Wylie | e-texts based on the ACIP/ALL ![]() ![]() |
@##། །རྒྱ་གར་སྐད་དུ། ཨབྷིས་མ་ཡ་བི་བྷངྒི་ནཱ་མ། བོད་སྐད་དུ། མངོན་པར་རྟོགས་པ་རྣམ་པར་འབྱེད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཇིག་དུས་བསྐལ་བའི་མེ་ལྟར་འབར། །དག་པ་རྣམ་པ་བཅུ་གཉིས་ལྡན། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཧེ་རུ་ཀ་དཔལ་དེ་ལ་འདུད། །གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་གྱུར་པ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མིང་གི་རྒྱུད་ནི་འབུལ་སྡེ་ལས། །སྡོམ་པ་བཏུས་པར་གྱུར་པ་ཡིན། །ནམ་མཁའ་དང་ནི་མཉམ་པའི་རྒྱུད། །འབུམ་གཅིག་ནང་ནས་དེ་སྐད་བཤད། །དེས་དོན་ཟབ་མོ་རིམ་ཕྱེ་ཡང་། །མིག་བྲལ་ངེས་པ་མ་རྙེད་པ། །ངེས་བརྗོད་མངོན་འབྱུང་མཁའ་འགྲོ་ལས། །སྙིང་པོ་བསྡུས་པ་བདག་གིས་བཤད། །དེ་ལ་འདིར་བཤད་བྱ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོ་དང་། འཆད་བྱེད་རྒྱུད་བཞི་དང་ལྡན་པའི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་བརྗོད་བྱ་དེས་དོན་ལམ་གྱི་རིམ་པ་ནི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་རྣམ་པར་དག་པ་དང་། སྒྲུབ་བྱེད་དབང་དང་། གང་གིས་བསྒྲུབ་པ་དང་། གང་ལ་བསྒྲུབ་པའོ། །ཤེས་རབ་ལ་གཉིས་ཏེ། དམིགས་པ་དང་བཅས་པའི་ཤེས་རབ་དང་། དམིགས་པ་མེད་པའོ། །ཤེས་རབ་གཉིས་ཀྱིས་མཐོང་བ་དང་མཐུན་པར་དེ་ལ་བློ་འཇོག་པ་དང་། སྤྱོད་པའི་སྒོ་ནས་གཉིས་མེད་ཟུང་འཇུག་ཏུ་བསྒོམ་པའོ། །དེ་ཡང་སྒྲུབ་བྱེད་དབང་བཞིའི་སྒོ་ནས་ཏེ། བུམ་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་དང་། གསང་བ་སྔོན་དུ་སོང་བའི་ཤེས་རབ་ཡེ་ཤེས་ཀྱིས་དོན་དམ་པ་དང་། བཞི་པས་གཉིས་མེད་ཟུང་འཇུག་ཏུ་རྟོགས་པ་བསྒྲུབ་པའོ། །དེ་ཡང་བླ་མ་ལ་རག་ལས་པས་དེ་མཉེས་པ་ལས་ཐོབ་པའི་ཕྱིར་རོ། །དེ་ལྟར་བསྒྲུབས་པས་སྒྲུབ་པ་པོའི་མཚན་ཉིད་དུ་གྱུར་པ་ནི། དང་པོ་སྙིང་རྗེའི་སྟོབས་ལས་བྱུང་། །རྫོགས་པའི་བྱང་ཆུབ་སེམས་བརྟན་བྱས། །བུམ་པ་གསང་སོགས་དབང་བསྐུར་བ། །བླ་མའི་དྲིན་གྱིས་ཡང་དག་ཐོབ། །ཅེས་པ་ལ་སོགས་པའོ། །དེ་ཡང་སྒྲུབ་པའི་གནས་དང་། གྲོགས་དང་། ཡན་ལག་དང་། ཚུལ་ཇི་ལྟར་བསྒྲུབ་པའོ། ། གནས་ནི་དུས་ཁྲོད་ལ་སོགས་པའོ། །གྲོགས་ནི་ལེའུ་བཅུ་གསུམ་པ་ལས། དབང་གི་ལྷ་མོ་མཆོད་བྱ་སྟེ། །དཔའ་བོའི་ལྷ་མོ་བཀའ་བསྒོ་སྐྱེས། །ལོངས་སྤྱོད་ཡན་ལག་ཀུན་སྤྱོད་མ། །འཁོར་བ་ལས་སྒྲོལ་གཙོ་བོ་ཡིན། །ཞེས་གསུངས་པའི་ཕྱིར། སྒྲུབ་པའི་ཡན་ལག་བསྟན་པའི་ཕྱིར་དང་པོ་རེ་ཞིག་ཅེས་བྱ་བ་ལ་སོགས་པའོ། །ཚུལ་ཇི་ལྟར་བསྒྲུབ་པ་ནི་སྐྱེ་བ་མེད་པར་ཤེས་པའི་ཚུལ་གྱིས་ཏེ། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། །གང་ཡང་ལས་རྣམས་ཐམས་ཅད་ལ། །ཤེས་རབ་དང་ནི་སྦྱར་བྱ་སྟེ། །དེ་ཡང་སྟོང་བའི་གནས་སུ་སྦྱར། །ཞེས་གསུངས་པས། ལས་རྣམས་ནི་འདིར་ཚངས་པའི་གནས་བཞི་བསྒོམ་པ་ལ་སོགས་པའོ། །ཤེས་རབ་དང་སྦྱར་བ་ནི་ཤེས་རབ་ཀྱི་མིག་གིས་བལྟ་བའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ཡང་སྟོང་པའི་གནས་ཏེ་བློ་གང་གིས་རྣམ་པར་སྐྱེ་བ་དེ་རྟེན་འགྲེལ་ཡིན་པའི་ཕྱིར་སྟོང་བ་ཉིད་དུ་ཤེས་པའི་ཚུལ་གྱིས་བསྒོམ་པའོ། །དང་པོར་རེ་ཞིག་ནི་རྣལ་འབྱོར་པས་བྱ་བའི་རིམ་པ་བསྟན་པའོ། །རྣལ་འབྱོར་པའི་དབང་ཕྱུག་ནི་དབང་བཞིས་སྣོད་དུ་བྱས་པའོ། །ཚངས་པའི་གནས་བཞི་ནི་བྱམས་པ་ལ་སོགས་པའོ། །བསྒོམ་པ་ནི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པ་དང་། གང་དག་སྡུག་བསྔལ་བ་ལ་དམིགས་ནས་དེ་དང་བྲལ་བར་འདོད་པ་དང་། ཧེ་རུ་ཀའི་གོ་འཕང་ལ་དགོད་པར་འདོད་པ་དང་། མི་དགེ་བའི་ཕྱོགས་མ་ལུས་པ་ཟད་པར་བྱ་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་མ་ལུས་པ་ལ་དགོད་པར་འདོད་པའོ། །ད་ནི་འདིར་རྣལ་འབྱོར་བསྲུང་བ་སྟེ། རྣལ་འབྱོར་ནི་འདིར་སྙིང་རྗེ་དང་སྟོང་པ་གཉིས་མེད་ཡིན་པར་དགོངས་སོ། །གང་ལས་བསྲུང་ཞེ་ན། མི་མཐུན་པའི་ཕྱོགས་ཏེ། གནོད་སེམས་དང་། རྣམ་པར་འཚེ་བ་དང་། ཐེག་པ་དམན་པ་ལ་འདོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཟད་ཅིང་མི་འཕེལ་བའོ། །ཇི་སྲིད་དེ་ཡོད་པ་དེ་སྲིད་དུ་སྔན་བྱས་པ་འཇིག་ཅིང་ཕྱིས་མི་སྐྱེ་བ་དང་། ཐེག་པ་ཆེན་པོའི་གནས་ལས་ཉམས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་བའི་ཕྱིར་རོ། །དེ་ནས་ཕུང་བོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཞེས་བྱ་པ་ལ། འདི་ལྟར་བདག་ཏུ་མངོན་པར་ཞེན་པ་ལ་བརྟེན་ནས་ངར་འཛིན་པ་འབྱུང་ལ། བདག་གིར་མངོན་པར་ཞེན་པ་ལ་བརྟེན་ནས་ང་ཡིར་འཛིན་པར་འགྱུར་བས། གང་གི་ཕྱིར་བདག་ཏུ་ཞེན་པ་མེད་ན་དེའི་ཕྱིར་ངར་འཛིན་མེད་ལ། བདག་གི་ཞེན་པ་མེད་ན་དེའི་ཕྱིར་ང་ཡིར་འཛིན་པ་མེད་པར་འགྱུར་རོ། །དེར་ཞེན་པའི་གཞི་བསྒྱུར་བའི་ཕྱིར་གཟུགས་ཀྱི་ཕུང་བོའི་རྡུལ་ཕྲ་རབ་རྣམས་རྣམ་པར་སྣང་མཛད་ཀྱིས་སྦྱངས་ཏེ། དེ་ཡང་ཞལ་གཅིག་པ་ཕྱག་གཉིས་པ་པདྨ་དང་ཟླ་བ་དང་སེང་གེའི་གདན་ལ་བཞུགས་པ། གཡས་འཁོར་ལོ་གཡོན་དྲིལ་བུ་དཀུར་བརྟེན་པའོ། །དེ་བཞིན་དུ་ཕུང་པོ་བཞིའི་ཚོགས་ལ་རྡོ་རྗེ་ཉི་མ། པདྨ་གར་དབང་། རྡོ་རྗེ་རྒྱལ་པོ། །རྡོ་རྗེ་སེམས་དཔའ་སྟེ། ཞལ་གཅིག་པ། ཕྱག་གཉིས་པ། གཡས་རྣམས་ན་རང་རང་གི་མཚན་མ་འཛིན་པ། གཡོན་ཐམས་ཅད་ན་དྲིལ་བུ་དཀུར་བརྟེན་པ། རྟ་དང་། རྨ་བྱ་དང་། ནམ་མཁའ་ལྡིང་དང་། གླང་པོ་དང་། པདྨ་དང་ཉི་མའི་གདན་ལ་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ནི་དཔལ་ཧེ་རུ་ཀའོ་ཞེས་པ་ལ་རོའི་གདན་ལ་བཞུགས་པ་སྐུ་མདོག་ནག་པོ་རྡོ་རྗེ་དྲིལ་བུ་ཅན་ནོ། །འདིར་རིགས་ལྔ་ནི་ཕུང་པོ་ལྔ་ལ་སོགས་པ་བྱེ་བྲག་གི་དག་པ་ཡིན་ལ། ཧེ་རུ་ཀ་ནི་སྤྱིའི་དག་པའོ། །གཟུགས་ལ་སོགས་པ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་དག་ལ། དོན་དམ་སྐྱེ་མེད་དུ་དག་པ་དཔལ་ཧེ་རུ་ཀའོ། །དེ་ཡང་། ཧེ་ནི་རྒྱུ་སོགས་རྣམ་པར་སྤངས། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། ། ཞེས་གསུངས་པས། །རྒྱུ་ལ་སོགས་པ་ནི། བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་རྒྱུ་མེད་པ་ལས་སྐྱེ་བ་སྤངས་པའོ། །ཚོགས་ནི་གནས་པ་དང་འཇིག་པའི་ཚོགས་དང་བྲལ་བའོ། །སྐྱེ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་བཞིན་དུ་རྡོ་རྗེ་མཁའ་འགྲོ་ལས་ཀྱང་། གཟུགས་ནི་ཐམས་ཅད་སྟོང་པ་ཉིད། །སྟོང་པའི་ཚུལ་གྱིས་མིག་གིས་ནི། །དོགས་པ་མེད་པར་བསྒོམ་པའི་མཆོག་།རྣམ་པར་མི་རྟོག་པ་ཡིས་བལྟ། །ཞེས་གསུངས་པས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་བསྒོམས་ལ་དོན་དམ་པར་སྟོང་པ་ཉིད་དོ། །དེ་བཞིན་དུ་མིག་ལ་སོགས་པ་ལ་གཏི་མུག་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་དང་། སེར་སྣ་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་དང་། ཕྲག་དོག་རྡོ་རྗེ་དང་། དབང་ཕྱུག་རྡོ་རྗེ་སྟེ། དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ཡང་དཀར་པོ་སྟེ། ཕྱག་མཚན་ནི་བདག་པོ་དང་མཐུན་ནོ། །ཡངས་ལ་སོགས་པའི་ཁམས་ལ་ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མ་དང་། པདྨའི་དྲ་བ་ཅན་ཏེ་སེར་མོ་དང་། ནག་མོ་དང་། དམར་སེར་དང་། དམར་མོ་དང་། སྔོན་མོ་སྟེ་རང་རང་གི་དཀྱིལ་འཁོར་ལ་བཞུགས་པ། ཞལ་གཅིག་པ། ཕྱག་བཞི་པ། གཡས་ཀྱི་དང་པོ་རྣམས་ན་འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། རལ་གྲིའོ། །ཐ་མ་རྣམས་ནི་གྲི་གུག་གོ་།གཡོན་ན་ཐོད་པ་དང་ཁ་ཊྭཱཾ་གའོ། །པདྨའི་དྲ་བ་ཅན་ཉི་མ་ལ་བཞུགས་པ་ཞལ་གསུམ་པ་ཕྱག་དྲུག་པ་སྟེ། གཡས་པ་གསུམ་ན་ཐོད་པ་དང་། ཁ་ཊྭཱཾག་དང་། ཞགས་པའོ། །གཡོན་ན་ལྕགས་ཀྱུ་དང་། ཚངས་པའི་མགོ་དང་། གྲི་གུག་གོ་།དེ་ལྟར་ནམ་རིག་པ་ལ་སོགས་པའི་ཉོན་མོངས་པ་འབྱིན་པར་བྱེད་པ་དང་། སྤྲོས་པ་གསོད་པ་དང་། ལྷན་ཅིག་སྐྱེས་པའི་བདེ་བ་འདྲེན་པ་དང་། མི་དམིགས་པའི་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པའོ། །དབྱིངས་དང་ཡེ་ཤེས་དང་ཐབས་དང་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལས་ལྷའི་འཁོར་ལོ་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། གང་དག་པ་ཕུང་པོ་ལ་སོགས་པ་དང་། གང་གི་རང་བཞིན་དུ་དག་པ་སྒྱུ་མ་ལྟ་བུའི་ལྷ་དང་། ཇི་ལྟར་དག་པ་སྐྱེ་མེད་དུ་དག་པའོ། །བདག་གིར་འཛིན་པ་དག་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེའི་ར་བ་བསམ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བར་བསམས་ལ། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་བདག་དང་ཁམས་གསུམ་པའི་དངོས་པོ་ཐམས་ཅད་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས་པར་བྱས་ནས། ཚུར་འདུས་པས་བདག་ཁམས་གསུམ་རྣམ་རྒྱལ་དུ་བསམ་པ་སྟེ། བདག་གིར་ཞེན་པ་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །དེ་ལྟར་བདག་མེད་པའི་ཤེས་རབ་དེའི་ལས་དང་མཚན་ཉིད་བསྟན་པའི་ཕྱིར་རབ་ལ་སོགས་པ་བསམ་པ་སྟེ། དེ་ཡང་ཨོཾ་སུམྦྷ་ལ་སོགས་པའི་སྔགས་བཞི་ཕྱོགས་བཞིར་བསམ། དེ་ལས་རྡོ་རྗེའི་ར་བ་གྲུ་བཞི་པ་བསམ་པར་བྱའོ། །ས་གཞི་ནི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེར་བསམས་ལ། དེའི་འོད་ཀྱི་སྣང་བས་བླ་རེ་དང་། གུར་དང་། མདའི་དྲ་བ་དང་། མེའི་ར་བ་བསམ་པར་བྱའོ། །དེ་ནས་རྡོ་རྗེའི་ར་བ་དང་མེའི་ར་བའི་བར་དུ་ཤར་དུ་ཁ་གདོང་། བྱང་དུ་འུག་གདོང་། ནུབ་ཏུ་ཁྱི་གདོང་། ལྷོར་ཕག་གདོང་མ་བཞི། མཚམས་རྣམས་སུ་མཚམས་མ་བཞི། སྟེང་ཁྭ་གདོང་དང་། འོག་ཁྱི་གདོང་ཅན་བསྒོམ་པར་བྱའོ། །དེ་ཡང་ལེའུ་བཅུ་བདུན་པ་ལས། ཁྲོ་བོ་རྣམ་རྒྱལ་ལ་སོགས