Wylie | e-texts based on the ACIP/ALL ![]() ![]() |
རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་རཀྵི་ཏ་དང་། ཨཱ་ཙཨཱརྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། @##། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་རཏཏྟྭ་གརྦྷ་མཾ་ཧ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ཉིད་བསྡུས་པ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །གདོད་ནས་དག་ཅིང་གདོད་ནས་གྲོལ། །གདོད་ནས་ཞི་བའི་བདག་ཉིད་ཅན། །དངོས་པོ་ཀུན་གྱི་དེ་བཞིན་ཉིད། །གཟུང་འཛིན་བྲལ་ལ་ཕྱག་འཚལ་ལོ། །བལྟ་བར་དཀའ་ཞིང་རྟོགས་པར་དཀའ། །བརྗོད་འདས་ཚིག་གིས་མཚོན་མིན་པར། །རང་གི་རིག་པའི་ཡེ་ཤེས་ནི། །གཉིས་མེད་གསལ་བའི་རང་བཞིན་ཅན། །གང་ཞིག་དྲི་མས་བསྒྲིབས་པའི་སེམས། །ཡུལ་དུ་སྣང་བའི་རྗེས་འཇུག་པ། །གཟུང་དང་འཛིན་པའི་རྟོག་པ་སྟེ། །ཆགས་སྡང་རྣམ་རྨོངས་ལས་ལ་ནི། །རྣམ་གཡེང་སྡུག་བསྔལ་དང་བཅས་པའི། །འཁོར་བ་མངོན་པར་འགྲུབ་པའོ། །གང་གིས་བླ་མའི་དྲིན་ཐོབ་ནས། །སེམས་ཀྱི་དེ་ཉིད་རིག་པ་གང་། །རི་དབང་རྩེ་ནས་ལྷུང་བ་ལྟར། །གྲོལ་བའི་ཐབས་ནི་བླ་ན་མེད། །གཞན་དུ་དཀའ་ཐུབ་མི་བཟད་སོགས། །ལུས་ཉོན་མོངས་པར་བྱེད་པ་ཡིས། །ཐར་བའི་འབྲས་བུ་མི་རྙེད་པར། །སླར་ཞིང་རྣམ་པར་འཁོར་བར་འགྱུར། །གང་གིས་སེམས་ཀྱི་དེ་ཉིད་རིག་།དེ་ལས་གཞན་དུ་གྲོལ་བའི་ཐབས། །བཟླས་དང་བསམ་གཏན་ལ་སོགས་པ། །ཕ་རོལ་སྒྲོལ་བའི་གྲུ་བཞིན་འདོར། །དེ་བས་བཟླས་མེད་བསམ་གཏན་དང་། །དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། ། དཀྱིལ་འཁོར་དཀྱིལ་འཁོར་བ་མེད་པ། །རང་རིག་ཡེ་ཤེས་གཅིག་པུ་ཉིད། །རྣམ་ཐར་བཞི་ཡི་རང་བཞིན་དང་། །དུས་གསུམ་མཁྱེན་པའི་བདག་ཉིད་ཅན། །རྟེན་འབྲེལ་བཅུ་གཉིས་དག་པ་ཡིས། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །ཐབས་དང་ཤེས་རབ་དབྱེར་མེད་སྐུ། ། བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །གཅིག་པུའི་ཉམས་ནི་དུ་མའི་གར། །དཀྱིལ་འཁོར་འཁོར་ལོའི་རྣམ་པའོ། །གང་གིས་དེ་ཡོངས་ཤེས་པ་ཡིས། །རང་བཞིན་དེ་ནི་རྟོགས་འགྱུར་ན། །གཞན་དུ་སྤྲོས་པ་སྣ་ཚོགས་ཀྱང་། །གྲོལ་བའི་རྒྱུ་ཉིད་ཁོ་ནའོ། །དེ་ཕྱིར་རང་རིག་མཚོན་པ་ཡི། །ཐབས་ཀྱི་སྤྲོས་པ་སྣ་ཚོགས་པ། །གངྒཱའི་རྒྱ་མཚོའི་རོ་བཞིན་དུ། །སྤྲོས་པ་མེད་པའི་རང་བཞིན་བྱེད། །དེ་བས་གང་གིས་ཐབས་རིག་པས། །བསམ་གཏན་ལ་ནི་མངོན་པར་གཞོལ། །གཟིངས་ལ་ལེགས་པར་སྦྱོར་བ་ལྟར། །སེམས་ཀྱི་དེ་ཉིད་མཐོང་བར་འགྱུར། །འདིར་ནི་ཕུང་པོ་ཁམས་རྣམས་དང་། །སྐྱེ་མཆེད་དྲུག་ལས་རྣམ་གྲོལ་བ། །སྒྱུ་མའི་གཟུགས་ལ་ལེགས་གནས་པའི། །ེ་བཾ་རྩ་ཡི་འཁོར་ལོ་ལ། །བཅུ་དྲུག་ཐོག་མར་ཐིག་ལེར་བཅས། །དྲོ་བ་རྣམས་ཀྱི་བཞི་པ་ལ། །དབྱངས་ཀྱི་དྲུག་པ་དང་ལྡན་པ། །ཟླ་ཕྱེད་ཐིག་ལེས་རྣམ་པར་མཛེས། ། དབྱངས་ཡིག་བཅུ་གསུམ་ཐིག་ལེས་བརྒྱན། །ཡ་ཚོགས་བརྒྱད་པའི་མཐའ་གནས་པ། །གཞོམ་མེད་བདེ་བ་ཆེ་རང་བཞིན། །ནཱ་ད་ཐིག་ལེ་དང་བཅས་པའོ། །སྲོག་དང་རྩོལ་བ་ལེགས་བསྡམས་ཏེ། །སྤྲུལ་པར་རླུང་ལྔ་བཅིངས་པ་ཡིས། །དུ་བ་ལ་སོགས་རྟགས་མཐོང་ནས། །ཡེ་ཤེས་མེ་ནི་རྣམ་པར་འབར། །གློག་གི་འོད་དང་མཚུངས་པ་ཡི། །གསལ་བའི་གཟུགས་ཅན་བྱིན་འགྲོ་བས། །སྟེང་ནས་བྱང་ཆུབ་སེམས་བླངས་ཏེ། །འོ་མའི་རྒྱུན་གྱི་རྣམ་པར་འབབ། །ལྟེ་བར་གསང་བའི་སྙོམས་འཇུག་ལས། །ཡེ་ཤེས་སྐྱེས་གང་རང་བཞིན་ནི། ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་ཤིང་། །ཆགས་དང་ཆགས་མེད་འདྲེས་གྱུར་པའི། །ལྷན་སྐྱེས་ཡང་དག་བྱང་ཆུབ་ཉིད། །ཟླ་བ་ཉི་མའི་དབུས་གནས་པའི། །ནམ་མཁའ་སེམས་གཅིག་གྱུར་པ་ལས། །རླུང་རྣམས་མ་ལུས་དེར་བཅིངས་ཏེ། །ཡིད་ནི་རི་བོང་ལྟར་གནས་བྱེད། །ཉིན་དང་མཚན་མོ་རྣམས་སྤངས་ཤིང་། །འགྲོ་དང་འོང་བ་ལས་གྲོལ་བ། །དུས་གསུམ་མཉམ་པར་སྦྱོར་བའོ། །བསམ་གྱིས་མི་ཁྱབ་བདེ་བ་ཆེ། །རང་བཞིན་གཉུག་མ་ལྷན་ཅིག་སྐྱེས། །དངོས་པོ་ཀུན་རྨི་དེ་ཁོ་ན། །སེམས་ཀྱི་དེ་ཉིད་མཐོང་བ་པོ། །རང་བཞིན་གྱིས་ནི་རྣམ་དག་པ། །གཟུང་འཛིན་དྲི་བྲལ་མངོན་སངས་རྒྱས། །དམིགས་མེད་སྙིང་རྗེའི་བདག་ཉིད་ཅན། །འཁོར་བ་ཇི་སྲིད་གནས་ཀྱི་བར། །འགྱུར་བ་མེད་པའི་ངོ་བོས་བཞུགས། །རིན་ཆེན་སེམས་ལས་གཞན་གྱུར་པ། །འཁོར་མེད་མྱ་ངན་འདས་པ་མེད། །སེམས་ཀྱི་དེ་ཉིད་རིག་པ་ལ། །འཁོར་ཉིད་མྱ་ངན་འདས་པར་འགྱུར། །དཔལ་ལྡན་མགོན་པོ་སྤྱོད་འཆང་བའི། །དྲིན་གྱིས་རྟོགས་པ་དེ་ཉིད་གང་། །གཞུང་ལུགས་རྒྱ་མཚོའི་སྙིང་པོ་ཡིས། །འགྲོ་བའི་སྒྲིབ་ཤེས་སྒྲིབ་སེལ་ཤོག་།དཔལ་འཁོར་ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་བསྡུས་པ་སློབ་དཔོན་ཀུ་ས་ལི་པས་མཛད་པ་རྫོགས་སོ། ། རྡོ་རྗེ་སློབ་དཔོན་ངག་གི་དབང་ཕྱུག་དང་། ཨཱ་ཙཨཱ་རྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། @##། །རྒྱ་གར་སྐད་དུ། ས་ཧ་ཛ་ཏཏྟྭ་ཨཱ་ལོ་ཀ་།བོད་སྐད་དུ། །ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ།
CLOSE WINDOW