞེས་སོ། །འཁོར་གྱི་ཀླུ་རྣམས་བསྡུ་མ་མཛད་ནས། །ཞེས་པ་ནི། འཁོར་ན་གནས་པའི་ཀླུ་ཐམས་ཅད་འོད་ཟེར་གྱིས་སྡུད་བར་མཛད་དོ། །མེ་ཡི་འཁོར་ལོར་སྙོམས་ཞུགས་ཚེ། །ཞེས་པ་ནི། སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་གནས་བརྒྱད་མེ་སྤོར་ཞེས་པའོ། །གསང་བ་མེ་ཡི་སྔགས་བཟླས་པས། །ཞེས་པ་ནི། ད་ཧ་ན་བཛྲ་ཞེས་པའི་སྒྲ་དང་བཅས་པའོ། །ཅིར་འགྱུར་ཞེ་ན། ཀླུ་རྣམས་མ་ལུས་ཚིགས་པར་མཛད། །ཅེས་པ་ནི། ཚ་བ་ཉམས་སུ་མྱོང་བའོ། །བྲལ་ནས་དཔག་ཚད་གནས་སུ་བྲོས་ཞེས་པ་ནི། བྲེ་ད་བའི་སྟོབས་ཀྱིས་འཇིག་རྟེན་གྱི་གནས་གཞན་དུ་བྲོས་ཞེས་བའོ། །སླད་བསྡུས་བདུད་རྩི་སྨན་གྱིས་གསོས། །ཞེས་པ་ནི། སླར་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱིས་བསྡུས་ནས་བདུད་རྩིའི་རྒྱུན་འབྱུང་བ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་སོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེ་བདུད་རྩི་བཀོད་པ་ཞེས་བྱ་བར་གྱུར་ཏོ། །དེ་ལྟར་གྱུར་མ་ཐག་དེ་ན་གནས་པའི་སེམས་ཅན་གྱིས་བདུད་རྩི་ལ་རེག་བར་གྱུར་ཏོ། །དེ་རེག་མ་ཐག་ཏུ་ཐམས་ཅད་ཀྱིས་བདུད་རྩི་སྣང་བས་བརྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་ཆེན་པོའི་བདག་ཉིད་པས། །གང་ཕྱིར་བདེ་བ་ཆེན་པོ་ཡིས། །བདག་ཅག་ཡིད་ནི་ཚིམ་པར་གྱུར། །བཅོམ་ལྡན་འདས། གསང་བ་འདི་ལས་བདག་འདས་ན། །མགོ་ནི་འགས་བར་འགྱུར་བ་དང་། །ལུས་ནི་དུམ་བུ་དུམ་བུར་འགྱུར། །རྟག་ཏུ་དམྱལ་ལ་སོགས་པར་བསྲེག་།ཅེས་གསོལ་ཏོ། །ལས་བཅོལ་སོ་སོའི་གནས་སུ་བཀོད། །ཅེས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འདུས་པ་ཆེན་པོ་དེ་དག་ལ་བཀའ་སྩལ་པ། འདུས་པ་ཆེན་པོ་དག་དེ་ལྟར་ཤེས་པར་གྱིས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་འདི་ལས་འདའ་བར་མ་བྱེད་ཅིག་། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་གསུང་འདི་ནི་གསུང་སྙན་ལ། གསུང་ཟབ་པ། གསུང་འདའ་བར་དཀའ་བ། གསུང་དྲི་མ་མེད་པ། གསུང་ཐོགས་པ་མེད་པ། གསུང་ཡོན་ཏན་ཐམས་ཅད་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པས་ནི། རྫོགས་པའི་སངས་རྒྱས་ཀྱི་མཛད་པ་ཕུན་སུམ་ཚོགས་པ་དེ་ལ་ངོ་མཚར་ཆེན་པོ་སྐྱེས་ནས་བསྟན་བའོ། །མེ་བརྒྱད་འཁོར་ལོའི་བདག་ཉིད་ཆེ། །ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