CLOSE WINDOW

S577: འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས
Wyliee-texts produced with ocr Programm

འཕགས་པ་མདངས་ཕྱིར་འཕྲོག་པ་ཞེས་བྱ་བའི་མདོ་རྫོགས་སོ།། །། རྒྱ་གར་སྐད་དུ། ཨཱརྱ་ཙཀྵུ་བི་ཤོ་དྷ་ནི་ནཱ་མ་བིདྱ། བོད་སྐད་དུ་འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་ཤཱཀྱའི་གྲོང་རྡལ་བཟང་པོ་ཞིག་ན་ཤཱཀྱ་རྣམས་ཀྱི་ནང་ན་ཞུགས་ཏེ། དེའི་ཚེ་སྟ་དུ་ས་ཞེས་བྱ་བ་ན་ཤཱཀྱ་བདེ་བ་ཞེས་བྱ་བ་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང་། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་ལ་སྐྱབས་སུ་སོང་། དགེ་འདུན་ལ་སྐྱབས་སུ་སོང་། སངས་རྒྱས་ལ་གཅིག་ཏུ་ཕྱོགས། ཆོས་ལ་གཅིག་ཏུ་ཕྱོགས། དགེ་འདུན་ལ་གཅིག་ཏུ་ཕྱོགས། སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མེད། ཆོས་དང་། དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མེད་ལ། བདེན་པ་མཐོང་བའི་འབྲས་བུ་ཐོབ་པ། མངོན་པར་རྫོགས་པར་གྱུར་པ། མཚོན་དང་དབྱིག་པ་བོར་བ་ཞིག་གནས་པ་དེའི་མིག་ལ་སྣང་བ་དང་མི་སྣང་བའི་གཟུགས་རྣམས་མི་སྣང་བར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྐྱེས་ཏེ་ཡིད་ལ་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཛད་པ་སྒྲོན་མ་འཛིན་པ་གསལ་བ་འཛིན་པ་ལ་ཕྱག་འཚལ་ལོ། ། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གསལ་བར་མཛད་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་བདག་གི་མིག་ནི་རྣམ་པར་སྦྱང་དུ་གསོལ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ལྷའི་གནས་པ་ལ་བཞུགས་པ། ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པ། ཤཱཀྱ་བདེ་བས་ཚིག་དེ་སྐད་ཅེས་བརྗོད་པ་གསན་ཏོ།། གསན་ནས་ཀྱང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་པོ་ཁྱོད་སོང་ལ་མིག་རྣམ་པར་སྦྱོང་བའི་རིག་སྔགས་འདིས་ཤཱཀྱ་བདེ་བ་ལ་སྲུང་བ་ཀྱིས་ཤིག། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤོང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བར་གྱིས་ཤིག་དང་། དེ་བཞིན་དུ་འཁོར་བཞི་པོ་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། སེམས་ཅན་གཞན་གྱི་མིག་ཀྱང་རྣམ་པ་ར་སྐྱོངས་ཤིག། མིག་སླུ་བས་རྣམ་པར་སྐྱོངས་ཤིག། ཏཏྱ་ཐཱ། ཧི་ལ་མི་ལི། ཀི་ལི་མི་ལི། ཧཱི་ལ་ཏེ། ཧུ་ཡཱ་ཧུ་ཡཱ་ཧུ་ཡཱ་མ་ནི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྵུ་ར་མུ་ཁ་བི་ཤོ་དྷ་ཡ་སྭཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་པོ་མིག་རྣམ་པར་སྦྱོང་བ་འདི་ནི་མིག་གི་སྐྱོན་དང་། རླུང་གི་སྐྱོན་དང་། མཁྲིས་པའི་སྐྱོན་དང་། བད་ཀན་གྱི་སྐྱོན་དང་། འདུས་པ་ལས་གྱུར་པའི་སྐྱོན་སེལ་ཏེ། ཚུལ་ཁྲིམས་ཀྱི་བདེན་པ་དང་། བརྟུལ་ཞུགས་ཀྱི་བདེན་པ་དང་། དྲང་སྲོང་རྣམས་ཀྱི་བདོན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་དང་། དགྲ་བཅོམ་པ་རྣམས་ཀྱི་བདེན་པ་དང་། རང་སངས་རྒྱས་རྣམས་ཀྱི་བདེན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པས། ཤཱཀྱ་བདེ་བའི་མིག་ན་བར་མ་གྱུར་ཅིག། མཆི་མ་འཛག་པར་མ་གྱུར་ཅིག། ཀུན་ཏུ་མཆི་མ་འཛག་པར་མ་གྱུར་ཅིག། བདག་དང་སེམས་ཅན་ཐམས་ཅད་ཀྱི་མིག་རྣམ་པར་དག་པར་གྱུར་ཅིག་སྭཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་མིག་རྣམ་པར་སྦྱོང་བ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས་གསུངས་པའོ།། ངའང་ད་ལྟར་འཆད་དེ། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པའང་རྗེས་སུ་ཡི་རང་ངོ་།། ཀུན་དགའ་བོ་རིག་སྔགས་འདི་དུས་གསུམ་དུ་བརྗོད་ན། དེ་ལ་ཐིབས་པོར་འགྱུར་བ་དང་། རབ་རིབ་བམ། ལིང་ཏོག་གམ། མིག་ནང་སྔོན་པོར་མཐོང་བའམ། མིག་གི་ཡུལ་གྱི་སྐྱོན་ལྷ་ལས་གྱུར་པ་རྣམས་སམ། ཀླུ་ལས་གྱུར་པ་རྣམས་སམ། དྲི་ཟ་ལས་གྱུར་པ་རྣམས་སམ། གནོད་སྦྱིན་ལས་གྱུར་པ་རྣམས་སམ། ཤ་ཟ་ལས་གྱུར་པ་རྣམས་སམ། བྱད་ལས་གྱུར་པ་རྣམས་སམ། རོ་ལངས་ལས་གྱུར་པ་རྣམས་སམ། རོ་ལངས་དང་བྱད་ལས་གྱུར་པ་རྣམས་སམ། ཀུན་ཏུ་རྒྱུ་ལས་གྱུར་པ་རྣམས་སམ། ཀུན་ཏུ་རྒྱུ་དང་རོ་ལངས་ལས་གྱུར་པ་རྣམས་ཀྱིས་ཚུགས་པར་འགྱུར་བ་ནི། ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ངས་མ་མཐོང་སྟེ། དེ་ནི་གནས་མེད་དེ།། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། གསང་སྔགས་ཀྱི་གནི་འདི་རྣམས་བཟུང་སྟེ་ཀུན་ཆུབ་པར་བྱས་ནས། ཤཱཀྱ་བདེ་བ་ག་ལ་བ་དེར་སོང་སྟེ། བདེ་བ་མིག་རྣམ་པར་སྦྱོང་བའི་གསང་སྔགས་ཀྱི་གཞི་འདི་དག་དེ་བཞིན་གཤེགས་པས་ཁྱོད་ལ་བསྐུར་གྱི། ཉིན་རེ་ཞིང་དུས་གསུམ་དུ་དྲན་པར་གྱིས་ཤིག་ཅེས་དེ་ལ་རྒྱས་པར་སྨྲས་སོ། ། ཤཱཀྱ་བདེ་བས་ཐོས་མ་ཐག་ཁོ་ན་རེ་མིག་རྣམ་པར་དག་སྟེ། མིག་རྣམ་པར་དག་པས་དྲི་མ་མེད་པའི་མིག་གིས་ཐམས་ཅད་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཤཱཀྱ་བདེ་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་མིག་རྣམ་པར་སྐྱོང་བ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་ཨཀྵ་རོ་ཀ་པྲ་ཤ་མ་ནི་སཱུ་ཏྲ། བོད་སྐད་དུའཕགས་པ་མིག་ན་ད་རབ་ཏུ་ཞི་བར་བྱེད་པའི་མདོ།

CLOSE WINDOW