་པ། །སྒོ་དང་མཐའ་ཡི་མཚམས་རྣམས་སུ། །སྣ་ཚོགས་འདུལ་བའི་ཐབས་ཆེན་གྱིས། །སེམས་ཅན་དོན་ལ་བརྩོན་པར་མཛད། །ཅེས་པས་སྣ་ཚོགས་འདུལ་བའི་ཐབས་ནི་བུད་མེད་ཀྱིས་འདུལ་བ་རྣམས་ལ་བཀའ་བསྒོ་རྣམས་སུ་སྤྲུལ་པའི་ཕྱིར་རོ། །དེ་རྣམས་ཀྱི་ཕྱག་ན་ཁྲོ་བོའི་ཕུར་བ་བསྣམས་པར་བསམས་ལ། ཡང་སྔགས་ཚན་བཞི་བརྗོད་པ་དང་། ཧཱུཾ་གི་འོད་ཟེར་གྱི་སྒོ་ལས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་རྣམས་ཀྱིས་ཕྱོགས་བཅུ་ནས་བགེགས་ཐམས་ཅད་བཀུག་པ་ལ་ཕུར་བུས་གདབ་པ་སྟེ། ཨོཾ་གྷ་གྷ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་མུཏྒ་རས་བརྡུང་བར་བྱའོ། །དེ་ལྟར་ན་ཤེས་རབ་དེ་ཉིད་ཀྱི་ལས་དང་མཚན་ཉིད་མི་ཕྱེད་ཅིང་འབྱེད་པ་དང་། རྟོགས་པ་དང་། ལྷན་ཅིག་མི་གནས་པ་དང་། དེ་ཉིད་བསྲེག་པའི་ཕྱིར་རྡོ་རྗེ་ར་བ་དང་། ཁྲོ་བོའི་ར་བ་དང་། མེའི་ར་བའོ། །ཞེ་སྡང་གིས་བསླང་བའི་བརྡེག་པ་ནི་མ་ཡིན་ནོ། །འོ་ན་ཀུན་རྫོབ་ཏུ་གནོད་བྱ་གནོད་བྱེད་མེད་དོ་ཞེ་ན་ནི་རྒྱུ་འབྲས་ལ་སྐུར་པ་ཡང་ཡིན་ལ། ཡང་ན་ནི་ཐ་དད་ཀྱི་ཚུལ་གྱིས་བཟློག་པ་ལ་འགལ་བ་མེད་དོ་ཞེ་ན། ཀུན་རྫོབ་ཏུ་རྒྱུ་འབྲས་མེད་པ་མ་ཡིན་གྱི། འོན་ཀྱང་ཞེ་སྡང་གིས་བསླང་བའི་སྦྱོར་བས་བཟློག་པར་བྱ་བ་མ་ཡིན་ཏེ། ཀུན་རྫོབ་ཉིད་དུ་ཡང་བྱམས་པ་ལ་སོགས་པའི་གོ་ཆ་དང་དོན་དམ་པར་སྐྱེ་མེད་དུ་ཤེས་པས་སོ། །དེ་ཡང་ཅི་ཞེ་ན། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སེམས་ཙམ་ལས་གཞན་མ་ཡིན་ཏེ། དེ་བས་ན་སེམས་ལོག་པར་གཡོ་བ་ཉིད་བདུད་དང་བགེགས་ཡིན་ནོ། །དེ་ཡང་ངན་སོང་སྦྱོང་བའི་རྒྱུད་ལས། ཇི་སྲིད་ཡིད་ཀྱིས་ལོག་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །སེམས་གཉེན་པོ་ལས་འཁྱར་བ་ཉིད་བདུད་ལ་སོགས་པ་ཡིན་ནོ། །འོ་ན་སངས་རྒྱས་ལས་ཆེས་མཁས་པ་ཡོད་པ་མ་ཡིན་པ་ནི་ཐམས་ཅད་ལ་གྲགས་པ་ཡིན་ལ། དེས་རྒྱུད་ལས་བཤད་པ་ཅི་ཞེ་ན། དེ་ནི་བདེན་མོད་ཀྱི་རང་དོན་དུ་གནས་པ་གང་ཡང་མེད་དོ། །དེའི་ཕྱིར་དེས་བརྗོད་ལས། མི་གསོད་གསོད་པ་མེད་པ་ཡིན། །གང་གིས་རང་སེམས་ཐུལ་བ་ཡིས། །བདག་གི་སེམས་ནི་བཅིངས་པ་ཡིན། །གང་ལ་གང་གིས་གསོད་པ་ཡོད། །ཅེས་པ་དང་། ཡང་། བྱམས་པའི་གོ་ཆ་བགོས་པ་དང་། །སྙིང་རྗེ་ཆོས་ཀྱི་གོ་ཆ་ཡིན། །ཤེས་རབ་མཚོན་ཆར་ལྡན་པ་ཡིས། །ཉོན་མོངས་བདུད་རྣམས་བཟློག་པར་བྱ། །བཀའ་ཡི་འཁོར་ལོ་སྲུང་བ་ཆེ། །ཕུར་བུས་བགེགས་མེད་དངོས་གྲུབ་འགྱུར། །སྲུང་བའི་ཆོ་ག་འདི་དག་གིས། །སྒྲུབ་པ་པོ་ལ་བྱང་ཆུབ་སྩོལ། །གཙོ་བོའི་བཀའ་ནི་བླང་བར་གྱིས། །རྣལ་འབྱོར་པ་ནི་གར་གནས་པར། །བགེགས་རྣམས་ཐམས་ཅད་མེད་པར་མཐོང་། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར་བཀའ་ལ་ལོག་པར་རྟོགས་ཏེ་ངན་པའི་ལས་དང་ལྡན་པ་ངོ་བོ་ཉིད་ཀྱིས་འོག་ཏུ་འགྲོ་བ་ལ་ཕྱོགས་པ་ཉོན་མོངས་པ་ལ་སོགས་པའི་ཞགས་པས་བཅིངས་པ་ཟོ་ཆུན་ལྟར་འཁོར་བ་རྣམས་དང་ཁྱད་པར་མེད་པས་ལམ་ལ་གནས་པའི་རྣལ་འབྱོར་པ་ཡང་མ་ཡིན་ནོ། །དེ་ལྟར་བདག་མེད་པའི་ཤེས་རབ་དང་ལྡན་པའི་རྣལ་འབྱོར་པ་ལ་ཁྱད་པར་ཅན་གྱི་ཚོགས་སྐྱེ་བས་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་ཡུལ་གང་ལ་བརྟེན་ནས་རྫོགས་པ་ནི་ལྷ་དང་བླ་མ་ལས་ཏེ། དེ་ནས་ཞེས་པ་ནི་ཁམས་གསུམ་རྣམ་རྒྱལ་ཧེ་རུ་ཀར་བསྒྱུར་ལ། དེའི་སྙིང་གར་ཨ་ལས་ཟླ་བ་དེའི་སྟེང་དུ་ཧཱུཾ་འོད་ཟེར་སྣ་ཚོགས་འཕྲོ་བ་བསམ་པའོ། །ཧཱུཾ་དེའི་འོད་ཀྱི་སྣང་བས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་སུམ་ཅུ་རྩ་བདུན་ནོ། །བླ་མ་ནི་དེར་དབང་བཞི་བསྐུར་བའོ། །སོགས་པ་ནི་བླ་མ་གཞན་དང་མགྲོན་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །བལྟས་ལ་ཞེས་པ་ནི་ཐ་མི་དད་པར་བལྟ་སྟེ། དེ་ཡང་སྙིང་གའི་འོད་ཟེར་གྱིས་བླ་མའི་དྲིན་དྲན་པའི་ཚུལ་གྱིས་བཞུ་ལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བསྟིམ། དེ་ལྟར་ལྷ་དང་བླ་མ་ཐ་དད་མེད་པ་ལ་མཆོད་པ་ལ་སོགས་བྱའོ། །གང་གི་དོན་དུ་ཞེ་ན་སྡུག་བསྔལ་གྱི་མེ་འབར་བ་རྣམས་ཀྱི་དོན་དུའོ། །ཚུལ་ཇི་ལྟར་རྫོགས་ཞེ་ན་སྐྱེ་མེད་དུ་ཤེས་པའི་ཚུལ་གྱིས་སོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ལ་ཡེ་ཤེས་ཀྱི་ཚོགས་སྐྱེ་བས། དེ་ནས་ཞེས་བྱ་བ་ལ་སོགས་པ། ཨོཾ་སྭ་བྷཱ་བ་ཤུངྔྷཿསྟེ་རང་བཞིན་དག་པའོ། །གང་དག་ཅེ་ན། སརྦ་ངྷརྨཱཿསྟེ་ཆོས་ཐམས་ཅད་དོ། །ཅིའི་རང་བཞིན་དུ་དག་ཅེ་ན། སྒྱུ་མ་ལ་སོགས་པར་རོ། །དེ་ལ་དོན་ནི་འདི་ཡིན་ཏེ། གཟུང་འཛིན་ལ་སོགས་པ་དང་བྲལ་བ་བརྫུན་པའི་རྣམ་པར་རྟོག་པ་གོམས་པར་བྱས་པའི་བག་ཆགས་ཀྱིས་བསྒོས་པའི་རང་གི་སེམས་སྣང་བ་རྨི་ལམ་ལ་སོགས་པ་དང་། ཁམས་གསུམ་པོ་འདི་དག་ཁྱད་པར་མེད་པར་བརྟགས་ལ། སྣང་བ་ཙམ་པོ་དེ་ཡང་སྟོང་པ་ཉིད་དུ་བསམ་པའི་ཕྱིར། ཡང་ནི་སྟོང་ཉིད་བསམ་བྱ་སྟེ། །ཞེས་པ་ལ་སོགས་པ་ལ་ཡང་གི་སྒྲ་ནི་སྔར་སྒྱུ་མ་ལྟ་བུར་བསྒོམ་པ་ལས་ལྟོས་སོ། །གང་སྟོང་པ་ཉིད་དུ་བསྒོམ་ཞེ་ན། བྱང་ཆུབ་ཀྱི་ཚོགས་ལ་སོགས་པ་སྟེ། ཀུན་ན་ཉོན་མོངས་པའི་ཆོས་ཐམས་ཅད་དང་། རྣམ་པར་བྱང་བ་བསོད་ནམས་ཀྱི་ཚོགས་ནི་བྱང་ཆུབ་[(]གྱི་[,]ཀྱི་[)]ཚོགས་སོ། །དེ་ཡང་རང་གིས་སེམས་ཙམ་ལས་གཞན་མིན་ལ་དེ་ཉིད་མིག་ཡོར་ལྟར་སྣང་བའོ། ། དེ་ཉིད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །དེ་ནས་ཨོཾ་ཤཱུནྱ་ལ་སོགས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་བརྫུན་པའི་རྣམ་པར་རྟོག་པ་གོམས་པའི་དབང་གིས་རང་གིས་སེམས་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྣོད་བཅུད་ཀྱི་འཇིག་རྟེན་དུ་རྣམ་པར་འཕྲུལ་པའི་དྲི་མ་སྦྱང་བའི་ཕྱིར་ཇི་ལྟར་ནམ་མཁའ་སྒྲིབ་གཡོགས་ནི། རྡུལ་དང་། ཁུག་རྣ་དང་། དུ་བ་དང་། ཁ་བ་དང་། སྤྲིན་དང་བྲལ་བའི་སྟོན་ཀའི་ཉི་མ་ཕྱེད་ཀྱི་དཀྱིལ་ལྟར། འཇིག་རྟེན་གསུམ་པོ་མ་ལུས་པ་ཐམས་ཅད་སྟོང་པ་འོད་གསལ་པའི་རང་བཞིན་དུ་བསྒོམ་པ་ནི། ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་དང་། ཨེའི་ཆ་བྱད་བཟང་པོའོ། དེ་ལྟར་སྔགས་རྣམ་པ་གཉིས་ལན་གསུམ་དུ་བརྗོད་པ་ནི་སྟོང་པ་ཉིད་རྟོགས་ནུས་པ་དང་། སྟོང་པ་ཉིད་ཀྱི་དྲན་པ་གསོ་བ་དང་། གནས་པ་བརྟན་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། ཐ་མལ་པའི་ལུས་ངག་ཡིད་གསུམ་སྤོང་བ་དང་། རྟེན་དང་བརྟེན་པ་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་འཕྲུལ་དུ་རྟོགས་པའི་ཕྱིར་རོ། །ད་ནི་ཨེ་ཡི་ཆ་བྱད་ལ། །དབུས་སུ་བཾ་གྱིས་བརྒྱན་པའི་ཕྱིར། །དེ་ནས་ལངས་ལ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་བཞི་དང་རི་རབ་བསྐྱེད་པ་ནི་གོ་སླའོ། །དེ་ནས་རྟེན་དང་བརྟེན་པར་བཅས་པའི་ལྷ་བསྐྱེད་པའི་ཕྱིར། དེའི་དབུས་སུ་ཨཱ་ལི་ཀཱ་ལི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་བཅུ་དྲུག་ཤེས་རབ་ཀྱི་རང་བཞིན་ཡོངས་སུ་གྱུར་པ་ཟླ་བའི་དཀྱིལ་འཁོར་དང་། ཀཱ་ལི་སུམ་ཅུ་རྩ་བཞི་ཐབས་ཀྱི་རང་བཞིན་ཡོངས་སུ་གྱུར་པ་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་དབུས་སུ་ཞེས་བྱ་བ་ནི་ཉི་ཟླའི་བར་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བ་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཀྱི་ཟག་བཅས་ཀྱི་ཕུང་བོ་ཐམས་ཅད་སྦྱངས་ནས། ཟག་མེད་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་བྱས་ཏེ་སླར་བསྡུས་ལ། དེ་ཡོངས་སུ་གྱུར་བ་ནི་དེ་རྣམས་ལས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་རྟེན་དང་བརྟེན་པར་བཅས་པ་བསམ་པར་བྱའོ། །ཟླ་བ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉི་མ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བ་སོ་སོར་རྟོག་པའི་ཡེ་ཤེས་དང་། འོད་ཟེར་གྱིས་གཞན་དོན་བྱས་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་། རྫོགས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཟླ་བ་ལ་ཆོས་ལྔ་སྟེ། དཀར་བ་དང་། ཆ་བཅུ་དྲུག་པ་དང་། མུན་པ་སེལ་བ་དང་། ཚ་བའི་གདུང་བ་ཞི་བར་བྱེད་པ་དང་། འཇིག་རྟེན་གྱིས་མཐོང་ན་དགའ་བའོ། །དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་དཀར་བ་དང་། ཆ་བཅུ་དྲུག་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བར་བྱེད་པ་དང་། ཉོན་མོངས་པ་འདོད་ཆགས་ཀྱིས་གདུང་བ་ཞི་བར་བྱེད་པ་དང་། སེམས་ཅན་དགའ་བ་སྐྱེད་པའོ། །དེ་བཞིན་དུ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱང་ཉེས་པའི་སྐྱོན་མེད་པས་དཀར་བ་དང་། ནང་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་སྟོན་པས་ཆ་བཅུ་དྲུག་དང་། མ་རིག་པའི་མུན་པ་སེལ་བ་དང་། ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་དང་། འོད་གསལ་མཐོང་བས་དགའ་བ་བསྐྱེད་པའོ། ། ཉི་མ་ལ་ཆོས་གསུམ་སྟེ། དམར་བ་དང་། འདམ་རྫབ་སྐམས་པ་དང་མྱུ་གུ་ལ་སོགས་པ་སྨིན་པར་བྱེད་པའོ། །དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་ཐིག་ལེ་དམར་པ་དང་། འདོད་ཆགས་ལ་སོགས་པ་ཞི་བར་བྱེད་པ་དང་། བུ་ཚ་ལ་སོགས་པ་འཕེལ་བར་བྱེད་པའོ། །དེ་བཞིན་དུ་སྙིང་རྗེས་སེམས་ཅན་ལ་ཆགས་པས་དམར་བར་ཆོས་མཐུན་པ་དང་། ཉོན་མོངས་པའི་འདམ་རྫབ་སྐེམས་པ་དང་ཐབས་དགེ་པའི་མྱུ་གུ་ལ་སོགས་པ་སྨིན་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་རང་བཞིན་ལ། རྒྱུ་འབྲས་བྱང་ཆུབ་ཀྱི་སེམས་ཆ་གཉིས་སྟོན་པས་ཆ་གཉིས་དང་། གདུལ་བྱའི་རྒྱུད་ལ་འཕོ་བས་འཁོར་ལོ་དང་། སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་རྩིབས་བརྒྱད་དང་། མིའི་སེང་གེར་གྱུར་པས་སེང་ཐོད་དང་། གདུལ་བྱ་འདུལ་བས་ཁྲོ་ཞལ་དང་། སེམས་ཅན་སྨིན་པར་བྱེད་པ་ལ་ཆགས་པས་པདྨ་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པས་ཉི་ཟླ་དང་། སྙིང་རྗེས་སེམས་ཅན་མི་གཏོང་བས་ཆུ་སྲིན་གྱི་ཁ་ནས་བྱུང་བའོ། །ཐུགས་རྗེས་ཁྱབ་པའི་ཕྱིར་ཁ་གྱེས་པ་དང་། ཡེ་ཤེས་བཞི་ཆོས་ཀྱི་དབྱིངས་སུ་འདུས་པས་རྩེ་མོ་ནང་དུ་འདུས་པའོ། །བྱང་ཆུབ་སེམས་དཔས་ཆོས་ཉིད་དངོས་སུ་མ་བྱས་པས་ནི་ཅུང་ཟད་ཁ་གྱེས་པའོ། །དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཇི་ལྟ་བར་ཐུགས་སུ་ཆུད་པས་རྡོ་རྗེ་རྩེ་མོ་འདུས་པའོ། །སེམས་ཅན་དང་སངས་རྒྱལ་རང་བཞིན་མི་མཉམ་པ་མེད་པས་དབུས་རྩེ་མོ་ཐལ་བྱུང་དུ་བྱུང་བའོ། །ལུས་ངག་ཡིད་གསུམ་ཡོངས་སུ་དག་པས་ཆ་གསུམ་པའི་ཆང་ཟུངས་དང་ལྡན་པའི། །འོད་ཟེར་སྤྲོ་བསྡུ་ལ་ཆོས་བཞི་དང་ལྡན་པས་ཆོས་མཐུན་བཞི་ཡིན་ཏེ་ནམ་མཁའ་ལས་བྱུང་བ་དང་། རང་གཞན་གསལ་བར་བྱེད་པ་དང་། མུན་པ་འཇོམས་པ་དང་། ཐམས་ཅད་ཁྱབ་པའོ། །དེ་བཞིན་དུ་སྤྲོ་བསྡུས་འགྲོ་དོན་བྱེད་པ་ཡང་། རྒྱུ་སྟོང་པ་ཉིད་ལས་བྱུང་བ་དང་། འོད་ཟེར་ལྔ་དང་ལྡན་པ་དང་། ཉོན་མོངས་པ་ལྔ་འཇོམས་པ་དང་། སེམས་ཅན་རང་གི་འདོད་པའི་ལྷར་གྱུར་པའི་ཕྱིར་ཁྱབ་པའོ། །ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་བྱང་ཆུབ་པའི་མཚན་ཉིད་བསྟན་པའི་ཕྱིར། དཔལ་ཧེ་རུ་ཀ་ཉི་མ་ལ་བཞུགས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ། དུར་ཁྱོད་བརྒྱད་ཀྱིས་བརྒྱན་པའོ་ཞེས་བྱ་བ་ལ། དུར་ཁྱོད་བརྒྱད་ནི་གཏུམ་དྲག་དང་། ཚང་ཚིང་དང་། འབར་བས་ཁྱབ་པ་དང་། ཀེང་རུས་ཅན་འཇིགས་སུ་རུང་བ་དང་། ཧ་ཧར་དགོད་དང་། དཔལ་འཛིན་དང་། མུན་ཆེན་དང་། ཅ་ཅོ་སྒྲོགས་པའོ། །ཞིང་སྐྱོང་བརྒྱད་ནི། སེང་གེའི་གདོང་ཅན་སེར་པོ་དང་། ཅེ་སྤྱང་གི་གདོང་ཅན་དཀར་པོ་དང་། ཁྱིའི་གདོང་ཅན་དམར་པོ་དང་། སྟག་གི་གདོང་ཅན་ལྗང་གུ་དང་། ཁྲའི་གདོང་ཅན་སེར་པོ་དང་། ཀྱུང་ཀའི་གདོང་ཅན་སྔོན་པོ་དང་། ཁྱུ་མཆོག་གི་གདོང་ཅན་སེར་པོ་དང་། ཨུག་ཤུད་ཀྱི་གདོང་ཅན་སེར་པོའོ། །དེ་དག་མིའི་གཟུགས་ཅན་ཤིང་ལས་རོ་སྟོད་ཕྱུང་བའོ། །དེ་ལ་ཞིང་སྐྱོང་བརྒྱད་ནི། སངས་རྒྱས་རབས་བདུན་དང་བྱམས་པ་སྟེ་བརྒྱད་དོ། །གདུལ་བྱ་ལ་གདོང་ཐ་དད་པར་བསྟན་པའོ། །བྱང་ཆུབ་ཀྱི་ཤིང་བརྒྱད་དང་། ཀླུ་བརྒྱད་དང་། ཉོན་མོངས་པ་བརྒྱད་དང་། སྤྲིན་བརྒྱད་དང་། ཡེ་ཤེས་བརྒྱད་དང་། འཇིག་རྟེན་སྐྱོང་བ་བརྒྱད་ཐུགས་རྗེ་ཆེན་པོའོ། །དེ་ལ་རྣལ་འབྱོར་པ་དུར་ཁྲོད་བརྒྱད་ཀྱིས་དབེན་པར་གནས་པ་ནི། ངེས་འབྱུང་གི་ཡན་ལག་མི་རྟག་པ་དང་། སྡུག་བསྔལ་རྟོགས་པར་བྱེད་པ་དང་། འཇིག་རྟེན་གྱི་ཆོས་ལ་ཆགས་པ་སྤོང་པའི་ཕྱིར་རོ། །དེ་ལ་བརྟེན་ནས་ངེས་འབྱུང་གི་ལམ་སྐྱེ་མེད་རྟོགས་པའི་ཕྱིར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ནང་དུ་གནས་པའོ། །དེ་བས་ན་མི་རྟག་པ་དང་། སྡུག་བསྔལ་རྟོགས་པ་ལ་བརྟེན་ནས། རང་གི་མཚན་ཉིད་སྐྱེ་མེད་རྟོགས་པས་དེ་གཉིས་ཕྱི་ནང་དུ་གནས་པའོ། །ལམ་དེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་བརྟན་ཅིང་སྤྱད་ལ་སངས་རྒྱས་པས་སངས་རྒྱས་ཀྱིས་བསྟན་པའི་གོ་རིམས་དང་ཆོས་འདྲེའོ། །ཞལ་བཞི་ནི་རྣམ་པར་ཐར་པའི་སྒོ་བཞིའོ། །དུས་གསུམ་མཁྱེན་པས་སྤྱན་གསུམ་དང་སྲིད་པའི་ཡན་ལག་བཅུ་གཉིས་དག་པ་ནི་ཕྱག་བཅུ་གཉིས་སོ། །འཁོར་བ་དག་པས་ཞབས་གཡས་བརྐྱང་བ་དང་། འདོད་ཆགས་དང་ཞེ་སྡང་དག་པས་མི་གནས་པའི་མྱ་ངན་ལས་འདས་པ་ནི་འཇིགས་བྱེད་དང་དུས་མཚན་མནན་པའི། །ཐབས་ཀྱིས་དགེ་བའི་ཆོས་མཐའ་དག་སྡུད་པ་ནི་རྡོ་རྗེའོ། །ཤེས་རབ་ཀྱིས་དེའི་མི་མཐུན་པའི་ཕྱོགས་གཅོད་པས་དྲིལ་བུའོ། །དེ་ཡང་། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་པའི་ཕྱིར་རོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་གྱིས་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་ལ་གཉིས་སུ་འཛིན་པ་རྣམ་རྟོག་གི་གདོན་ཡིན་པས་དེ་བསད་ནས་གཉིས་སུ་མེད་པའི་ཚུལ་གྱིས་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་ནི། གླང་པོའི་པགས་པ་སྟེ། དེ་ཡང་། རྣམ་པར་རྟོག་པ་གདོན་ཆེན་པོ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོ། །དངོས་པོ་ཐམས་ཅད་རྟེན་འབྲེལ་ཡིན་པའི་ཕྱིར་སྐྱེ་བ་མེད་ལ། གང་དེ་མ་ཡིན་དུ་རྟོག་པ་ལ་སྟོང་ཉིད་ཀྱི་སྒྲ་སྒྲོགས་པ་ནི་རྡེའུ་ཆུང་ངོ་། དེ་ཡང་། ཤེས་རབ་ཌ་མ་རུ་ཡི་སྒྲ། །ཞེས་པས་སོ། །དངོས་པོ་ཐམས་ཅད་སྐད་ཅིག་མ་དང་མི་རྟག་པ་ལ་གང་དེ་མ་ཡིན་དུ་རྟོག་པ་གཅོད་པ་ནི་དགྲ་སྟའོ། །དེ་ཡང་། རྟོག་པ་གཅོད་ཕྱིར་དགྲ་སྟའོ། །ཞེས་སོ། །འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་མེད་པའི་དངོས་པོ་ལ་བརྟགས་ནས་སེམས་ལ་ཉོན་མོངས་མེད་པར་བྱེད་ལ་དེ་གཅོད་པ་ནི་གྲི་གུག་གོ། །དེ་ཡང་། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་པས་གྲི་གུག་ཅེས་བྱའོ། །ཞེས་པས་སོ། །ཉོན་མོངས་པ་གསུམ་བཅོམ་ནས་བཟོད་པ་གསུམ་དང་ལྡན་པ་ནི་རྩེ་གསུམ་མོ། །དེ་ཡང་། ཉོན་མོངས་འཇོམས་ཕྱིར་རྩེ་གསུམ་མོ། །ཞེས་པས་སོ། །གཉིས་མེད་ཟུང་འཇུག་ཏུ་རྟོགས་པས་ཤེས་རབ་གཉིས་མེད་དང་། དེས་ལུས་ངག་ཡིད་གསུམ་དག་པ་ནི་ཁ་ཊྭཱཾ་གའོ། །དེ་ལྟར་མ་རྟོགས་ཤིང་ལོག་པར་རྟོག་པ་ལ་རྒྱུ་མི་རྟག་པ་དང་། འབྲས་བུ་སྡུག་བསྔལ་དང་ལྡན་པ་ལ་དམིགས་ཏེ། དེ་དང་བྲལ་བར་འདོད་པ་ནི་སྙིང་རྗེ་གཉིས་ནི་ཁྲག་གིས་བཀང་བའི་ཐོད་པ་དང་ཞགས་པའོ། །དེ་ལྟར་ལམ་རྒྱུད་ལ་སྐྱེས་ཀྱང་རློམ་པ་མེད་པ་ནི་ཚངས་པའི་མགོ་བོའོ། །འདོད་ཆགས་ལ་དགའ་བ་ཉིད་ལ་འཛུད་པས་རལ་བ་དང་། དྲག་པོ་ལ་སོགས་པས་མི་ཐུབ་པས་ཅོད་པན་གྱིས་བརྒྱན་པ་དང་། རིགས་ལྔའི་རྒྱ་དང་ལྡན་པས་ཐོད་པའི་ཕྲེང་བ་དང་། བྱང་ཆུབ་ཀྱི་སེམས་དང་དེས་འཕགས་པའི་ལས་སྣ་ཚོགས་མཚོན་པ་ནི་ཟླ་བ་ཕྱེད་པ་དང་། སྣ་ཚོགས་རྡོ་རྗེའོ། །མ་རུངས་པ་སྐྲག་པར་མཛད་པས་ཞལ་རྣམ་པར་གྱུར་པའོ། །མ་རུངས་པ་དང་ཉོན་མོངས་པ་འཇོམས་པས་མཆེ་བ་གཙིགས་པའོ། །སྒེག་པ་ལ་སོགས་པའི་ཉམས་དགུ་ནི་སྒེག་པ་ནི་ཕྱག་གཉིས་ཤེས་རབ་ལ་འཁྱུད་དེ་འགྱིང་བག་དང་བཅས་པ་སྟེ། དེ་ནི་ཐབས་ཤེས་རབ་མི་ཕྱེད་པའི་བརྡའོ། །ཞབས་གཡས་བརྐྱང་བས་བདུད་དང་། སྒྲིབ་གཉིས་དང་། མྱ་ངན་ལས་འདས་པ་དམན་པ་གཉིས་ལས་རྒྱལ་བ་ནི་དཔའ་བའོ། །ལོག་པར་ལྟ་བ་ལ་མ་རངས་པས་བཞིན་མི་སྡུག་པ་དང་། ངོ་ཚ་མེད་པའི་འདུག་སྟངས་ནི་མི་སྡུག་པའོ། །རྔམ་པའི་སྒྲས་འགྲོ་བ་འདུལ་བ་ནི་དགོད་པའོ། །སྨིན་མ་གཉེར་བ་དང་མཆེ་བ་གཙིགས་པ་ལ་སོགས་པས་ཉོན་མོངས་པ་སྐྲག་པར་མཛད་པ་ནི་ཁྲོ་བའོ། །མི་སྡུག་པ་དང་མ་རུངས་པའི་ཐོད་པའི་ཕྲེང་བ་དང་སྟག་གི་པགས་པ་ལ་སོགས་པ་ནི་འཇིགས་སུ་རུང་བའོ། །དེ་ནི་ཤེས་རབ་ཀྱིས་དངོས་པར་རྟོག་པ་གཅོད་པའི་ཕྱིར་རོ། །འཇིགས་བྱེད་དང་དུས་མཚན་མནན་ཡང་མ་ཤི་པ་ནི་སྙིང་རྗེའོ། །འགལ་བའི་ཆོས་དང་ལྡན་པས་རྔམ་པ་སྟེ། འདོད་ཆགས་ཀྱིས་འཁྱུད་ལ་ཞེ་སྡང་གིས་མཚོན་བསྣམས་པ་སྟེ་འགལ་བའི་ཆོས་འཆང་བའོ། །སྐུ་དྲང་བ་དང་རང་བ་དང་། སྣུམ་པ་དང་། བརྟགས་ན་ཞི་བ་སྟེ། མདོར་ན་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ། །བྱམས་པའི་ཐུགས་དང་ཆོས་ཉིད་མི་འགྱུར་བས་སྐུ་མདོག་མཐོང་གའོ། །རྣམ་རྟོག་བཅོམ་པས་སྟག་གི་པགས་པའོ། །འཇིག་རྟེན་པའི་སེམས་རྣམས་བཅོམ་པས་ཐོད་རློན་གྱི་ཕྲེང་བའོ། །རྣ་ཆ་ནི་བཟོད་པའོ། །གདུ་བུ་ནི་ཚུལ་ཁྲིམས། མགུལ་རྒྱན་ནི་བརྩོན་འགྲུས། སྤྱི་གཙུག་གི་ནོར་བུ་ནི་སྦྱིན་པའོ། །མཆོད་ཕྱིར་ཐོགས་ནི་བསམ་གཏན་ནོ། །ཐལ་བའི་རྒྱ་ནི་ཤེས་རབ་བོ། །གཅེར་བུ་ཐབས་ཤེས་རབ་གཉིས་མེད་དེ་སྒྲིབ་པ་ལ་སོགས་པ་དང་ལྷན་ཅིག་མི་གནས་པའོ། །དེའི་སྤྱན་སྔར་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ཞེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་ལ་ཡེ་ཤེས་སྐྱེར་འཇུག་པར་སྐུ་མདོག་དམར་པོའོ། །ཆོས་ཐམས་ཅད་དོན་དམ་པའི་བདེན་པར་རོ་གཅིག་པས་ཞལ་གཅིག་པའོ། །ཤེས་རབ་ཀྱིས་ཐབས་དབང་དུ་བྱས་པས་ཕྱག་གཉིས་པའོ། །ཆོས་ཀྱི་དབྱིངས་ལ་ཡེ་ཤེས་སྐྱེར་འཇུག་པས་སྐྲ་གྲོལ་བའོ། །གསུང་རབ་བཅུ་གཉིས་ཀྱི་ཆོས་སྟོན་པས་དུམ་བུའི་སྐ་རགས་སོ། །སྙིང་རྗེ་དང་སྟོང་པ་མཚོན་པའི་ཕྱིར་ཁྲག་གིས་བཀང་བའི་ཐོད་པའོ། །སྤྲོས་པས་བསྡིགས་པས་སྡིགས་མཛུབ་དང་། སྤྲོས་པ་གཅོད་པས་གྲི་གུག་གོ། སྟོང་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་བསྲེགས་པས་བསྐལ་བའི་མེ་ལྟ་བུའི་གཟི་བརྗིད་དང་ལྡན་པའོ། །འཁོར་བ་བཅོམ་ཞིང་སྤངས་པས་ཁྲག་ལ་དགྱེས་ཤིང་འཛག་པའོ། །ཐབས་ཤེས་རབ་མཉམ་པའི་བསམ་གཏན་དང་ལྡན་པས་བྱིན་པ་གཉིས་འཁྱུད་པས་བདེ་བ་ཆེན་པོའོ། །དཔལ་ཧེ་རུ་ཀ་དང་ཕག་མོ་གཉིས་ཁ་སྦྱར་དུ་བཞུགས་པ་ནི་འདོད་ཆགས་དང་ཞེ་སྡང་ཕན་ཚུན་འཕྲོག་པའོ། །མཁའ་འགྲོ་ལ་སོགས་པ་བཞི་ཡང་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་དམིགས་པར་བྱའོ། །དེ་བཞིན་དུ་འཁོར་ལོ་གསུམ་དང་བཀའ་བསྒོ་རྣམས་ཀྱང་སྐུ་མདོག་ལ་སོགས་པ་སྒྲུབ་ཐབས་ལས་བཤད་པ་ལྟར་དམིགས་ཏེ་གོ་སླའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་གཟུགས་གཉིས་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས་གཟུགས་གཉིས་སོ། །འཆི་བ་བསྲེག་པ་དང་། འཆིར་མི་སྟེར་བ་དང་། འཆི་བ་ཟོས་པ་དང་། འཆི་བ་གཏན་བཅོམ་པ་སྟེ། འཆི་བ་ནི་འདིར་རྟོག་པའི་འཆི་བ་དང་། མྱ་ངན་ལས་འདས་པའི་འཆི་བའོ། །གཉིས་སུ་མེད་པའི་ཡེ་ཤེས་དང་། རིགས་དྲན་པའི་ཕྱིར་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷ་དང་སྦྱར་བ་ནི། དཔལ་ཧེ་རུ་ཀའི་ལྷ་རྣམས་ཆོས་ཀྱི་སྐུའི་རང་བཞིན་དུ་བསྟན་པ་དང་། དེར་ཞེན་པ་བཟློག་པ་དང་། སྒྱུ་མ་དང་སྟོང་པ་གཉིས་མེད་མཚོན་པ་དང་། ཅིག་ཅར་ལམ་དུ་བྱས་པས་ཐེག་པའི་ཁྱད་པར་རོ། །འདིར་རྣལ་འབྱོར་པས་ཕུང་པོ་ལྔ་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས་པ། དེའི་དོན་མ་བརྗེད་པ་ནི་དྲན་པ་ཉེ་བར་གཞག་པ་སྟེ། དེ་ཉིད་མཁའ་འགྲོ་མ་བཞིའོ། །ཤེས་རབ་དེ་བརྩོན་འགྲུས་ཀྱི་གྲོགས་དང་བཅས་པས་ནི་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་ལ། སྐྱེས་པ་བསྲུང་བ་དང་། མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང་། མ་སྐྱེས་པ་མི་བསྐྱེད་པ་སྟེ་དེ་ནི་མཚམས་མ་བཞིའོ། །ཤེས་རབ་དེ་ཏིང་ངེ་འཛིན་གྱིས་གྲོགས་བྱས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། རབ་གཏུམ་མོ་ལ་སོགས་པའོ། །སྙིང་རྗེ་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དེ་དབང་བོ་ལྔས་དབང་བྱས་པས་བརྟན་པའི་བློ་མ་ལ་སོགས་པ་ལྔའོ། །ལྔ་པོ་དེ་མཐར་ཐུག་པ་ལ་སྟོབས་ཞེས་བྱ་སྟེ། དེ་ནི་འཇིགས་བྱེད་ཆེན་མོ་ལ་སོགས་པ་དེ་མཐར་ཐུག་པའི་འབྲས་བུ་ཏིང་ངེ་འཛིན་རྩེ་གཅིག་པ་ཉིད་བྱང་ཆུབ་ཀྱི་རྒྱུའམ་མཚན་ཉིད་དེ། དེ་ནི་ཧ་ཡ་ཀརྞའོ། །དེ་ལེ་ལོའི་སྐབས་མི་འབྱེད་པ་དང་། དགེ་བ་ཡོངས་སུ་འཛིན་པ་དང་། དེ་ལ་སེམས་ལས་སུ་རུང་བ་དང་བདག་མེད་པའི་རང་བཞིན་ངེས་པར་འཛིན་པ་དང་། བརྗེད་པ་མེད་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་སྟེ། དེ་ནི་ཁ་ག་ན་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་དང་། བརྩམས་པ་མཐར་ཕྱིན་པར་བྱེད་པ་དང་། བརྫུན་དང་བྲལ་བ་དང་། དགེ་བ་བཅུ་དང་བྱང་ཆུབ་ཀྱི་སེམས་ལས་མི་འདའ་བར་རིམ་གྱིས་སྤྱོད་པ་དང་། གཞན་ལ་ཐོ་འཚམས་པ་མེད་པར་འཚོ་བ་དང་། བྱང་ཆུབ་སེམས་ལ་རྩོལ་བ་དང་། སངས་རྒྱས་ཀྱི་གསུང་རྗེས་སུ་དྲན་པ་དང་། དཔལ་ཧེ་རུ་ཀ་ཟུང་འཇུག་གི་སྐུ་ལ་དམིགས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཅན་གྱི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་ནང་ལུས་ཀྱི་དཀྱིལ་འཁོར་ལ་བསྒོམ་པ་བསྟན་པའི་ཕྱིར། སྐུ་ཡི་དཀྱིལ་འཁོར་མཆོག་གྱུར་པ། །ཞེས་བྱ་བ་ལ་སོགས་པ་ལ། སྐུ་ནི་དཔལ་ཧེ་རུ་ཀར་གྱུར་པའི་ལུས་ལ་གནས་པའི་མཁའ་འགྲོ་མ་རྣམས་སོ། །གནས་ཀྱི་རིམ་པ་ནི་ཉི་ཤུ་རྩ་བཞིའོ། །ས་བཅུ་ནི་གོ་བར་ཟད་དོ། །མགོ་བོ་ལ་སོགས་པའི་གནས་དེ་རྣམས་སུ་མཁའ་འགྲོ་མ་རྣམས་སྐད་ཅིག་གིས་བསྒོམ་པར་བྱའོ། ། སེམས་ལ་རྟེན་མེད་པས་ནམ་མཁའ་ལ་རྒྱུ་བའོ། །ཚོགས་པའི་དངོས་གྲུབ་ལ་བརྟེན་པས་ས་ལ་སྤྱོད་པའོ། །སྤྲུལ་པའི་འཁོར་ལོ་ལ་བརྟེན་པས་ས་འོག་ན་གནས་པའོ། །དེ་ནས་སོ་དང་སེན་མོ་ལ་ནི་ཁཎྜཀ་པཱ་ལའོ་ཞེས་བྱ་བ་ལ་སོགས་པས་ཁམས་ཉི་ཤུ་རྩ་བཞིའི་རྡུལ་རྣམས་དཔའ་བོ་ཉི་ཤུ་རྩ་བཞིར་དག་པར་སྐད་ཅིག་གིས་བསམ་པར་བྱའོ། །དཔའ་བོའི་རྩ་བའི་སྔགས་སོགས་གང་ནི་ཀ་ར་ཀ་ར་སྟེ་དེ་ལས་མཆོད་ཕྱིར་ཐོགས་བསམ་པའོ། །དཔའ་བོའི་གོ་ཆ་ནི་ཨོཾ་ཧ་ལ་སོགས་པ་སྟེ། དེ་ལས་ཕྱག་རྒྱ་དྲུག་བསྐྱེད་པར་བྱའོ། །རྡོ་རྗེ་ཕག་མོ་སྔགས་གང་ནི་སྔགས་རིགས་ཏེ། དེ་ལས་མགུལ་རྒྱན་བསྐྱེད་པར་བྱའོ། །དཔའ་བོའི་སྙིང་པོའི་སྔགས་ནི་ཡི་གེ་ཉི་ཤུ་རྩ་གཉིས་པ་སྟེ། དེ་ལས་ཐོད་པའི་ཕྲེང་བ་བསྐྱེད་པར་བྱའོ། །གསང་སྔགས་ཡི་གེ་བདུན་ནི་ཨོཾ་ཧྲཱིཿལ་སོགས་པ་སྟེ་དེས་རྣ་བའི་རྒྱན་བསྐྱེད་པར་བྱའོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་ནི། །ོཾ་སརྦྦ་བུངྔྷ་ལ་སོགས་པ་སྟེ་དེས་གླང་པོའི་པགས་པ་བསྐྱེད་པར་བྱའོ། །རྣལ་འབྱོར་མ་དྲུག་གི་སྔགས་ནི་ཨོཾ་བཾ་ལ་སོགས་པ་སྟེ་དེས་སྐ་རགས་བསྐྱེད་པར་བྱའོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ་ནི་སུམ་ཅུ་རྩ་བདུན་ནོ། །སྔགས་ནི་ཨོཾ་པྲ་ཙ་ཎྜེ་ལ་སོགས་པ་སྟེ། དེས་མཁའ་འགྲོ་མ་རྣམས་ཀྱི་ཕྱག་གི་ཐོད་པ་བསྐྱེད་པར་བྱའོ། །བཻ་རོ་ཙ་ནའི་སྔགས་ཨོཾ་བཛྲ་བཻ་རོ་ལ་སོགས་པ་སྟེ་དེས་ཐོད་པའི་ཕྲེང་བ་བསྐྱེད་པར་བྱའོ། །དེ་ལྟར་སྔགས་རྣམས་ལས་རྒྱན་བསམ་པ་ནི། རྣལ་འབྱོར་པ་དེའི་ཡིད་ལོག་པར་གཡོ་བ་ལས་སྐྱོབ་པ་དང་། སྔགས་དང་ལྷ་རྒྱུ་འབྲས་ཐ་མི་དད་པ་དང་ལྷའི་ང་རྒྱལ་བརྟན་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་མ་རྣམས་ཀྱི་སྔགས་ལ་ཕྱག་གི་ཐོད་པ་བསྐྱེད་པ་ནི་ལྷ་དེ་ཐམས་ཅད་བདག་མེད་པར་བསྟན་པ་དང་། ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བསྟན་པའི་ཕྱིར་རོ། །ད་ནི་བསྐྱེད་པའི་རིམ་པ་དེ་དག་གི་བསྡུ་བའི་མན་ངག་བསྟན་པའི་ཕྱིར། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར་ནི་སྟོང་པ་ཉིད་སྔོན་དུ་སོང་བའི་བྱང་ཆུབ་བ་ལྔ་ལས་རྟེན་དང་བརྟེན་པའི་ལྷ་དུས་གཅིག་ལ་གྲུབ་པའོ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་བདག་ནི་དཔལ་ཧེ་རུ་ཀའི་མཚན་ཉིད་ཚང་བར་དམིགས་པའོ། །སྐད་ཅིག་ཕྱག་རྒྱའི་རྣམ་པ་ཅན་ནི་ཡུམ་གསལ་བར་དམིགས་པའོ། །སྐད་ཅིག་གིས་ནི་སྐུ་འཆང་ཞིང་། །ཞེས་པ་ནི་ཡེ་ཤེས་སེམས་དཔའ་དང་། ཀུན་ནས་ཀུན་དུ་སྐད་ཅིག་ནི་ཏིང་ངེ་འཛིན་སེམས་དཔའོ། །སྐད་ཅིག་གིས་ནི་གསང་སྔགས་འདོན་པ་ནི་སྐུ་གསུང་ཐུགས་ལ་གནས་པའི་ཡི་གེ་གསུམ་སྐད་ཅིག་ལ་གྲུབ་པའོ། །མགོ་བོ་དང་། ལྐོག་མ་དང་། སྙིང་གར་ཨོཾ་དཀར་པོ་དང་། ཨཱཿདམར་པོ་དང་། ཧཱུཾ་སྔོན་པོའོ། །དེ་ནས་ཡི་གེ་བཞིའི་འོད་ཀྱིས་སྐུ་གསུང་ཐུགས་དང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་སོ་སོ་ལ་ཐིམ་པར་བསམས་ཏེ། སྔགས་ཀྱིས་དེའི་ང་རྒྱལ་བརྟན་པར་བྱའོ། །དེ་ནས་སྔར་བཞིན་ཕུང་པོ་ལ་སོགས་པ་ལྷར་བསམ་པར་བྱའོ། །དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་བྱང་ཆུབ་པ་ཞེས་བྱ་སྟེ། དེ་ལས་འདིར་ཆོས་ནི་ཕུང་པོ་ལ་སོགས་པའོ། །དབྱིངས་ནི་རྒྱུའི་དོན་ཏེ་རྟོགས་པའི་རྒྱུ་དང་། མི་རྟོགས་པའི་རྒྱུའོ། །རྣམ་པར་དག་པ་ནི་ཀུན་རྫོབ་ཀྱི་དག་པ་དང་། དོན་དམ་པའི་དག་པའོ། །ཡེ་ཤེས་ལས་ཞེས་བྱ་བ་ནི་ཡེ་ཤེས་ལྔའོ། །བྱང་ཆུབ་པ་ནི་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་བཞིན་དུ་སེམས་སྣང་བའོ། །དེ་ནི་དམ་ཚིག་སེམས་དཔའ་བསྐྱེད་པ་ཞེས་བྱ་སྟེ། འདིར་ས་མ་ཡ་ས་ཏྭ་ཡའི་རྐྱེན་མི་སྣང་བར་བྱས་ནས་ས་མ་ཞེས་བྱ་བའི་སྒྲ་ནི་མཉམ་པ་ལ་འཇུག་སྟེ། ཅིར་མཉམ་ཞེ་ན། བདག་དང་ཁམས་གསུམ་པ་རྣམས་ཀུན་རྫོབ་ཏུ་ལྷར་མཉམ་ལ། དོན་དམ་པར་སྐྱེ་མེད་དུ་མཉམ་པའོ། །ཡའི་རྐྱེན་བྱིན་ན་འདའ་བར་མི་བྱ་བ་སྟེ་མཉམ་ཉིད་ལས་སོ། །སཏྭ་སྟེ་བདེན་པ་གཉིས་མཉམ་པ་ཉིད་ཀྱི་སེམས་གང་ལ་ཡོད་པའི་རྣལ་འབྱོར་པ་དེ་དམ་ཚིག་སེམས་དཔའོ། །དེ་ཡང་ལེའུ་བཅུ་གཅིག་པ་ལས། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དབང་དེ་ཡི་དངོས་འགྱུར་ཏེ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །ཞེས་པ་དང་། མཁའ་འགྲོ་ལས་ཀྱང་། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་ཉིད་ཡིན་ཏེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་ཐ་མལ་པའི་རྟོག་པ་སྤོང་བ་དང་། ཚོགས་གཉིས་རྫོགས་པ་དང་། བར་ཆད་མེད་པ་དང་། བག་མེད་པའི་གནས་ལས་ལྡོག་པ་དང་། གོང་ནས་གོང་དུ་ཟབ་པའི་དོན་རྟོགས་པར་བྱ་བའི་ཕྱིར་རོ། །འོ་ན་བདེན་པ་གཉིས་ཀྱི་རྒྱུ་དེ་ཅིས་མཚོན་ཞེ་ན། དེ་བསྟན་པའི་ཕྱིར། དེ་ནས་གོ་ཆ་གཉིས་ཤེས་ནས། །ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཧ་ལ་སོགས་པ་དཔའ་བོའི་གོ་ཆ་དྲུག་དང་། ཨོཾ་བཾ་ལ་སོགས་པ་དཔའ་མོའི་གོ་ཆ་དྲུག་གོ་།དེ་ལ་ལྷ་དང་སྔགས་དབྱེར་མེད་པའི་ཕྱིར་རྣམ་པ་ཡི་གེ་ལ་རང་བཞིན་ལྷའི་ང་རྒྱལ་བྱའོ། །མི་འགྱུར་བའི་དོན་དང་། ཤེས་སྐྱོབ་ཀྱི་ངེས་ཚིག་དང་ལྡན་པའི་ཕྱིར་རོ། །གནས་གང་དུ་བསྒོམ་པ་ནི་གོ་སླའོ། །ཡང་ན་སྔགས་ལས་སྐྱེས་པའི་ལྷ་བསྒོམ་པ་སྟེ། ཕྱག་མཚན་ལ་སོགས་པ་ནི་མན་ངག་ལས་ཤེས་པར་བྱའོ། །ད་ནི་ཡེ་ཤེས་སེམས་དཔའ་དང་གཉིས་མེད་དུ་བསྲེ་བ་བསྟན་པའི་ཕྱིར། ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །ཞེས་པ་ལ་སྔགས་དང་ཞེས་པས་མདོར་བསྟན་ནས་རྒྱས་པར་བསྟན་པ་ནི། མཛུབ་མོ་མདུད་བྱས་ལ་སོགས་པ་ནི། ལུས་ཀྱི་ཕྱག་རྒྱ་དང་། ངག་གི་ཕྱག་རྒྱ་དང་། སེམས་ཀྱི་ཕྱག་རྒྱ་དང་ལྡན་པས་སྔོན་གྱི་སྤྱོད་པས་གྲུབ་པའི་དཔའ་བོ་ཉི་ཤུ་རྩ་ལྔ། དཔའ་མོ་སུམ་ཅུ་རྩ་བདུན་མདུན་དུ་སྤྱན་དྲངས་པ་ནི་འགུགས་པའོ། །གང་ནས་ཤེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་སོ། །ཐབས་ནི་ཕྱག་རྒྱ་གསུམ་གྱིས་སོ། །དེ་རྣམས་མངོན་དུ་བལྟས་ལ་མཆོད་དེ། སྙིང་པོའི་ཕྱག་རྒྱ་བསྟན་ལ། ཛཿཧཱུཾབཾ་ཧོཿཞེས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ཏེ། གཉིས་སུ་མེད་པར་བསྲེས་ལ་དེའི་ང་རྒྱལ་བསྐྱེད་པར་བྱ་སྟེ། ཨོཾ་ཡོ་ག་ཞིས་བྱ་བ་ལ་སོགས་པ་ལ། ཨོཾ་ཡོ་ག་ཤུངྔྷཿསྟེ་དག་པའི་བདག་ཉིད་ཅན་ཏེ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་དག་པ་དང་། དོན་དམ་པར་སྐྱེ་མེད་དུ་དག་པའི། །གང་དག་ཅེ་ན། སརྦྦ་ངྷརྨཱཿསྟེ་ཆོས་ཐམས་ཅད་དེ་ཕུང་པོ་ལ་སོགས་པའོ། །ཅིར་དག་ཅེ་ན་སྙིང་རྗེ་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་དག་གོ་། དེ་ཡང་མཁའ་འགྲོ་ལས། བྱང་ཆུབ་སེམས་ཆེན་རྣལ་འབྱོར་གང་། །རྣལ་འབྱོར་དབང་ཕྱུག་རང་ཉིད་གཙོ། །བྱང་ཆུབ་སེམས་འདི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་རང་བཞིན་ནོ། །ཞེས་གསུངས་སོ། །ཡེ་ཤེས་སྒྲོན་མའི་རྒྱུད་ལས་ཀྱང་། རྒྱལ་བའི་ཡེ་ཤེས་འཁོར་ལོ་ནི། །དམ་ཚིག་འཁོར་ལོ་ལ་མྱུར་གཞུག། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །ཐོབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་པ་དང་། ཡང་མཁའ་འགྲོ་ལས། འདི་ཡིས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་ཉིད་དང་ནི། །རྡོ་རྗེ་འཛིན་པའང་ཐམས་ཅད་དུ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་སོ། །དེ་ལྟར་ན་ཐ་དད་ཀྱི་རྟོག་པ་འགག་པ་དང་། ང་རྒྱལ་བརྟན་པ་དང་། བྱིན་གྱིས་རློབ་པའོ། །འགྲུབ་པའི་ཡན་ལག་དབང་བསྐུར་བ་བསྟན་པའི་ཕྱིར། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །ཞེས་པ་ལ་སོགས་པ་ལ་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་ལྷ་སུམ་ཅུ་རྩ་བདུན་སྤྱན་དྲངས་ལ་མཆོད་དེ། དབང་ལྷ་ལ་གསོལ་བ་བཏབ་པ་དང་། བཀའ་བསྒོ་བརྒྱད་ཀྱིས་བགེགས་སྒྲོད་པ་དང་། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་དང་། དཔའ་མོ་རྣམས་ཀྱིས་གླུ་དང་། ཡུམ་བཞི་དང་། ཕག་མོ་དང་ལྔས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་པས་བུམ་པའི་དབང་དང་། ཡུམ་བཞི་རྡོ་རྗེ་ཕག་མོ་ལ་ཐིམ་ནས་སྙོམས་པར་ཞུགས་པའི་གསང་བ་ལྕེ་ལ་ཐིམ་པ་གསང་བའི་དབང་དང་། རྡོ་རྗེ་ཕག་མོ་ཕྱག་རྒྱར་གནས་ཏེ་སྙོམས་པར་ཞུགས་པས་བདེ་བ་མྱང་བ་ཤེས་རབ་ཡེ་ཤེས་དང་། དཔའ་ཧེ་རུ་ཀ་བཞི་པ་བསྟན་པ་བཞིའོ། །དེ་ནས་དབང་བསྐུར་བའི་ལྷ་རྣམས་བདག་ལ་ཐིམ་པར་བསམ་མོ། །དེ་ཡང་ངེས་བརྗོད་ལས། བདེ་ཆེན་ཡེ་ཤེས་དགྱེས་ནས་ནི། །དམ་ཚིག་དམ་ཚིག་ཅན་ལ་གཞུག། །ཡེ་ཤེས་རོ་གཅིག་བསྒོམས་ནས་ནི། །རོ་གཅིག་འཁོར་ལོ་དེ་བཞིན་བསྒོམ། །རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། །ཞེས་གསུངས་པས་སོ། །དེ་ནས་རྒྱས་གདབ་པ་ནི། འབྲས་བུ་ལ་རྒྱུས་རྒྱས་གདབ་པའི་ཕྱིར་མི་བསྐྱོད་པ་དང་། ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུས་རྒྱས་གདབ་པའི་ཕྱིར་རྣམ་པར་སྣང་མཛད་དང་། རིགས་ངེས་པ་ཅན་དུ་བྱས་པའི་ཕྱིར་ཡུམ་བཞི་ལ་རིན་ཆེན་འབྱུང་ལྡན་དང་། འཁོར་ལོ་གསུམ་ལ་མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། རྣམ་པར་སྣང་མཛད་དང་། བཀའ་བསྒོ་ལ་དོན་ཡོད་གྲུབ་པ་བསམ་པར་བྱའོ། །དེ་ལྟར་ན་བགེགས་དང་སྒྲིབ་པ་དང་ཐེག་པ་དམན་པ་སེལ་བ་དང་། བཟླས་སྒོམ་གྱི་སྣོད་དུ་རུང་བ་དང་། ལས་རྣམས་ཀྱིས་བྱ་བ་ལ་མཐུ་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཉམས་པ་བསྐོང་བ་དང་། དམ་ཚིག་དང་སྡོམ་པ་ཉམས་པ་བསྐོང་བ་དང་། མ་འོངས་པ་ན་སངས་རྒྱས་ཀྱིས་དབང་བསྐུར་བའོ། །དབང་དང་རྗེས་སུ་མཐུན་པའི་དམ་ཚིག་བསྟན་པའི་ཕྱིར། མཆོད་པ་ལ་སོགས་པ་བྱ་སྟེ། བུམ་པའི་དབང་དང་འབྲེལ་བ་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ནའི་མཆོད་པའོ། །གསང་བ་དང་འབྲེལ་པ་བདུད་རྩི་མྱང་བ་དང་། ཤེས་རབ་ཡེ་ཤེས་དང་འབྲེལ་བ་དགའ་བ་བརྩམ་པ་སྟེ། དེ་ཡང་ལེའུ་བརྒྱད་པ་ལས། ཡི་གེ་དྱཱ་ནི་སཱ་རྩེར་ཡང་དག་སྦྱོར། །བྱཱ་ནི་མཚན་ལ་དགོད་པ་སྟེ། །ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་དང་བཅས་པས་བྱིན་གྱིས་བརླབ། །ལྟེ་བ་སྙིང་ག་དག་ཏུ་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོའི་སྔགས་ཀྱིས་ནི། ། བ་ངྷཱུ་ཏཱི་གཉིས་ནི་དཔའ་བྱིན་བརླབ། །རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཡིན། །དང་པོར་དགའ་བ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། །དེ་བདེ་ཐབས་ནི་ཀུན་རིག་པའོ། །ཞེས་བྱ་བ་གསུངས་སོ། །དྱཱ་དང་བྱཱས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ། དཔྲལ་བ་དང་ཁ་ལ་དཔའ་བོའི་སྙིང་པོ་དང་ཉེ་བའི་སྙིང་པོ་དགོད་པའོ། །སྙིང་ག་དང་ལྟེ་བ་ལ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དགོད། དེ་ནས་སྙོམས་པར་ཞུགས་པ་ལས་དགའ་བ་ལ་སོགས་པ་མྱོང་བར་བསམ་མོ། །དེ་ལ་འདིར་མན་ངག་ནི་འདི་ཡིན་ཏེ། དང་པོར་རྣལ་འབྱོར་པས་དུར་ཁྲོད་བརྒྱད་ཀྱི་དབེན་པ་ལ་བརྟེན་ནས་འཁོར་བའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་རྟོགས་པར་བྱ་སྟེ། དེ་ཡང་མཁའ་འགྲོ་ལས། གང་ཚེ་འདུས་བྱས་ཚུལ་རྣམས་ནི། །གློག་དང་ཆུ་བུར་ལྟར་སྨིན་པ། །གང་གིས་ཇི་ལྟར་མཐོང་གྱུར་པ། །དེ་ཚོ་ཤེས་རབ་བསྟེན་པ་མིན། །ཞེས་གསུངས་པས། རྣལ་འབྱོར་པ་གང་གིས་འདུས་བྱས་ཏེ། བདག་དང་ཁམས་གསུམ་གློག་ལྟར་མི་རྟག་པ་དང་། ཆུ་བུར་ལྟར་སྡུག་བསྔལ་དུ་མཐོང་བར་བྱས་པ་སྟེ། དེ་ཤེས་རབ་ཀྱི་མིག་གིས་བལྟ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་མི་རྟག་པ་དང་སྡུག་བསྔལ་དུ་མཐོང་བས་ཁམས་གསུམ་པའི་འགྲོ་བ་རྣམས་ལས་དང་ཉོན་མོངས་པའི་ཞགས་པ་དམ་པོས་ནི་བཅིངས། འཁྲུལ་འཁོར་བསྐོར་བའི་རྣམ་ཤེས་ཀྱིས་ནི་བསྐོར། ཟོ་ཆུན་ལྟར་ནི་འཁོར། འཁོར་བའི་ཁྲོན་པ་གཏིང་རིམ་པོར་ནི་ལྷུང་། ངོ་བོ་ཉིད་ཀྱིས་འོག་ཏུ་འགྲོ་བ་ལ་ནི་ཕྱོགས། ཅི་ཞིག་ལྟར་སྟེང་དུ་བྱུང་ཡང་ཤེས་རབ་ཀྱི་མིག་དང་ནི་བྲལ། ཐབས་ཀྱི་རྐང་བ་ནི་མེད། བརྟེན་པའི་འཁར་བ་བླ་མ་ནི་བྲལ་བའི་དབང་གིས་ཡང་འོག་ཏུ་འགྲོ་བ་རྣམས་ལ་བལྟས་ཏེ། བྱམས་པ་དང་སྙིང་རྗེས་འཕངས་པའི་བྱང་ཆུབ་ཀྱི་སེམས་ལོགས་སུ་བསྒོམ་པར་བྱའོ། །དེ་ལྟར་གཞན་དོན་དུ་དཔལ་ཧེ་རུ་ཀ་འདོད་པའི་བློ་དང་ལྡན་པའི་རྣལ་འབྱོར་པས་དང་པོ་ཚངས་པའི་གནས་བཞི་བསྒོམ་སྟེ། དེ་ཡང་ཤེས་རབ་ཀྱི་མིག་གིས་མཐོང་བ་དེ་རྣམས་ལ་དམིགས་ཏེ། བདེ་བར་འདོད་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། དེ་རྣམས་དཔལ་ཧེ་རུ་ཀའི་གོ་འཕང་ལ་དགོད་པར་འདོད་པའི་དགའ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ལ་དགོད་པར་འདོད་པའི་བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་བདག་གིས་ཕུང་བོ་ལ་སོགས་པའི་རྡུལ་ཕྲ་རབ་ལ་དམིགས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔ་ཧེ་རུ་ཀ་དང་དྲུག་།ཁམས་ལྔ་ལ་ལྷ་མོ་ལྔ་དང་། སྐྱེ་མཆེད་རྣམས་བྱང་ཆུབ་སེམས་དཔར་སྐད་ཅིག་གིས་བསྒོམ་པར་བྱའོ། །དེ་ནས་བདག་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བར་བསམས་ལ། དེའི་འོད་ཀྱིས་བགེགས་རྣམས་ཐམས་ཅད་བསྐྲད་པར་བྱ་སྟེ། བདག་དང་ཁམས་གསུམ་པའི་དངོས་པོ་ཐམས་ཅད་སྒྱུ་མ་ལ་སོགས་པ་ལྟར་སྣང་བ་ཙམ་དུ་རྟོགས་པར་བྱས་ནས། ཚུར་འདུས་བདག་ཉིད་ཁམས་གསུམ་རྣམ་རྒྱལ་ཞལ་གསུམ་ཕྱག་དྲུག་པ་བསམ་པར་བྱའོ། །དེ་ནས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཤར་དུའོ། ཨོཾ་གྲྀཧྞ་ལ་སོགས་པ་བྱང་དུའོ། །ོཾ་གྲྀཧྞཱ་པ་ཡ་ལ་སོགས་པ་ནུབ་ཏུའོ། །ོཾ་ཨཱ་ན་ཡ་ལ་སོགས་པ་ལྷོར་རོ། །ས་གཞི་ལ་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའོ། །དེའི་འོད་ཀྱིས་རྡོ་རྗེའི་ར་བ་དང་། དྲ་བ་དང་། བླ་རཻ་དང་། མདའི་དྲ་བ་དང་། མེའི་ར་བའོ། །རྡོ་རྗེའི་རབ་གྲུ་བཞི་པ་བསམས་པའི་ཤར་ལ་སོགས་པའི་ཕྱོགས་སུ་བཀའ་བསྒོ་བརྒྱད་སྟེང་ཁཱ་གདོང་འོག་ཁྱི་གདོང་སྟེ་བཅུའོ། །བསྐལ་པའི་མེ་འབར་བའི་ཀློང་ན་བཞུགས་པ་བུད་མེད་ཀྱི་གཟུགས་ཀྱིས་སྒེག་པ་བསྒོམ་པར་བྱའོ། དེ་ནས་ཡང་ཨོཾ་སུམྦྷ་ལ་སོགས་པའི་སྔགས་བརྗོད་པ་དང་། འདོད་པའི་རྒྱལ་པོ་ལྕགས་ཀྱུ་ཞགས་པ་ཐོགས་པ་སྤྲོས་པས་ཕྱོགས་སྦྱོང་བཅུ་བཀུག་ལ་བཀའ་བསྒོ་རྣམས་ཀྱི་མདུན་དུ་གནས་པར་བསམ་མོ། །དེ་ནས་ཨོཾ་གྷ་གྷ་ལ་སོགས་པ་བརྗོད་ཅིང་ཁྲོ་མོ་རྣམས་ཀྱིས་ཕུར་པ་བཏབ་ལ། ཨོཾ་བཛྲ་མུངྒ་ར་ལ་སོགས་པས་ཐོ་བས་ཕུར་བུ་བརྡུང་བར་བྱའོ། །དེ་ནས་བདག་ཉིད་སླར་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བསྒྱུར་ལ། དེའི་སྙིང་གར་ཨ་ལས་ཟླ་བ་དེའི་སྟེང་དུ་ཧཱུཾ་འོད་ཀྱི་ཕྲེང་བ་འཕྲོ་བ་བསམས་ལ། དེའི་འོད་ཀྱི་སྣང་བས་དཔལ་ཧེ་རུ་ཀ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་བླ་མ་བསམས་ལ། ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས་ཏེ་བླ་མའི་དྲིན་དྲན་པའི་ཚུལ་གྱིས་བཞུ་ལ་འོད་ཀྱི་གོང་བུར་བསམ་མོ། །དེ་བཞིན་དུ་ལྷ་ཡང་འོད་ཀྱི་གོང་བུར་བསམས་ལ། དེ་གཉིས་འདྲེས་པས་ལྷ་སུམ་ཅུ་རྩ་བདུན་གསལ་བར་བསམས་ཏེ། འདོད་པ་དང་། དང་བ་དང་། ཡིད་ཆེས་པའི་དད་པས། དང་པོར་ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱ་དབནྡ་ནཱཾ་ཀ་རོ་མི་ཞེས་པས་ཕྱག་བྱའོ། །དེ་ནས་སྙིང་གའི་ཧཱུཾ་ལས་མེ་ཏོག་མ་དཀར་མོ་དང་། བདུག་པ་མ་དུ་བའི་མདོག་ཅན་དང་། མར་མེ་མ་དམར་སེར་དང་། བྱུག་པ་མ་ལྗང་གུ་དང་། ཞལ་ཟས་མ་སྣ་ཚོགས་པའི་མདོག་ཅན་ཏེ། ཕྱག་བཞིའི་དང་པོ་རྣམས་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ། གཉིས་པ་རྣམས་ན་རིན་པོ་ཆེའི་སྣོད་རང་རང་གི་མཆོད་པའི་སྤྲིན་གྱིས་བཀང་བ་དང་། གཟུགས་རྡོ་རྗེ་མ་དཀར་མོ་དང་། སྒྲ་རྡོ་རྗེ་མ་སྔོན་མོ་དང་། དྲི་རྡོ་རྗེ་མ་དཀར་མོ་དང་། རོ་རྡོ་རྗེ་མ་དམར་མོ་དང་། རེག་རྡོ་རྗེ་མ་ལྗང་གུ་སྟེ། ཕྱག་བཞི་མ་ཕྱག་དང་པོ་ན་བསྣམས་པ་ནི་ཁ་ཊྭཱཾ་ག་དང་ཐོད་པ་དང་། གཞན་རྣམས་རང་རང་གི་མཚན་མ་ཐོགས་པ། གཟུགས་དང་ལང་ཚོ་དང་། རྒྱན་ཕུན་སུམ་ཚོགས་པ་བུད་མེད་ཀྱི་ཉམས་དང་ལྡན་པས་མཆོད་པར་བྱའོ། །ོཾ་བཛྲ་པུཥཱ+ེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱིཔེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾབཛྲ་དཱི་པེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྔྷེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནི་བི་དྱེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་སརྦ་བི་ཤིཥྚ་པྲ་ས་ར་པཱུ་ཛ་མེ་གྷ་ས་མུ་དྲ་ཨཱཿཧཱུཾ་སྭཱ་ཧཱ། དེ་ལས་འདོད་ཡོན་ལྔ་དང་། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། འཁོར་ལོས་སྒྱུར་བའི་རིན་པོ་ཆེ་དང་། རྡོ་རྗེའི་གླུ་དང་། སྒྲ་ལ་སོགས་པས་མཆོད་པའི་སྔགས་སོ། ། ཡང་སྙིང་གའི་ཧཱུཾ་ལས་ལྷ་མོ་བཅུ་གཉིས་སྤྲོས་ཏེ་བདུད་རྩི་ལྔས་མཆོད་པར་བྱའོ། །དེ་རྣམས་ལས་ཡུམ་བཞི་རྡོ་རྗེ་ཕག་མོ་ལ་སྤྲོས་ལ་ཐིམ་པས་བདེ་བའི་མཆོད་པ་བྱའོ། །དེ་ནས་སྔ་མ་ལྟར་དད་པས་སྤྱན་དྲངས་ཏེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་ནས་གང་དག་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བ་རྣམས་ལ་དམིགས་ཏེ་སྙིང་རྗེ་ཆེན་པོས་དེ་དག་མྱ་ངན་ལས་འདའ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་བརྟན་པོར་བསྐྱེད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ནས་བཟོད་པར་གསོལ་ལ་གཤེགས་སུ་གསོལ་ལོ། །དེ་ནས་ཨོཾ་སྭ་བྷཱ་བཤུངྔྷཿསརྦྦ་ངྷརྨཱཿསྭ་བྷཱ་བ་ཤུངྔྷོུ྅ཧཾ། ཞེས་ལན་གསུམ་དུ་བརྗོད་དེ། རང་གི་སེམས་བརྫུན་པའི་བག་ཆགས་ཀྱིས་བསྒོས་པ་ཁམས་གསུམ་པོ་འདི་དག་རྨི་ལམ་ལ་སོགས་པ་སྣང་བ་ཙམ་དུ་ཤེས་པར་བྱའོ། །དེ་ལྟར་སྣང་བ་ཙམ་པོ་དེ་ཡང་སྙིང་གའི་འོད་ཀྱིས་བསྡུས་ལ་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། ཤེས་ལན་གསུམ་བརྗོད་དོ། །དེ་ལྟར་ཨེའི་ཆ་བྱད་བཟང་པོ་ལ། དབུས་སུ་བཾ་ཐབས་ཀྱིས་བརྒྱན་པའི་ཕྱིར་ཡིག་འབྲུ་ཙམ་ལས་འབྱུང་བ་བཞིའི་དཀྱིལ་འཁོར་དང་། རི་རབ་མཚན་པའི་ཡི་གེ་དང་བཅས་པ་བསམ་པར་བྱའོ། །དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དང་། རཾ་ལས་ཉི་མ་དང་། སྣ་ཚོགས་རྡོ་རྗེ་དང་། དེའི་སྟེང་དུ་ཉི་མའོ། དེའི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཉི་མའི་དཀྱིལ་འཁོར་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། དེ་གཉིས་ཀྱི་བར་དུ་ཧཱུཾ་འོད་ཀྱི་ཕྲེང་བ་འཕྲོ་བ་དེ་ལས་རྡོ་རྗེ་རྩེ་ལྔ་བ་དེའི་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་དང་བཅས་པ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་ལས་འོད་ཟེར་སྤྲོས་པས་ཁམས་གསུམ་པ་རྣམས་ཀྱི་སྒྲིབ་པ་སྦྱངས་ཏེ། ལྷ་སུམ་ཅུ་རྩ་བདུན་དུ་བྱས་ལ། སླར་རྡོ་རྗེ་ལ་ཐིམ་པས་བྱ་བ་སྒྲུབ་པའི་ཡེ་ཤེས་དང་། ཐམས་ཅད་ཡོངས་སུ་གྱུར་པ་ཆོས་ཀྱི་དབྱིངས་དག་པ་ལས་བྱང་ཆུབ་པ་སྟེ། དཔལ་ཧེ་རུ་ཀ་རྟེན་དང་བརྟེན་པར་བཅས་པ་རྣམས་སྐུ་མདོག་དང་། རྒྱན་དང་། བཞུགས་ཚུལ་དང་། ཕྱག་མཚན་རྣམས་ལེགས་པར་བསམ་པར་བྱའོ། །དེ་ནས་དེ་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་བསྒོམས་ཏེ། གསང་བའི་པདྨར་ཕག་མོ། སྤྱི་གཙུག་ལ་ཧེ་རུ་ཀའོ། །སྙིང་གར་མཁའ་འགྲོ་མ། མགྲིན་པར་ལཱམ། ལྟེ་བར་ཁཎྜརོཧ། དཔྲལ་བར་གཟུགས་ཅན་མ། མགོ་པོ་ལ་སོགས་པ་གནས་ཉི་ཤུ་རྩ་བཞིར་རབ་ཏུ་གཏུམ་མོ་ལ་སོགས་པ་བསྒོམ་པར་བྱའོ་། ཁ་ལ་ཁྭ་གདོང་མ། སཱ་གཡས་པར་འུག་པའི་གདོང་ཅན་མ། བཤང་ལམ་དུ་ཁྱི་གདོང་མ། སྣ་གཡོན་པར་ཕག་གདོང་མ། རྣ་བ་གཡོན་པར་གཤིན་རྗེ་བརྟན་མ། གཡས་པར་ཕོ་ཏ་མ། མིག་གཡས་པར་མཆེ་བ་མ། གཡོན་པར་འཇོམས་མ་བསམ་པར་བྱའོ། །དེ་ནས་ཨོཾ་ཀར་ཀར་ལ་སོགས་པ་ལས་མཆོད་ཕྱིར་ཐོགས་བསམ་པར་བྱའོ། །དེ་ནས་ཁམས་ཉི་ཤུ་རྩ་བཞིའི་ཕྲ་རབ་རྣམས་དཔའ་བོ་ཉི་ཤུ་རྩ་བཞིར་བསམ་པར་བྱའོ། །དེ་ནས་ཨོཾ་ཧ་ལ་སོགས་པ་ལས་ཕྱག་རྒྱ་དྲུག་བསྐྱེད་པར་བྱའོ། །རྡོ་རྗེ་ཕག་མོའི་སྔགས་རིང་ལས་མགུལ་རྒྱན་བསྐྱེད་པར་བྱའོ། །ོཾ་ཤྲཱི་བཛྲ་ཧེ་ལ་སོགས་པས་ཐོད་པའི་ཕྲེང་བ་བསྐྱེད་པར་བྱའོ། །ཡི་གེ་བདུན་པས་རྣ་རྒྱན་དང་། ཡུམ་གྱི་སྙིང་པོས་གླང་པོའི་པགས་པ་དང་། དཔའ་མོའི་གོ་ཆའི་སྔགས་ཀྱིས་སྐ་རགས་དང་། མཁའ་འགྲོ་མ་རྣམས་སོ་སོའི་སྔགས་ཀྱིས་སོ་སོའི་ཕྱག་གི་ཐོད་པ་དང་། ཡུམ་གྱི་ཉེ་བའི་སྙིང་པོས་ཐོད་པའི་དབུ་རྒྱན་དང་། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། གོ་ཆའི་སྔགས་ཀྱི་གོ་ཆ་དང་། སྙིང་གའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་དེ་བསྲེ་བ་དང་། ཨོཾ་ཡོ་ག་ཤུངྔྷཿས་གཉིས་སུ་མེད་པའི་ང་རྒྱལ་བྱའོ། །དེ་ནས་ཡང་སུམ་ཅུ་རྩ་བདུན་སྤྱན་དྲངས་ལ་མཆོད་དེ། དེ་ནས་ལྷ་དེ་དག་གིས་ཀྱང་བཀའ་བསྒོ་རྣམས་ཀྱིས་བགེགས་བསྐྲད། དཔའ་མོ་རྣམས་ཀྱིས་གླུ་ལེན། དབང་བསྐུར་རོལ་མོའི་བདེ་ཆེན་པོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ། །དགྱེས་ཆེན་སྩོལ་བའི་བདེ་ཆེན་པོ། །གསོལ་མཛད་བདེ་བ་ཆེན་པོ་སྟེ། ། ལ་ལ་ཧོ། །མཆོག་ཏུ་གྱུར་པ་བདེ་ཆེན་པོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ། ཨ་ལ་ལ་ཧོ། །ཞེས་པའི་གླུ་དང་། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་དང་། ཡུམ་བཞི་ཕག་མོ་དང་ལྔས་ནམ་མཁའ་ནས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བླངས་ནས། ། ལག་པས་དབང་བསྐུར་པར་བསམ་མོ། །དེ་ནས་ཡུམ་བཞི་ཕག་མོ་ལ་ཐིམ་སྟེ། དཔལ་ཧེ་རུ་ཀ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གསང་བའི་དབང་བསྐུར་བར་བྱའོ། །དེ་ནས་ཧེ་རུ་ཀས་ཕག་མོ་མུ་དྲར་གནང་སྟེ་སྙོམས་པར་ཞུགས་པས་རླུང་ཐིམ། དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པ་མྱོང་བར་བསམ་མོ། །དེ་ནས་དཔལ་ཧེ་རུ་ཀས་རིགས་ཀྱི་བུ་ཁྱེད་ཀྱིས་མུ་དྲ་དང་གཉིས་སྤྲོད་པ་ལ་བརྟེན་ནས་མྱོང་བ་སྣང་བ་ཐོབ་པའི་ཤེས་རབ་དེ་འོད་གསལ་བར་སྒོམས་ཤིག་།དེ་ནི་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལུས་དང་ངག་དང་སེམས་མེད་པ་ལས་དང་། སྐྱེ་བ་ལས་གྲོལ་བ། ཟླ་བ་དང་། ཉི་མ་དང་། མེ་དང་། ནོར་རུ་ལྟར་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པ་དེ་ནི་མཐོང་བ་གཞན་གྱི་ཡུལ་ལས་འདས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤིག་།དེ་ལྟར་གང་གི་ཡང་རང་བཞིན་དུ་མ་མཐོང་བ་དེ་འོད་གསལ་བ་མཐོང་བ་ཡིན་ནོ། །དེ་ལྟར་འོད་གསལ་བ་དེའི་དོན་རྒྱུ་འབྲས་གང་ཡང་མེད་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རླུང་དང་སེམས་ཙམ་ལས་ལྷ་སུམ་ཅུ་རྩ་བདུན་མེ་ལོང་གི་གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་དང་བཅས་པ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་ལྟོས་ཤིག་། དེ་ནི་རྒྱུ་རྐྱེན་ལ་ལྟོས་ནས་སྐྱེས་པས་ཀུན་རྫོབ་བོ། །དེ་ལྟར་བདེན་པ་གཉིས་མི་བྱེད་པ་ཟུང་དུ་འཇུག་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་བཞི་བའོ། །དེ་ནས་དབང་བསྐུར་བའི་ལྷ་རྣམས་བདག་ལ་ཞུགས་པར་བསམས་ལ་སོ་སོར་རྒྱས་གདབ་སྟེ། སྔ་མ་ལྟར་མཆོད་བྱ་མཆོད་བྱེད་མཆོད་པ་རྣམས་སྐྱེ་མེད་དུ་ཤེས་པར་བྱས་ལ་མཆོད་པར་བྱའོ། །དེ་ནས་བདུད་རྩི་མྱང་སྟེ། ཡཾ་རཾ་ལས་མེ་རླུང་ཨ་ལས་ཐོད་པ་དེའི་ནང་དུ། གོ་ཀུད་ཧ་ན་རྣམས་ལས་ཤ་ལྔ་དང་། བི་མུ་ཤུ་མར་རྣམས་ལས་བདུད་རྩི་ལྔའོ། །དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ཨོཾ་ཏྲཱཾ་ཧྲཱི་ཨ་སྟེ་རིགས་ལྔའོ། ། ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས་ཁ་དགབ་པར་བྱའོ། །དེའི་སྟེང་དུ་ཨོཾ་ཨཱཿ་ཧཱུཾ་གསུམ་སྟེ་རིགས་གསུམ་མོ། །དེའི་སྟེང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་དགུ་པ་ཧཱུཾ་འོད་ཀྱི་ཕྲེང་བ་ཅན་གྱིས་མཚན་པ་ནི་གསང་བ་ཆེན་པོ་དྲུག་པའོ། །དེ་ནས་ཡི་གེ་བཞི་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་སོ་སོ་ལ་ཐིམ་པར་བསམ་མོ། །དེ་ནས་རླུང་མེས་བསྐོལ་རྡོ་རྗེས་དཀྲུགས་པས་ཤ་ལ་སོགས་པ་དང་ཟླ་བ་དང་ཡི་གེ་དང་རྡོ་རྗེ་རྣམས་བཞུ་སྟེ་ཧཱུཾ་གིས་སྦྱངས། ཨཱཿས་དག་པར་བྱས། ཨོཾ་གྱིས་སྤེལ་ཏེ་བཏུང་བར་བྱའོ། །ོཾ་ཨ་མྲྀ་ཏ་སྭ་ད་ན་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་སྔ་མ་ལྟར་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་དང་། འཁོར་ལོ་བཞི་དང་གཉིས་ལ་ཡི་གེ་ལི་འཁོར་ལོ་བཀོད་དེ་དགའ་བ་བཞི་མྱོང་བར་བསམས་ལ་ང་རྒྱལ་བསྐྱེད་པར་བྱ་སྟེ། ཨོཾ་བཛྲ་ཀཱ་མི་ནི་སརྦྦ་བཛྲ་བྷཀྵ་ཤོ་ངྷ་ཡ་གུ་ཧྱཾབཛྲིཎཻ་ཧཱུཾ། ཞེས་བརྗོད་དོ། །དེ་ནས་སྒྱུ་མ་ལྟ་བུའི་ལྷ་སུམ་ཅུ་རྩ་བདུན་ལ་དམིགས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་དཔྱད་ཅིང་བསྒོམ་པར་བྱའོ། །དེ་ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཤེས་རབ་ཐབས་ནི་མ་རྟོགས་པར། །གང་ཚེ་སེམས་གཞན་མི་གཡོ་ན། །དེ་ཚེ་བྱང་ཆུབ་ཆེན་པོ་ནི། །ངེས་པར་སྟེར་བ་ཉིད་དུ་བཤད། །ཅེས་གསུངས་པས། །ཤེས་རབ་ཀྱི་མིག་གིས་ཇི་ལྟར་མཐོང་བ་དེ་ཐབས་དྲན་པ་ལ་སོགས་པས་དབང་དུ་བྱས་ལ་བསྒོམ་པར་བྱའོ། །གང་གི་ཚེ་དབང་པོ་ལྔས་དབང་བྱས་པས་སེམས་གཞན་ཏེ། འཇིག་རྟེན་པའི་སེམས་རྣམས་སུ་མི་གཡོ་ན་དེའི་ཚེ། རྒྱུ་འབྲས་ཕྱིན་ཅི་མ་ལོག་པས། །བྱང་ཆུབ་ཆེན་པོ་ངེས་པར་འཐོབ། །ཅེས་བྱའོ། །བརྩོན་འགྲུས་དང་ཏིང་ངེ་འཛིན་བསྟན་པ་ནི། རྣམ་པར་མི་རྟོག་རྗེས་འཇུག་ལ། །རྣལ་འབྱོར་པ་ནི་མངོན་བརྩོན་ལ། །དེ་ནི་ཐམས་ཅད་འབྱུང་བ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །ཞེས་བྱ་སྟེ་མི་རྟོག་པ་ནི་ཏིང་ངེ་འཛིན་ནོ། །རྗེས་སུ་འཇུག་པ་ནི་དྲན་པ་དང་དད་པའོ། །མངོན་བརྩོན་ནི་བརྩོན་འགྲུས་ཏེ། ངེས་པའི་བྱ་བ་ལས་བརྩོན་པའོ། །དེ་ལྟར་ཤེས་རབ་ཀྱི་མིག་གིས་མཐོང་བའི་ཡུལ་དེ་དྲན་པ་ལ་སོགས་པས་དབང་དུ་བྱས་ནས་བསྒོམས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་མོ། །ཤེས་རབ་ཀྱི་མིག་གིས་གང་བལྟ་ཞེ་ན། གང་ཚེ་འདུས་བྱས་ཚུལ་རྣམས་ནི། །རྣམ་པར་མི་རྟོག་སེམས་ཀྱིས་སུ། །མེ་ལོང་ལྟ་བུར་རབ་ཤེས་པ། །དེ་ནི་ཤེས་རབ་བརྟེན་པ་ཡིན། །ཞེས་པ་དང་། ཇི་ལྟར་བལྟ་ཞེ་ན། མེ་ལོང་ནང་གི་གཟུགས་བརྙན་དང་། །རྨི་ལམ་མིག་འཕྲུལ་དྲི་ཟའི་གྲོང་། ། མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །དེ་ནི་གཙོ་བོ་ཡིན་པར་བརྗོད། །ཅེའོ། །འདིར་འདུས་བྱས་ཀྱི་ཚུལ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་གཞག་པའོ། །དེ་གཉིས་ཀ་ཡང་གཟུགས་བརྙན་ལ་སོགས་པ་དཔེ་བརྒྱད་ཀྱིས་གཏན་ལ་ཕབ་པ་བསྒོམ་པའོ། །ཡང་དོན་དེ་བསྟན་པ་ནི། རྣམ་པར་མི་རྟོག་སེམས་ཀྱིས་ནི། །ཤེས་རབ་དང་ནི་མཚུངས་གཟུགས་ལ། དོགས་པ་མེད་པའི་ཀུན་སྤྱོད་ལ། །དེ་ནི་དཀའ་ཐུབ་བདག་ཆེན་ཡིན། །ཞེས་བྱ་སྟེ། འདིར་མི་རྟོག་པའི་སེམས་ཀྱིས་འཇིགས་པ་མེད་པར་རྟེན་དང་བརྟེན་པ་ཐམས་ཅད་སྐྱེ་མེད་དུ་ཤེས་པ་ནི་དཀའ་ཐུབ་ཆེན་པོ་ཞེས་བྱའོ། །དེ་ལྟར་སྤྱོད་ཅིང་ཡང་དང་ཡང་དུ་གུས་པ་དང་། རྒྱུན་མི་འཆད་པ་ལ་སོགས་པའི་ཚུལ་གྱིས་རྒྱུན་མ་ཆད་པར་བསྒོམ་པར་བྱའོ། །དེས་ཀྱང་སྐྱོན་སེམས་དབུགས་དབྱུང་བའི་ཕྱིར་བཟླས་པ་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཞེས་བྱ་བ་ལ་སོགས་ཏེ། འདིར་སྙིང་སྐུལ་བར་བྱེད་པས་སྙིང་པོ་སྟེ། སྙིང་རྗེ་མ་ཤེས་རབ་དང་ཐབས་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སེམས་སྐུལ་པར་བྱེད་པས་སྙིང་པོ་དང་། སེམས་ཉེ་བར་བསྐུལ་བས་ཉེ་བའི་སྙིང་བོའོ། །དེ་ཉིད་ཀྱིས་འཇིག་རྟེན་པའི་སེམས་ལས་སྐྱོབ་པས་གསང་སྔགས་ཞེས་བྱའོ། །དེ་ལྟར་ཡང་དང་ཡང་དུ་བསྐུལ་བས་ཤེས་རབ་ཁྱད་པར་ཅན་སྐྱེ་བས་རིག་སྔགས་སོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་དྲན་པ་སྐྱེད་པས་གཟུངས་སྔགས་ཞེས་བྱའོ། །དེ་ལྟར་སྔགས་འགྲུབ་བའི་རྒྱུ་དང་མི་འགྲུབ་པའི་རྒྱུ་གཉིས་སུ་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་བཤད་དེ། ལེ་ལོའི་ཉེས་པ་ཕན་མིན་གདམས་ངག་དང་། །སྤྲོ་བ་ཉམས་དང་ཡུལ་ལ་ཆགས་པ་དང་། །དད་པ་དང་བྲལ་དགེ་བའི་རྩ་བ་ཉམས། །དེ་དག་ཐུབ་བའི་བཀའ་ནི་འགྲུབ་མི་འགྱུར། །ཞེས་སོ། །འདིར་སྨད་པ་དང་སྙོམ་ལས་ཀྱིས་བྱང་ཆུབ་སེམས་ཀྱི་དྲན་པ་ཤོར་བ་དང་། འདི་འབྲས་བུ་ལ་དམིགས་པས་ཕྱི་མ་ལ་ཕན་པའི་མཚན་ཉིད་དང་མི་ལྡན་པ་དང་། ཡུལ་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་མེད་པ་དང་། འཇིག་རྟེན་པའི་ཆོས་ལ་སེམས་ཤོར་ཏེ་ཆགས་པ་དང་། བྱང་ཆུབ་ཀྱི་སེམས་ལ་འདོད་པ་དང་། དང་བ་དང་། ཡིད་ཆེས་པ་མེད་པ་དང་། དམ་ཚིག་དང་། སྡོམ་པ་ཉམས་པ་རྣམས་སོ། །བཟློག་པས་ལེ་ལོ་མེད་པར་བྱང་ཆུབ་ཀྱི་སེམས་མ་བརྗེད་པ་དང་། ཕྱི་མའི་འབྲས་བུ་ལ་དམིགས་པ་དང་། སྤྲོ་བ་དང་བཅས་པ་དང་། ཡུལ་ལ་སེམས་མ་ཤོར་བ་དང་། བྱང་ཆུབ་ཀྱི་སེམས་ལ་དད་པ་དང་། སྡོམ་པ་ལ་སོགས་པ་དང་ལྡན་པའོ། །དེ་ལྟར་འགྲུབ་པའི་རྒྱུ་དང་ལྡན་པས་ཇི་སྲིད་མི་སྐྱོ་བ་དེ་སྲིད་དུ་བཟླས་པར་བྱའོ། །དྲན་པའི་རྟེན་བཟླས་པའི་ཐབས་དུ་མ་ནི་བློ་དམན་པ་རྣམས་ལ་ཕན་པ་སྟེ་གོ་སླའོ། །དེས་ཀྱང་སྐྱོན། རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །ཅེས་བྱ་སྟེ། སྒྱུ་མ་ལྟ་བུའི་བློ་དང་མ་བྲལ་བར་མཆོད་པ་དང་། གླུ་དང་བསྟོད་པ་ལ་སོགས་པ་བྱ་སྟེ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བྱས་ལ་གཞལ་ཡས་ཁང་ཚུན་ཆད་རིམ་གྱིས་བསྡུས་ལ་ཐ་མ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པར་ལངས་པ་སྟེ། དེའི་ཕྱིར། དེ་ལྟར་བདག་ཉིད་རྣམ་བསམས་ཏེ། །ཞེས་བྱའོ། །དེ་ལ་ཅི་བྱ་ཞེ་ན། ཚམ་དམ་སྔགས་ཀྱིས་ངེས་པར་བསྲུང་། །ཞེས་བྱ་སྟེ། གོ་ཆའི་སྔགས་དང་ཧཱུཾ་བཞི་པོས་བསྲུང་བར་བྱའོ། །དེ་ཡང་ལེའུ་དགུ་པ་ལས། བསྡུས་ལ་སྤྱོད་ཚུལ་ཁྱད་པར་གྱིས། །རྣལ་འབྱོར་སྦྱོར་དང་བྲལ་མི་བྱ། །སྤྱོད་པའི་རྣལ་འབྱོར་པ་འདི་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པའི་ཕྱིར། ཚངས་པར་སྤྱོད་པ་རྟག་གྱུར་ན། །ཞེས་བྱ་བ་ལ། ཚངས་པར་སྤྱོད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །རྟག་པ་ནི་དེ་ལ་བློ་བརྟན་པར་གྱུར་པའོ། །དེའི་སྤྱོད་པ་ནི་གཉིས་ཏེ། སྔགས་ཀྱི་སྤྱོད་པ་ལམ་དང་མཐུན་པ་དང་། ཀུན་དུ་སྤྱོད་པ་ཐོབ་པ་དང་མཐུན་པའོ། །དང་པོ་ནི་རྟེན་གཉིས་ཀས་ཀྱང་ཐེག་པ་ཆེན་པོས་ལས་བྱ་བ་དང་བྱ་བ་མ་ཡིན་པ་གནང་བ་དང་བཀག་པ་ཇི་ལྟར་བྱ་བ་དང་མཐུན་པར་སྤྱོད་པའོ། །ཇི་ལྟར་སྤྱད་པ་བསྟན་པའི་ཕྱིར། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། ཞེས་བྱ་བ་ལ་སོགས་ལ། འཇིགས་པ་ནི་རུང་བ་དང་མི་རུང་བ་ལ་སོགས་པའི་བློ་སྤངས་པའོ། །འོ་ན་ཡེ་མི་སྤྱད་དམ་ཞེ་ན། བློ་ལྡན་སེང་གེ་བཞིན་དུ་བྱ་བར་འབྲེལ་ཏེ་སེང་གེ་དེ་རྩལ་དང་ལྡན་པ་དང་། བག་ཚ་བ་མེད་པ་དང་། གཞན་སྐྲག་པར་བྱེད་པའི་ཆོས་དང་ལྡན་པ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་བཟོད་པའི་གོ་ཆ་དང་། ཤེས་རབ་ཀྱི་མཚོན་དང་བརྩོན་འགྲུས་ཀྱི་དཔའ་དང་ལྡན་པས་སྤྱད་དོ། །དེའི་ཕྱིར། དེ་ལྟར་བདག་ཉིད་རྣམ་བསམས་ཏེ། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག་།བློ་ལྡན་ཆོ་ག་རྣམ་པར་སྤྱོད། །ཅེས་བྱ་སྟེ། ཆོས་གསུམ་དང་ལྡན་པས་སྤྱོད་པའི། །རིགས་ལྔ་དག་ཏུ་ཀུན་སྤྱོད་པ། །ཞེས་བྱ་བ་ནི་ཐ་མལ་པ་དང་ཕ་རོལ་དུ་ཕྱིན་པའི་ལམ་དུ་ཞུགས་པའི་རྣལ་འབྱོར་པ་རྣམས་ནི་རིགས་ཐ་དད་དུ་འཛིན་པ་ལས་མ་ལོག་པར་སྤྱོད་པ་ཡིན་ལ། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ནི་རིགས་ཐ་དད་ལས་བློ་བཟློག་སྟེ། གསང་ཆེན་རིགས་གཅིག་ཏུ་ཤེས་པའོ། །དེའི་ཕྱིར་འདོད་ཡོན་ལ་སྤྱད་དུ་ཡང་གནང་ངོ་། །ཇི་ལྟར་སྤྱད་ཅེ་ན། རྣམ་པར་མི་རྟོག་བདག་ཉིད་སེམས། །ཞེས་བྱ་སྟེ། འཇིགས་པ་མེད་དེ་མི་རྟོག་པའི་སེམས་ཀྱིས་སོ། །གང་ལ་ཞེ་ན་འདོད་ཡོན་ལའོ། །ཇི་ལྟར་སྤྱད་པའི་དོན་འདི་ཉིད་རྡོ་རྗེ་མཁའ་འགྲོ་ལས། ལས་རྣམས་ཀུན་ལ་ཐབས་བཅས་ཤིང་། །དོགས་པ་མེད་པར་གང་སྤྱོད་པ། །རྣམ་པར་མི་རྟོག་བསྒོམ་པ་ནི། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག་།ལས་རྣམས་ཀུན་ལ་ཀུན་དུ་ནི། རྣམ་པར་མི་རྟོག་སྒོམ་བྱེད་ཅིང་། །དོགས་པ་མེད་པར་ཀུན་དུ་སྐྱོད། །དེ་ནི་དཀའ་ཐུབ་རྣམས་ཀྱི་མཆོག་། ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །སྐྲ་ཟླ་ལ་སོགས་རྗེས་དངོས་ཀྱི། །ཡུལ་རྣམས་མ་ལུས་རྟེན་བྱེད་པ། །དཀའ་ཐུབ་ཤིན་ཏུ་འདའ་དཀའོ། །ཞེས་གསུངས་པས། དེ་ལ་འདིར་ལས་རྣམས་ནི་ཞི་བ་ལ་སོགས་པ་དང་། ཕྱག་དང་མཆོད་པ་ལ་སོགས་པ་རྣམས་སྐྱེ་མེད་དུ་ཤེས་པའི་ཚུལ་གྱིས་སྤྱད་པའོ། །དཔེར་ན་མེའི་མཚན་ཉིད་དུ་སྐྱེས་ཕན་ཆད་མཚན་ཉིད་ཚ་ཞིང་བྱེད་པར་བསྲེག་།ཁ་དོག་དམར། དེ་བཞིན་དུ་ཕྱི་ནང་གི་དངོས་པོ་ལ་བརྟེན་ནས་ཤེས་རབ་སྐྱེས་ཕན་ཆད་མཚན་ཉིད་སྐྱེ་མེད་བྱེད་པ་ཉོན་མོངས་པ་མི་སྐྱེ་བ་དང་དེ་ཁོ་ན་གསལ་བའོ། །དེའི་ཕྱིར་དོགས་པ་ཐམས་ཅད་ཅེས་བྱ་བ་གོ་བར་ཟད་དོ། །དེ་ནས་ཡང་ཐུན་མཚམས་སུ་སྔ་མ་ལྟར་མི་རྟག་པ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་དང་། རྟེན་དང་བརྟེན་པ་སྐད་ཅིག་གིས་བསམས་ལ་དབང་དང་། མཆོད་པ་དང་། བདུད་རྩི་མྱང་བ་དང་། དགའ་བ་བརྩམ་པ་བྱས་ལ་སྔ་མ་ལྟར་བསྒོམ་པར་བྱའོ། །ཐུན་ཐ་མ་ལ་བསྡུ་བའི་ཐབས་ཀྱིས་འོད་གསལ་དུ་མོས་པས་ཉལ་ལ་ནང་བར་དེ་ལས་ལངས་ཏེ་སྔ་མ་ལྟར་བསྒོམ། དེ་ནི་ཀུན་རྫོབ་དང་འདུས་བྱས་དང་། སྒྱུ་མ་དང་བསྐྱེད་པའི་རིམ་པ་སྟེ། དམིགས་པ་དང་བཅས་པའི་ཤེས་རབ་དང་དེ་བཞིན་གཤེགས་པའི་དབུགས་དབྱུང་བསྟན་པའོ། ། ད་ནི་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཡུལ་རྫོགས་པའི་རིམ་པ་བསྟན་པའི་ཕྱིར། ཟླ་བའི་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕོ་ཉའི་ལམ་ནི་བླ་མ་ལས་ཤེས་པར་བྱའོ། །དེ་ལས་གཞན་པའི་དབང་དུ་བྱས་ནས། ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་སྣོད་བཅུད་བསྡུས་ཏེ་ཚུར་འདུས་པས་སྲུང་བའི་འཁོར་ལོ་ལ་སོགས་པ་གཙོ་བོ་ལ་ཐིམ། གཙོ་བོ་ཡབ་ཡུམ་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དེའི་མཚན་ཉིད་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་དེ་ཡང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའོ། །ཡི་གེའི་མཆོག་ནི་ཏིང་ངེ་འཛིན་སེམས་དཔའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེ་ཅན་ཏེ་ཡེ་ཤེས་སེམས་དཔའོ། །དེ་ཡང་ཡུམ་ཡབ་ལ་ཐིམ། ཡབ་ཡི་གེ་ལ་ཐིམ། ཡི་གེ་ཡང་རིམ་གྱིས་ཐིམ་པར་བསམ་ཞིང་སེམས་གཏད་པར་བྱའོ། །དེ་ནི་གཟུགས་ལས་འདས་པ་ནི་སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པར་བསམ་མོ། དེའི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་པའི་སེམས་ཉིད་ཡིན། །ཞེས་བྱའོ། །དེ་ཡང་བསམ་གྱིས་མི་ཁྱབ་བསམ་ནི་འོད་གསལ་དུ་བསྒོམ་པའོ། །སེམས་ཉིད་བརྟག་པར་མི་བྱའོ་ཞེས་བྱ་བ་ནི། དེ་ལ་སེམས་གཞག་ཐབས་དང་དཔེ་དང་ཉམས་བསྟན་པའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། རྒྱུ་ཀུན་རྫོབ་འབྲས་བུའི་དོན་དམ་པ་ལ་གཞུག་པའི་ཕྱིར་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་ལྔ་སྤྲོས་པས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་འོད་ལྔར་བཞུ་སྟེ། དེ་ཡང་འདུས་པ་ལས། སྲུང་པའི་འཁོར་ལོ་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེ་བཀའ་བསྒོ་བརྒྱད་ལ་ཐིམ། དེ་ནས་སྐུ་གསུང་ཐུགས་ལ་རིམ་གྱིས་ཐིམ་པ། མཁའ་འགྲོ་མ་བཞི་ལ་ཐིམ་པར་བསམ། དེ་གཙོ་བོའི་ཞལ་བཞི་ལ་ཐིམ། གཙོ་བོ་ཡབ་ཡུབ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་རིམ་གྱིས་ཇེ་ཕྲ་ཇེ་ཕྲར་བསམས་ཏེ། སེམས་བསྒྲིམས་ལ་ཕྲ་བར་གཏད་དེ་བསྒོམ་པར་བྱའོ། ། སེམས་དེ་ཡང་འོད་གསལ་བ་རྣམ་པར་ཤེས་པ་གསུམ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ལུས་དང་། ངག་དང་སེམས་མེད་པ། ལས་དང་སྐྱེ་བ་ལས་གྲོལ་བ། ཟླ་བ་དང་ཉི་མ་དང་། མེ་དང་ནོར་བུའི་འོད་ལྟར་ཤིན་ཏུ་གསལ་བ། རྟག་ཏུ་གསལ་བའི་མཚན་ཉིད་ཅན། དེ་ལ་གཞག་ཐབས་ལྔ་དང་དཔེ་དང་ཉམས་དང་ལྡན་པར་བསྒོམ་པར་བྱ་སྟེ་ཞིབ་ཏུ་བླ་མ་ལས་ཤེས་པར་བྱའོ། །དེ་ནས་དོན་དམ་པ་དང་འདུས་མ་བྱས་དང་། རྫོགས་པའི་རིམ་པ་དང་། རྡོ་རྗེ་འཆང་གི་དབུགས་དབྱུང་དང་། དམིགས་པ་མེད་པའི་ཤེས་རབ་ཀྱི་ཡུལ་བསྟན་པའོ། །ད་ནི་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོ་ཟུང་འཇུག་བསྟན་པའི་ཕྱིར། བསམ་གྱིས་མི་ཁྱབ་དེ་བསམས་ནས། །ཞེས་བྱ་བ་ལ་སོགས་པ་ལ་བསམ་གྱིས་མི་ཁྱབ་པ་ནི་འོད་གསལ་ལོ། །འོད་གསལ་བའི་ངང་ལས་སྔར་གྱི་སྒྱུ་མ་ལྟ་བུའི་ལྷའི་དྲན་པ་ཐོབ་པ་ལ་གཟུངས་ཞེས་བྱའོ། །གཟུངས་ཐོབ་པ་ནི་སྒྱུ་མ་ལྟ་བུའི་སྐུར་ལངས་པའོ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་མན་ངག་བསྟན་པ་སྟེ་རྒྱུད་དུ་ཤེས་པར་བྱའོ། །དེ་ཉིད་རྒྱས་པར་བསྟན་པ་ནི། མྱ་ངན་འདས་བྱུང་དཔའ་བོ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ་མྱ་ངན་ལས་འདས་པ་ནི་འོད་གསལ་ལོ། །དེ་ལས་བྱུང་བའི་དཔའ་པོ་ནི་ཉི་ཤུ་རྩ་ལྔའོ། །ཡན་ལག་ནི་དྲུག་ཅུ་སྟེ་ཐབས་ཤེས་རབ་ཀྱི་ལྷ་དྲུག་ཅུ་རྩ་གཉིས་སོ། །དེ་གང་ལ་བརྟེན་ནས་ཤེ་ན་སེམས་གསུམ་རླུང་དང་བཅས་པ་ལས་སྤྲུལ་བའོ། །དེ་ཡང་དོན་དམ་པའི་བདེན་པའི་སྤྲུལ་པ་ཕག་མོའི་གཟུགས་སུ་བསྟན་ལ། ཀུན་རྫོབ་ཀྱི་བདེན་པ་སྤྲུལ་པ་གཙོ་བོ་ལ་སོགས་པའོ། ། དེ་གཉིས་མེད་དུ་བསྟན་པའི་ཕྱིར། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། གཉིས་མེད་ཡེ་ཤེས་ནི་ཟུང་འཇུག་གོ་།རྒྱུ་སོགས་ནི་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བ་རྣམ་པར་སྤངས་པའོ། །ཚོགས་ནི་གནས་པ་དང་འཇིག་པའི་ཚོགས་དང་བྲལ་བའོ། །གང་དུའང་མི་གནས་པ་ནི་མཐའ་གཉིས་ལ་མི་གནས་པ་སྟེ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གོ་།དེ་ལ་མན་ངག་ནི་འདི་ཡིན་ཏེ། འོད་གསལ་བའི་ངང་ལ་སེམས་གནས་པར་ནུས་ཚད་དུ་གཏད་དེ་བསྒོམ་ལ་དེའི་ངང་ལ་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་ལྷར་ལངས་ལ། དེ་ལ་ཤེས་རབ་ཀྱིས་དཔྱད་ཅིང་གོམས་པར་བྱའོ། །ད་ནི་ཏིང་ངེ་འཛིན་དེའི་ཕན་ཡོན་བསྟན་པའི་ཕྱིར། སེམས་ལ་རྣམ་གནས་རྣལ་འབྱོར་པ། །ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་སེམས་ལ་རྣམ་པར་གནས་པའི་རྣལ་འབྱོར་པ་ལ་མྱ་ངན་ལས་འདས་པ་མི་སྟོན་ཞེས་བྱའོ། །དེ་ལ་རྒྱུ་མཚན་གཉིས་ཏེ། མྱ་ངན་ལས་འདས་པ་སྟེ་འོད་གསལ་འབའ་ཞིག་མི་སྟོན་པ་དང་། དོན་དམ་པར་འཆི་བ་མེད་པའི་ཕྱིར་མི་སྟོན་པའོ། །འོད་གསལ་འབའ་ཞིག་མི་སྟོན་པ་ཅི་ཞེ་ན། དཔལ་རྡོ་རྗེ་མཁའ་འགྲོ་ལས། གཞན་དུ་གལ་ཏེ་སྦྱོར་བ་ནི། མ་ཚང་མར་མེ་ལྟ་བུར་འདའ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ནི་མར་མེ་ཤི་བ་ལྟར་རང་གཞན་གྱི་དོན་གསལ་བ་མེད་པའི་ཕྱིར་རོ། དེ་བས་ན་བདེན་པ་གཉིས་ཀྱི་ཚུལ་ལ་གནས་ནས་གཞན་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་བར། །དེ་སྲིད་སེམས་ཅན་མཚུངས་མེད་དོན། །མྱ་ངན་མི་འདའ་བར་ནི་མཛད། དེ་ནི་འཇིགས་པ་སྣ་ཚོགས་པའི་གནས་ཡིན་པའི་ཕྱིར་གནས་ས་མ་ཡིན་ནོ་ཞེ་ན་གནས་ཀྱང་མི་གནོད་པའི་ཕྱིར། དེ་ལྟར་སེམས་ཅན་དམ་པ་རྣམས། །སྲིད་པའི་ཞགས་པས་འཇིགས་མེད་པར། །མི་སྐྱོ་བར་ནི་བརྩོན་འགྲུས་ཀྱིས། །རྟག་ཏུ་སེམས་ཅན་རྣམས་དོན་མཛད། ཅེའོ། །དེ་ཡང་ཇི་སྲིད་དུ་ཞེ་ན། ནམ་མཁའ་གནས་པའི་མཐར་ཐུག་པའོ། ཅི་བྱེད་ཅེ་ན། སྨོན་ལམ་རྣམ་པར་སྦྱོང་བྱེད་པའི། །སེམས་ཅན་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོ་སྲིད་པ་སྦྱོང་བར་མཛད། །ཅེའོ། །འཆི་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བས་རྟག་ཆད་ལ་སོགས་པའི་ལྟ་བ་འགགས་པའི་ཕྱིར་འཆི་བ་མེད་པ་སྟེ། དེའི་རྒྱུ་དེ་ཡིན་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་ཏུ་ཡང་འཆི་བ་མེད་དམ་ཞེ་ན། ཐ་སྙད་དུ་ཡོད་པར་བསྟན་པའི་ཕྱིར། འཕོ་བའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལ་སོགས་པ་ནི་ཕ་རོལ་ཏུ་མི་འཕོ་སྟེ། རྟག་པའི་སྐྱོན་དུ་ཐམ་བའི་ཕྱིར་རོ། །ཕ་རོལ་འཆི་བ་ལས་གཞན་ཡང་མ་ཡིན་ཏེ། རྒྱུ་མེད་པའི་ཉེས་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དཔེར་ན་མར་མེ་ལས་མར་མེ་དང་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་ཡང་གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་མི་འདའ་ཞིང་། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །མྱ་ངན་འདའ་བར་བསྟན་པ་ཡིན། །ཞེས་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། འདི་ལ་གང་ཡང་རྐྱེན་རྣམས་ཀྱིས། སྐྱེ་བ་མེད་ཅིང་འགག་པ་མེད། །བརྟགས་པའི་རྐྱེན་རྣམས་ཁོ་ན་ནི། སྐྱེ་ཞིང་འགག་པར་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར། རེ་ཞིག་འཕོ་བ་རྣམས་པར་དག་པ་བརྗོད་པར་བྱའོ། །འདིར་གོང་མ་ལྟ་བུའི་རྣལ་འབྱོར་པ་དེ་ཁམས་གོང་མ་གཉིས་སུ་ཡིད་ཀྱི་རང་བཞིན་གྱི་ལུས་འཕོས་ནས་དོན་བྱེད་པ་སྟེ། དེ་ཡང་། རྟག་ཏུ་འདོད་བས་མྱོས་པ་ཡི། །ལྷ་ཡི་བུ་འདི་རྣམས་དང་ནི། །ཞེས་གསུངས་པའི་ཕྱིར། ཇི་ལྟར་འཕོ་ཞེ་ན། འཕོ་བའི་ཚེ་ན་རྣལ་འབྱོར་པ། །ཞེས་བྱ་བའི་ནི་རྟེན་འདི་འདོར་བའོ། །གང་ཞེ་ན། བདེན་པ་གཉིས་ལ་གནས་པའི་རྣལ་འབྱོར་པ་དེ་གང་གིས་སྤྱན་འདྲེན་ཞེ་ན། དཔལ་ལྡན་ཁྲག་འཐུང་ལ་སོགས་ཏེ་དཔའ་བོ་ཉི་ཤུ་རྩ་ལྔའོ། །རྣལ་འབྱོར་མ་ནི་སུམ་ཅུ་རྩ་བདུན་ནོ། །དེ་རྣམས་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པ་དང་། རོལ་མོའི་སྒྲ་དང་། རྡོ་རྗེའི་གླུ་དང་བཅས་པའི་ཚིག་ཏུ་ཡང་། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །ཞེས་བརྗོད་ཅིང་། མཁའ་སྤྱོད་དུ་སྤྱན་འདྲེན་པར་བྱེད་དོ། །དེར་ཡིད་ཀྱིས་ལུས་ཀྱི་ལྷའི་བུ་ཆགས་པ་ཅན་རྣམས་ཀྱི་དོན་བྱས་ནས། ཡང་འདིར་འོངས་ནས་སྐྱེ་བོ་ཆགས་པ་ཅན་རྣམས་ཀྱི་འདོད་ཆགས་དག་པར་བྱ་བའི་ཕྱིར་ཡང་སྲིད་པ་ལེན་པར་བྱེད་དོ། །དེ་བས་ན། གཞན་ཡང་སྐྱེ་བོ་ཆགས་ཅན་ཕྱིར། །འདོད་ཆགས་ཐམས་ཅད་དག་པར་མཛད། །ཅེས་པ་དང་། དེའི་ནང་དུའང་མངོན་ཞེན་དང་། གང་དུའང་གནས་པ་ཡོད་མ་ཡིན། །ཞེས་བྱའོ། །འོ་ན་ཆོས་ཐམས་ཅད་བདེན་པ་གཉིས་དང་མི་ཕྱེད་པ་ཟུང་འཇུག་ཏུ་རྟོགས་ནས། དེ་གོམས་པར་བྱེད་པ་ལ་འཇིག་རྟེན་པའི་སེམས་ལ་སོགས་པ་འབྱུང་ངམ་མི་འབྱུང་ཞེ་ན། དེ་ལྟར་ཡང་དག་འབྱུང་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་འཇིག་རྟེན་ཕལ་པ་ལ་ཇི་ལྟར་འབྱུང་བ་དེ་ལྟར་ཡང་དག་པར་འབྱུང་མོད་ཀྱི་འོན་ཀྱང་འདོད་པར་བྱ་བར་འབྲེལ་ལོ། །འདོད་པར་བྱ་བ་ཅི་ཞེ་ན། སྒྱུ་མ་ལྟ་བུའི་དངོས་དག་ནི། །ཞེས་བྱ་བ་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས་པར་འདོད་པས་འདོད་པར་བྱ། ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་པ། །ཞེས་བྱ་བ་ནི་སྐྱེ་མེད་དུ་ཤེས་པས་སོ། །བདེ་བའི་ཡོངས་སུ་འགྱུར་བཞིན་པས། །ཞེས་བྱ་བ་ནི་ཕལ་པ་ལྟར་སྡུག་བསྔལ་གྱི་རྒྱུར་མི་འགྱུར་བས་སོ། །འབྲས་བུ་ཁྱད་འཕགས་ཐོག་འགྱུར་བས་ནི་ཞེས་བྱ་བ་ལ་འབྲས་བུ་ལ་གཉིས་ཏེ། ཤེས་རབ་གསུམ་གྱི་འབྲས་བུ་གོང་ནས་གོང་གི་རྟོགས་པ་ཡིན་ལ། མཐར་ཐུག་གི་འབྲས་བུ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ཡི་ཕྱིར་ན་འདོད་པར་བྱ། ཞེས་བྱའོ། །དེའི་ཕྱིར། དེ་ལྟར་ཡང་དག་འབྱུང་མོད་ཀྱི། །སྒྱུ་མ་ལྟ་བུའི་དངོས་དག་ནི། །ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་པ། །བདེ་བའི་ཡོངས་སུ་འགྱུར་བཞིན་པས། །འབྲས་བུ་ཁྱད་འཕགས་ཐོབ་འགྱུར་པས། །ཅི་ཡི་ཕྱིར་ན་འདོད་མི་བྱ། །ཞེས་བྱའོ། །ད་ནི་ལམ་ཁྱད་པར་ཅན་ལ་གནས་པའི་ཕན་ཡོན་དང་། རྒྱུ་འབྲས་ཕྱིན་ཅི་མ་ལོག་པ་ལ་གདམས་པ་བསྟན་པའི་ཕྱིར་རྡོ་རྗེ་མཁའ་འགྲོ་ལས། སྒོམ་པ་ཁྱད་པར་ཅན་གང་ཞིག་།གོམས་པའི་སྟོབས་ནི་རྫོགས་པ་ན། །ཡིད་འོང་བདེ་བའི་འབྲས་བུ་ནི། །བླ་མེད་གསལ་བ་བློ་ཡི་མཐུ། །ཞེས་པ་ལ། སྒོམ་པ་ཁྱད་པར་ཅན་ནི་མི་མཐུན་པ་དང་གཉེན་པོར་རོ་གཅིག་པར་ཤེས་པའོ། །གོམས་པའི་སྟོབས་ནི་ཤེས་རབ་གསུམ་གྱིས་གོམས་པའོ། །རྫོགས་པ་ནི་ཁྱད་པར་དུ་གྱུར་པའོ། ། བདེ་བའི་འབྲས་བུ་ནི་གནས་སྐབས་མཐར་ཐུག་གི་འབྲས་བུའོ། །དེ་ལྟ་བུའི་བླ་ན་མེད་པའི་འབྲས་བུ་གསལ་བ་ནི་བློ་སྟེ་ཤེས་རབ་ཀྱི་མཐུའོ། །དེའི་ཕྱིར་བསམ་པ་དང་བསྒོམ་པའི་ཤེས་རབ་ལ་ནན་ཏན་གྱིས་སྒྲུབས་ཤིག་པའོ། །རྒྱུ་འབྲས་མ་ནོར་བ་ལ་གདམས་པ་ནི། འབྲས་བུ་དོན་གཉེར་རྒྱུ་བསྒྲུབས་ན། །དེར་ནི་ལྷ་མོ་སུ་ཞིག་འགོག་།ཅེས་བྱ་བ་ལ་སངས་རྒྱས་དོན་དུ་གཉེར་བར་རྒྱུ། ཤེས་རབ་གསུམ་ཕྱིན་ཅི་མ་ལོག་པར་བསྒྲུབས་ན་དེར་འབྲས་བུ་ལ་གེགས་མེད་པའི་ཕྱིར་བཅོལ་ལྡན་འདས་དཔལ་ཧེ་རུ་ཀས་མ་རྡོ་རྗེ་ཕག་མོ་ལ་བོས་ནས་གདམས་པའོ། །དེའི་ཕྱིར། དེ་བས་འབད་པ་ཐམས་ཅད་ཀྱིས། །ཀུན་དུ་འགྲོ་མ་མཆོད་པར་བྱ། །ཞེས་བྱ་སྟེ། ཤེས་རབ་གསུམ་ལ་ནན་ཏན་དུ་གདམས་པའོ། །མཐུན་པའི་རྐྱེན་མ་ཚང་བ་ནི་མི་འགྲུབ་པའི་རྒྱུ་ཡིན་པས་དེའི་ཕྱིར། དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ནི་སྐམས་ཤིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེང་ན། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ལུས་དང་སེམས་ནི་བརྟན་འགྱུར་ན། །བདེ་བ་ཐམས་ཅད་བརྟན་འགྱུར་བ། །སྡུག་བསྔལ་གྱིས་ནི་གཡོ་འགྱུར་བས། །ཤིན་ཏུ་འགོག་པར་འགྲོ་བར་འགྱུར། །དེས་ན་ལུས་དང་ངག་སེམས་རྣམས། །བརྟན་པར་བྱས་ན་བྱང་ཆུབ་འཐོབ། ། གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་བསྲེག་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་བྱ་སྟེ་ཚིག་དོན་ནི་གོ་སླའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། བཞི་སྟོང་གསུངས་པ་གང་ཡིན་པ། །དེས་དོན་བརྗོད་བྱ་བཀྲོལ་བ་ལ། །འཕགས་དང་མཁའ་འགྲོས་བཟོད་པར་མཛོད། །དེས་དོན་ཟབ་མོ་བརྒྱུད་པའི་རིམ། །བླ་མའི་ལུང་བཞིན་གསལ་ཕྱེ་བས། །མིག་མེད་ལམ་ནོར་རྣམས་ཀྱི་ནི། །མིག་འབྱེད་ལམ་རྟོགས་རྒྱུར་གྱུར་ཅིག་།རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཡི་པས་རིགས་དྲུག་པ་ཧེ་རུ་ཀའི་སྒྲུབ་ཐབས་རྩ་བའི་དཀྱིལ་འཁོར་ཆེན་པོ་མཛད་པའི་དོན་རྒྱུད་ལྟར་བཀྲོལ་བ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། ། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་བཞུས་ཏེ་གཏན་ལ་ཕབ་པའོ།། @##། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས།
CLOSE WINDOW