་བ་དང་འཁོར་ལོ་ཅན་གྱི་ཏིང་ངེ་འཛིན་འབྱུང་པོ་ཐམས་ཅད་འདུལ་བ་དང་། ཐོགས་བ་མེད་པའི་ལས་གཞན་ཡང་གྲུབ་བར་འགྱུར་བས། ཡོན་ཏན་གྱི་བདག་པོ་ཡོན་ཏན་གྱི་རང་བཞིན་དུ་གྱུར་བ་སྟོན་པའི་ཡུལ་ཡིན་པ་ཉིད་དུ་སྟོན་བའོ། །ཆུའི་ཞེས་པ་ལ་སོགས་པའི་དོན་ནི། དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྡོ་རྗེ་ཆུ་བོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་བར་ཞུགས་མ་ཐག་ཏུ་སྐུའི་འོད་ཁ་དོག་སྣ་ཚོགས་ལས་བདུད་རྩིའི་ཆུ་རབ་ཏུ་འབར་བ་བྱུང་བ་ནི་འདི་ལྟ་སྟེ། ཀུན་དུ་དངས་པ་ཞེས་བྱ་བའི་རྡོ་རྗེའི་ཆུ་བོ་དང་། ཀུན་དུ་སྦྱིན་པ་ཞེས་བྱ་བའི་རྡོ་རྗེའི་ཆུ་བོ་དང་། ཀུན་དུ་བསིལ་བ་ཞེས་བྱ་བའི་རྡོ་རྗེའི་ཆུ་བོ་ལ་སོགས་པ་དང་། རྡོ་རྗེའི་ཆུ་བོ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པ་ཅིག་བྱུང་ནས་ཀུན་དུ་དབུགས་ཕྱིན་པར་བྱས་སོ་ཞེས་བྱ་བས་བསྟོད་པའི་ཡུལ་ཉིད་དུ་བསྟན་ཏོ། །གཞན་གོ་སླའོ། །རླུང་བརྒྱད་ཀྱི་ཏིང་ངེ་འཛིན་ལ་གནས་པ་ནི། དེ་ན་ཡང་འཕགས་པ་ལག་ན་རྡོ་རྗེ་བི་དུ་གཡོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་སོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་ཏེ། འུར་འུར་རབ་ཏུ་འུར་འུར། ཀུན་དུ་འུར་འུར། རབ་ཏུ་འུར་འུར་རོ་ཞེས་བྱ་བ་ལ་སོགས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རླུང་གི་དཀྱིལ་འཁོར་ནི་ཚད་མེད་གྲངས་མེད་དེ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའོ། །གཞན་འདི་ལ་ནི་སེམས་རྩེ་གཅིག་ཏུ་བྱ་བ་ཉིད་དོ། །བསྡུ་བར་བྱ་བ་ཉིད་དོ། །བརྟས་བར་བྱ་བ་ཉིད་དོ། །བརྟན་པར་བྱ་བ་ཉིད་དོ། །ཡོངས་སུ་བརྟན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་འདི་ནི་བསྟོད་པའི་ཡུལ་ཉིད་དུ་བསྟན་པའོ། ། དེ་ལ་བསྟོད་པ་ནི་རླུང་བརྒྱད་ཏིང་ངེ་འཛིན་ལ་གནས་ནས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེའི་དོན་ཡང་རླུང་བརྒྱད་ཀྱི་ཏིང་ངེ་འཛིན་ལ་གནས་ནས་ལས་ཐམས་ཅད་ཐོགས་པ་མེད་པ་དང་། དེ་ལ་གསུངས་པ་དེ་ལ་ཕྱག་འཚལ་ལོ་ཞེས་པ་ཉིད་དོ། །འདི་ཡང་ཡོན་ཏན་ཇི་ལྟ་བ་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ས་ཡི་ཏིང་འཛིན་ལ་གནས་ནས། །ཞེས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བརྟན་པ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་སོ། །དེའི་ཚེ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གོང་ཁྱེད་ཀྱིས་ངའི་རྫུ་འཕྲུལ་གྱི་ཚད་ཅི་ཙམ་དུ་གྱུར་བ་གསལ་བ་དེ་ནི་ཡེ་ཤེས་སོ། །བཀའ་སྩལ་བ་རྫུ་འཕྲུལ་བསྟན་པའི་ཚད་ཕྱོགས་གཅིག་ཤེས་སམ། གསོལ་བ་བཅོམ་ལྡན་འདས་དེ་ནི་མི་ཤེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ངས་སའི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་པས་སའི་རྡུལ་ཕྲ་རབ་གཅིག་ཀྱང་སེམས་ཅན་གཅིག་གིས་འདེགས་པར་ནུས་པ་མ་ཡིན་ཏེ། སེམས་ཅན་བཅུས་མ་ཡིན། བརྒྱས་མ་ཡིན། བྱེ་བ་བརྒྱའི་ཆར་གྱིས་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་ཚད་ནི་དཔག་ཏུ་མེད་ཅིང་གཞལ་དུ་མེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དེས་ནི་སའི་ཏིང་ངེ་འཛིན་ལ་ཕྱག་འཚལ་བའི་ཡུལ་ཉིད་དུ་བསྟན་ཏོ། །གཞན་ནི་གོ་སླའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་གསུམ་པའི་རྒྱ་ཆེར་བཤད་པའོ། ། །།དེ་ནས་རྫོགས་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར་དེ་ནས། དཔལ་ལྡན་རྡོ་རྗེ་གོས་སྔོན་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་ཏིང་ངེ་འཛིན་གྱིས་འཁོར་ལོ་རྣམ་པ་བཞི་ལ་དམིགས་པའི་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་པར་ཞུགས་པ་ནི། འཁོར་གྱིས་གནོད་སྦྱིན་སྤྲུལ་པའི་གནོད་སྦྱིན་རྣམས་སོ། །ཤིན་ཏུ་ཡིད་དགའ་དང་བས་ཞུས། །ཞེས་པ་ནི། ཤིན་ཏུ་ཡིད་མགུ་བར་གྱུར་ཅིང་དང་བའི་སྟོབས་ཀྱིས་ཞུས་པའོ། །དེའི་ལན་དུ། ཕྲ་མོའི་ཐིག་ལེ་ཆེན་པོ་ཡིས། ། ཞེས་པ་ནི། གང་གི་ཕྱིར་དབང་པོའི་ཡུལ་དུ་ཕྱིན་པར་དཀའ་བ་ནི་ཕྲ་མོ་སྟེ་རྡུལ་ཕྲ་མོའོ། །དེ་དང་འདྲ་བར་ཕྲ་མོའི་ཕྱིར་ན་ཕྲ་མོ་སྟེ་འཁོར་ལོ་རྣམ་པ་བཞི་པོ་དེ་ལ་བདེ་བ་ཆེན་པོ་ནི་རྩ་སུམ་ཅུ་རྩ་གཉིས་པ། པདྨ་ལྟ་བུའི་དབྱིབས་ཅན་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ནོ། །ལོངས་སྤྱོད་ཀྱི་འཁོར་ལོ་ནི་རྩ་དྲུག་པ་ཆོས་ཀྱི་སྐུའི་རང་བཞིན་ནོ། །ཆོས་ཀྱི་སྐུའི་འཁོར་ལོ་ནི་རྩ་བརྒྱད་པ། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །སྤྲུལ་པའི་འཁོར་ལོ་ནི་རྩ་དྲུག་ཅུའི་རང་བཞིན་པ་སྤྲུལ་པའི་རང་བཞིན་ནོ། །ཡང་ན་བདེ་བ་ཆེན་པོ་ནི་སུམ་ཅུ་རྩ་གཉིས་པ་སྟེ། མཚན་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ནི་སྤྲུལ་པའི་ལོངས་སྤྱོད་ཀྱི་དཔེ་བྱད་བཟང་པོའི་རང་བཞིན་ནོ། །ཆོས་ཀྱི་འཁོར་ལོ་ནི་སོ་སོ་ཡང་དག་པར་རིག་པ་བཞི་དང་། མི་འཇིགས་པ་བཞིའི་རང་བཞིན་ནོ། །དེ་ལས་གཞན་པའི་ཆོས་ཐམས་ཅད་ཀྱང་འདིའི་ནང་དུ་འདུས་པར་འགྱུར་ཏེ། ཇི་སྐད་དུ་མཚན་བཟང་པོ་དང་དཔེ་བྱད་དང་། དེ་བཞིན་དུ་སྟོབས་དང་མི་འཇིགས་པ་དང་། གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པ། ལུས་འདི་ལ་ནི་རབ་ཏུ་གནས། །གང་ཞིག་སངས་རྒྱས་ཡོན་ཏན་འདི། །ལུས་འདི་ལ་ནི་གནས་འགྱུར་ལ། །རང་གི་རྣམ་རྟོག་ལས་ཀྱི་ཕྱིར། །དམན་པ་རྣམས་ཀྱིས་རྟོགས་མ་ཡིན། །དེ་བས་གསང་དོན་འདོད་རྣམས་ཀྱིས། །བསྐྱེད་པ་ལ་ནི་གནས་པར་བྱ། །བསྐྱེད་པ་ལ་ནི་གནས་གྱུར་ནས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །རྫོགས་པ་ཆེན་པོའི་རང་བཞིན་ལ། །རྩེ་གཅིག་གནས་པར་གྱུར་པ་ཡིས། །ཆོས་ཀྱི་དེ་ཉིད་མཐོང་བར་འགྱུར། །གཟུང་དང་འཛིན་པ་མི་དམིགས་ཤིང་། ། བྱ་དང་བྱེད་པ་མི་དམིགས་ཏེ། །གཉིས་མེད་གཅིག་གི་ངོ་བོ་དང་། །དེ་ལས་འདས་པ་མི་དམིགས་པས། །ཆོས་ཀྱི་སྙིང་པོ་བླ་ན་མེད། །གསལ་བར་ཉམས་སུ་མྱོང་བ་དང་། །རབ་ཏུ་གནས་པར་གྱུར་ཅེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདི་དག་གི་དོན་ཡང་རང་གི་ས་བོན་ལ་བརྟེན་ནས། རང་གིས་ཐོག་མར་བསྐྱེད་པའི་རིམ་པ་མཆོག་ཏུ་གྱུར་ནས་རྫོགས་པ་ལ་སོགས་པ་རིམ་གྱིས་སྙིང་པོའི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས། གཞན་ཡང་བདེ་བ་ཆེན་པོ་ནི་ཆུ་ཚོད་ཀྱི་རང་བཞིན་ལོངས་སྤྱོད་ཀྱི་རང་བཞིན་འཁོར་ལོའི་འཕོ་བ་བཅུ་དྲུག་གི་རང་བཞིན་ནོ། །ཆོས་ཀྱི་འཁོར་ལོ་ནི་ཐུན་བརྒྱད་ཀྱི་རང་བཞིན་ནོ། །སྤྲུལ་པའི་འཁོར་ལོ་ནི་དབུགས་རྒྱུ་བ་དྲུག་ཅུ་རྩ་བཞིའི་རང་བཞིན་ནོ། །གཞན་ཡང་བདེ་བ་ཆེན་པོ་ནི་སོ་སོའི་གནས་ཀྱི་རང་བཞིན་ཏེ། །ལོངས་སྤྱོད་ཀྱི་འཁོར་ལོ་ནི་བསྡུས་པའི་གནས་ཀྱི་རང་བཞིན་ནོ། །ཆོས་ཀྱི་འཁོར་ལོ་ནི་གཉིས་སུ་མེད་པའི་གནས་ཀྱི་རང་བཞིན་ནོ། །སྤྲུལ་པའི་འཁོར་ལོ་ནི་དེ་ཁོ་ན་ཉིད་ཀྱི་གནས་ཀྱི་རང་བཞིན་ནོ། །གཞན་ཡང་བདེ་བ་ཆེན་པོ་ནི་གསང་བའོ། །ལོངས་སྤྱོད་ཀྱི་འཁོར་ལོ་ནི་སྦྱོར་བའོ། །ཆོས་ཀྱི་འཁོར་ལོ་ནི་བདེ་བའོ། །སྤྲུལ་པའི་འཁོར་ལོ་ནི་དེ་ཁོ་ན་ཉིད་དོ། ། གཞན་ཡང་བདེ་བ་ཆེན་པོ་ལ་སོགས་པ་བཞི་ནི་ཕྱག་རྒྱ་བཞི་དང་། ཚད་མེད་པ་བཞི་དང་། བསམ་གཏན་བཞི་དང་། ངེས་པར་བྱེད་པ་བཞི་དང་། ལམ་བཞི་ལ་སོགས་པའི་རང་བཞིན་ཅན་ཡིན་ཏེ། ཇི་སྐད་དུ། གང་གིས་བདེ་བ་ཆེན་པོ་ལ་སོགས་པའི། །འཁོར་ལོ་ཆོས་རྣམས་ཀུན་གྱི་རང་བཞིན་ནོ། །གང་ཕྱིར་བདག་ཉིད་རྒྱལ་པོ་ཆེ། །ཀུན་ལ་དབང་སྒྱུར་བདེ་བའི་མཆོག་།སངས་རྒྱས་སངས་རྒྱས་དམ་པ་དང་། །བྱང་ཆུབ་སེམས་དཔའ་དམ་པ་ཡང་། །གསང་བ་གཞན་ལས་རྙེད་མ་ཡིན། །དེ་བས་འདིར་ནི་ཐབས་ཀྱི་མཆོག་།ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེའི་ཐིག་ལེ་ནི་གང་གིས་བདེ་བ་ཆེན་པོ་ལ་ཨཱ་ལི་ཉིས་སྐོར་དང་ཧཾ་མགོ་ཐུར་དུ་བལྟས་པས་བརྒྱན་པའོ། །ལོངས་སྤྱོད་ལ་ཨཱ་ལིས་བསྐོར་བ་གཅིག་དང་། ཨོཾ་གྱེན་དུ་བལྟས་པས་བརྒྱན་པའོ། །ཆོས་ཀྱི་འཁོར་ལོ་དང་པོའི་ཡི་གེ་བརྒྱད་དང་། ཧཱུཾ་མགོ་ཐུར་དུ་བལྟས་པས་བརྒྱན་པའོ། །སྤྲུལ་པའི་འཁོར་ལོ་ལ་ཨཱ་ལི་གཉིས་དང་། ཨོཾ་མགོ་གྱེན་དུ་བལྟས་པས་བརྒྱན་པའོ། །དེ་དག་ནི་འཁོར་ལོ་དཀར་པོ་དང་། དམར་པོའི་ཉིད་དུ་བལྟ་བར་བྱའོ། །ཅིར་སྣང་དངོས་པོ་གཅིག་ཏུ་འདུས། །ཞེས་པ་ནི། །དགའ་བ་ལ་སོགས་པའི་རིམ་གྱིས་བདེ་བ་དམ་པ་ཐོབ་པར་འགྱུར་ཏེ། རྣལ་འབྱོར་གྱི་ལམ་དུ་བྱས་པའོ། །དེ་ནས་ཕྱག་རྒྱའི་ལམ་བཤད་པར་བྱ་བའི་ཕྱིར། དེ་ནས་དཔལ་ལྡན་གོས་སྔོན་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ཀྱི་ཏིང་ངེ་འཛིན་ལ་གནས་པ་ནི་དེ་བཞིན་གཤེགས་པ་དང་གཙོ་མོ་གཉིས་སུ་མེད་པར་རོལ་པ་སྟེ། འདི་ལྟར་བཅོམ་ལྡན་འདས་རྡོ་རྗེ་གོས་སྔོན་པོ་ཅན་སྲེག་མ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་སོ། །བདེ་གཤེགས་གོས་སྔོན་ཅན་ནི་གསང་བ་མོ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་སོ། །རིན་ཆེན་གོས་སྔོན་ཅན་ནི་ཞི་བ་མོ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་སོ། །པདྨ་གོས་སྔོན་ཅན་ནི། གཅེར་བུ་མ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་སོ། །ལས་ཀྱི་གོས་སྔོན་ཅན་ནི། རྒྱལ་བ་མོ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་སོ། །དེ་གང་གིས་ལོངས་སྤྱོད་ཆེན་པོ་གསང་བའི་ལྷ་མོ་རྣམས་ཀྱང་འདི་ལྟ་སྟེ། རྡོ་རྗེ་བདུག་པ་མོ་ཞེས་བྱ་བ་དང་། རྡོ་རྗེ་མེ་ཏོག་མ་ཞེས་བྱ་བ་དང་། རྡོ་རྗེ་མར་མེ་མ་ཞེས་བྱ་བ་དང་། རྡོ་རྗེ་དྲི་ཆབ་མ་ཞེས་བྱ་བ་དང་། གཞན་རྡོ་རྗེ་སྒེག་མོ་ཞེས་བྱ་བ་དང་། ཕྲེང་མ་ཞེས་བྱ་བ་དང་། གླུ་མཁན་མོ་ཞེས་བྱ་བ་དང་། གར་མཁན་མ་ཞེས་བྱ་བ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། བདུད་རྩི་མ་ལ་སོགས་པའི་ལྷ་མོ་འདི་དག་གིས་ཕྱོགས་ཀུན་ནས་བསྐོར་ཏེ་མཆོད་པ་སྣ་ཚོགས་བྱེད་པའོ། །གཞན་དག་ལས་ཀྱང་། གང་གིས་བདེ་བ་ཆེན་པོ་ཡིས། །འཁོར་ལོ་གསང་བ་འདི་དག་བསྒོམ། །ཤེས་རབ་ཡིད་དུ་འོང་བ་ལ། །ལེགས་བརྟགས་བྱིན་གྱིས་བརླབ་པར་བྱ། །མཁས་པའི་ཆོ་ག་བཞིན་གནས་པའང་། །བྷ་ག་ལ་ནི་ལིང་ག་བཞག་།ལ་འདས་པ་ལ་མཉམ་སྦྱོར་བ། །མཆོག་གི་རྩ་ནི་གཟུགས་པར་བྱ། །གང་གིས་འདོད་པ་ལོངས་སྤྱོད་རྣམས། །ཅི་ནུས་པ་ནི་ལེགས་པར་བྱ། །གསང་བའི་བསྲུང་བའི་ཆོ་ག་ཡིས། །ཕྱག་རྒྱ་དམ་ཚིག་ལེགས་པར་བཞག་།དམ་ཚིག་རྫས་རྣམས་བསྡུ་བྱ་སྟེ། །གསང་བའི་ཆོ་ག་བཞིན་དུ་བླང་། །པ་ར་ག་ཏི་སྭ་ཏི་ཀ་།ཧི་ཏི་ཀེར་ཤིང་ཀ་དག་དང་། །ཧ་ན་པ་ད་ཀ་ར་ཡ། །ར་དང་ད་དང་རཱུ་བ་ཡི། །དུད་འགྲོ་དགུག་འདྲ་སྐད་འབྱིན་དང་། །གཡས་བརྐྱང་གཡོན་པ་བརྐྱང་བ་དང་། །འོག་བཟློག་པར་དང་ཡུན་རིང་གནས། །གླུ་མ་འདྲེན་མ་སྨྲ་བ་མོ། །དྲག་མོ་འགྲོ་བ་དུང་མཁན་མ། །སྐད་སྒྲོགས་དང་ནི་ལྕེ་འབྱིན་མ། །ཀླུ་དབང་ལྗོན་ཤིང་འཕྱད་བ་དང་། །སྟེང་དུ་འབྱིན་པ་ལ་སོགས་པ། །རོལ་པའི་སྒྲ་ཆེན་ལེགས་འབྱིན་པ། །གསང་བ་སྒྱུ་དྲ་གོ་འབྱེད་དང་། །རྒྱས་དང་གྱེན་དུ་འདྲེན་པ་དང་། །སེང་གེ་མོ་ཡི་སྤྱོད་པ་བཞིན། །གང་གིས་ལེགས་པར་རོལ་པ་ཡིས། །མཁའ་ལ་སྤྱོད་པའི་འདུག་སྟངས་ཀྱི། །རིམ་གྱིས་ཡང་དག་གནས་པར་བྱེད། །གླང་པོ་ལ་སོགས་རིགས་མཛེས་པ། །གསང་ཆེན་ཉི་མ་མཛེས་པ་ཡིན། །དེ་ཉིད་ཡང་དག་གྲུབ་པར་འགྱུར། །ཞེས་བྱ་བའི་རིམ་པ་འདིས་གསང་བའི་སྤྱོད་པ་ལ་གནས་པ་ལ། འཁོར་གྱི་གནོད་སྦྱིན་མང་པོ་ཀུན། །ཞེས་བྱ་བ་ལ་སོགས་པ་ནི་འདོད་ཆགས་དང་བྲལ་བ་རྣམས་སོ། །སྔགས་དང་དུས་དང་བརྒྱལ་བ་ནི། །དེའི་རིགས་ཀྱི་བྱེ་བྲག་རྣམས་སོ། །དེ་ཡང་བཤད་པ། ཆགས་བྲལ་འགྱུར་བའི་རྫོགས་སངས་རྒྱས། །མི་རིགས་དམན་པའི་སྤྱོད་ལ་གནས། །ལམ་ནི་གཞན་དུ་གྲོལ་བར་འགྱུར། །རྒྱལ་བའི་བསྟན་པ་འཛིན་པ་རྣམས། །སེམས་ནི་རབ་ཏུ་བསྲེག་པར་འགྱུར། །གང་གིས་གསང་བ་མ་ཡིན་ཏེ། །སྐྱེ་བོའི་སྤྱོད་པས་གནས་པར་འགྱུར། །ཀྱེ་ཧོ་འདུས་པར་གྱུར་པ་རྣམས། །སྐལ་བ་མ་ཡིན་མྱུར་དུ་འོངས། །སངས་རྒྱས་རང་གི་མཚན་སྤངས་པས། །གང་ཞིག་འཁོར་བའི་བཙོན་རར་གནས། ། དེ་བས་དེ་ཡང་དེ་ཉིད་ནི། །ཀུན་དུ་བརླག་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ་སོགས་པའི་རིམ་པ་འདིས་ཐམས་ཅད་ཐེ་ཚོམ་དང་སོམ་ཉི་སྐྱེས་ནས་ཡིད་མི་དགའ་ཞིང་མྱ་ངན་གྱི་གདུང་བ་ཆེན་པོས་ཡོངས་སུ་གདུངས་ཏེ། དེའི་ཚེ་བསླང་སྟེ་བླ་མེད་དོན་བསྟན་ཏེ། ཞེས་པ་ནི། གཞན་ཡང་། དེང་ནས་རྒྱལ་པོ་གོས་སྔོན་ཅན། །ཁམས་གསུམ་བ་ལ་ལེགས་པར་བལྟས། །ཁམས་གསུམ་རྒྱལ་པོ་ཁྲོ་བོ་ཡིས། །མྱ་ངན་གདུང་བའི་འགྲོ་ཀུན་བསླང་། །ཀྱེ་མ་སངས་རྒྱས་མཛད་པ་ཆེ། །ཀྱེ་མ་མཛད་པ་མཛད་པ་ཆེ། །ཀྱེ་མ་མཛད་པ་རྨད་དུ་བྱུང་། །ཀྱེ་མ་མཛད་པ་ཤིན་ཏུ་ཟབ། །ཀྱེ་མ་མཛད་པ་མཛད་པའི་མཆོག་།བླུན་པ་དུག་གིས་འཆི་བར་སྟོན། །ཐབས་དང་ལྡན་པ་བདུད་རྩིར་འགྱུར། །ཡང་དག་འགྲོ་བ་ཀུན་སྒྲོལ་བར། །བུད་མེད་ཀྱི་ནི་གནས་ན་གནས། །གང་ལ་སྙིང་པོ་རེག་འགྱུར་བ། །དེ་ལ་སྙིང་པོ་སྙིང་པོ་འབྱུང་། །དེ་ལ་གཡོ་བ་བདེ་བ་ཉིད། །ཕོ་རྣམས་མཚན་མའི་ལམ་དུ་འབྱུང་། །ལམ་གྱི་འཁོར་ལོ་ནང་དུ་ཞུགས། །ཡེ་ཤེས་འཁོར་ལོ་ཁ་ཕྱེ་ནས། །བྱང་ཆུབ་སེམས་ནི་རྒྱུན་དུ་འབབ། །དམན་པའི་ས་བོན་བྱིན་བརླབས་ཏེ། །འགྲོ་བ་རྣམས་ཀྱི་མིག་ཕྱེད་འགྱུར། །དཔའ་བོ་འདི་ལ་གནས་བརྟེན་པ། །ངེས་པར་བྱང་ཆུབ་སྙིང་པོ་འཐོབ། །འདུས་པ་ཆེན་པོའི་འཁོར་དེ་དག་རྨད་དུ་བྱུང་བའི་ཐེག་པ་ཆེན་པོའི་སེམས་སྐྱེས། དེ་ནས་འཁོར་གྱིས་ཡིད་ཆེས་པ་དང་། དེས་པ་སྐྱེས་ནས་བསྟོད་པ་ནི། །ཀྱེ་ཧོ་གསང་བདག་གོས་སྔོན་ཅན། །ཞེས་བྱ་བ་ལ་སོགས་པ་སྟེ། བླ་མེད་རྫོགས་པའི་བྱང་ཆུབ་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད། གང་གིས་དེ་མངོན་དུ་གྱུར་པ་དེའི་ཕྱིར། དེ་ལ་དེ་སྐད་ཅེས་བྱའོ། །དེའི་ངང་དུ་འདོད་ཆགས་དག་པའི་བློ་ལྡན་པས། །ཞེས་པ་ནི། །འདོད་ཆགས་དང་དེའི་ཡུལ་ལ་སོགས་པའི་སྣད་བའི་དུས་ཉིད་ན་རང་བཞིན་མེད་པའི་བློ་དང་ལྡན་པའོ། །མངོན་པར་སངས་རྒྱས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་ཕུལ་དུ་དབྱུང་དུ་མེད་པར་རང་དང་འགལ་བའི་སྒྲིབ་པ་ཐམས་ཅད་སྤངས་པས་བསྟོད་པའི་ཡུལ་ཉིད་དུ་བསྟན་ཏོ། །དེའི་བཤད་པ། གསང་བ་ཆེན་པོ་སྤྱོད་པ་ལ། ། གནས་པ་གོས་པ་ཅི་ཡང་མེད། །པདྨ་ལ་ནི་འདམ་གྱིས་བཞིན། །མཉེས་པ་ཡང་ནི་མཆོག་ཏུ་འགྱུར། །ཆོས་རྣམས་དངོས་པོ་དང་བྲལ་བས། །དངོས་པོ་ལ་ནི་མི་གནས་ཀྱང་། །འགྲོ་བ་ཉོན་མོངས་འདུལ་བའི་ཕྱིར། །དམ་པའི་སྤྱོད་པ་སྟོན་པར་མཛད། །དམན་པ་རྣམས་ལ་དམན་པ་རྣམས་འགྱུར་ཀྱང་། །གང་གིས་ཁྱོད་ལ་མཆོག་ཏུ་མཆོག་ཏུ་འགྱུར། །ཉེས་བས་ལེགས་པ་ཀུན་ལྡན་ཞིང་། །ཡོན་ཏན་ཐམས་ཅད་འབྱུང་བའི་གཏེར། །མ་སྨིན་པ་དང་མ་གྲོལ་བའི། །འཁོར་ལས་རྒྱལ་བར་བྱེད་པ་ཉིད། །སྐལ་བ་དམན་པར་གྱུར་བའི་ཕྱིར། །གསང་བ་བདག་གིས་སྔར་མ་མཐོང་། །དེ་བས་རྒྱལ་པོ་བཅོམ་ལྡན་འདས། །ལེགས་པར་སྟོན་པའི་རྫི་བོ་ལ། །གཙུག་གི་ནོར་བུས་གཟུང་བར་གྱིས། །ཞེས་པ་ནི་རིགས་པ་འདི་ལ་ཡང་། ཡང་དག་པའི་གཙོ་བོ་ལ་མངོན་སུམ་དུ་བསྟོད་པར་འོས་པ་བསྟན་པའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་བཞི་པའི་བཤད་པའོ། ། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་འཁོར་གྱི་གཙོ་བོ་ལ་བསྟོད་པ་མཛད་པ། གསང་བར་གྱུར་པའི་དོན་ལ་ཡིད་ཆེས་རྗེས་སུ་ཡི་རང་ཞིང་དགའ་བར་གྱུར་ནས་ཤེས་པའི་དོན་ཏེ། །ལྕང་ལོ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །འཁོར་གྱི་ཀླུ་ཚོགས་འདུལ་མཛད་པ། །ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་དུ་རང་གི་གདུལ་བྱ་འདུལ་བའི་སྒོ་ནས་བསྟོད་པའོ། །སྣ་ཚོགས་དག་པའི་སྐུ་མངའ་ཞིང་། །ཞེས་བྱ་བ་ལ་སོགས་པས་ནི། སྤྱིར་གདུག་པ་ཅན་ཐམས་ཅད་འདུལ་བའི་སྒོ་ནས་བསྟོད་པའོ། །ཇི་ལྟར་བསམ་པའི་དངོས་པོ་ཀུན། །ཞེས་བྱ་བ་ལ་སོགས་པས་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པར་བསྟོད་དོ། །འདི་དག་གི་དོན་རྒྱས་པར་ནི་ལེའུ་དང་པོར་བཤད་ཟིན་ཞེས་པའི་དོན་ཏོ། །བདག་གིས་དམན་པར་གྱུར་པའི་འགྲོ་བ་ཡིས། ། རྟོགས་ཕྱིར་བསྡུས་པའི་རྣམ་པར་བཤད་པ་འདི། བློ་དམན་གྱུར་ཕྱིར་བརྩམ་པར་མི་རིགས་ཀྱང་། །གང་ལ་གྲགས་པར་བརྟེན་ཏེ་བརྩམས་པ་འདིས། །དགེ་བ་འདི་ཡིས་འགྲོ་བའི་སྐྱེ་བོ་རྣམས། །གསང་ཆེན་སྣོད་དུ་གྱུར་དང་བཟློག་པ་ཀུན། །སྣོད་གྱུར་དམ་པ་དེ་ཡི་ཞལ་མཐོང་ནས། །ཕུན་སུམ་ཚོགས་པ་རྣམས་ཀྱིས་འབྱོར་བར་ཤོག་། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། སློབ་དཔོན་ཆེན་པོ་མཆོག་རབ་སྙིང་པོས་མཛད་པ་རྫོགས་སོ། །[་]@##། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནཱི་ལཱམ་བ་ར་དྷ་ར་ནཱ་མ་ཏནྟྲ་ཊཱི་ཀཱ། །བོད་སྐད་དུ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་རྒྱ་ཆེར་བཤད།
CLOSE WINDOW