CLOSE WINDOW

S33: འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ཐེག་པ་ཆེན་པོ
Wyliee-texts produced with ocr Programm

། @རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་བཛྲ་ཀེ་ཏུ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ཐེག་པ་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དང་ཐབས་ཅིག་གོ།། དེ་ནས་དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་འདུག་པ་དེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་གང་དང་ལྡན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་རྒྱལ་མཚན་ཆོས་རྣམ་པ་བཞི་དང་ལྡན་ན་སྡེ་བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བར་ཤེས་པ་དང་། སྤྲོས་པ་ཐམས་ཅད་བྲལ་བའི་ཆོས་ཉིད་དུ་ལྡན་པ་དང་། ཐམས་ཅད་@#པི་རྟོག་མི་དམིགས་པར་བསྒོམ་པའོ། ། གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་ན་ཤེས་རབ་སྐྱེ་བའི་རྒྱུ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། དང་པོ་གང་ཟག་ཆོས་སྨྲ་བའི་མཁན་པོ་སྟེན་པ་དང་། གཉིས་པ་དེའི་དམ་པའི་ཆོས་ཉན་པ་པ་གསུམ་པ་དོན་ལ་འཇུག་ཅིང་སེམས་པ་དང་། བཞི་པ་གཞན་ལ་ཚུལ་བཞིན་དུ་སྟོན་པར་མོས་པ་སྟེ། འདི་ནི་ཤེས་རབ་སྐྱེ་བའི་རྒྱུའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལྔ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་སྟོང་པ་དང་། བདག་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། མཚན་མ་མེད་པ་དང་། མ་བཅིངས་པ་དང་། མ་གྲོལ་བ་དང་། སྣང་བ་མེད་པ་དང་། མུན་པ་མེད་པའི་རང་བཞིན་དུ་ཤེས་པར་བྱའོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། གནས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོའི་ངོ་བོ་ཉིད་དུ་བསྒོམ།། ཤེས་རབ་སྐྱེ་བའི་རྒྱུ་ལ་མོས།། མཚན་མ་ཐམས་ཅད་དང་བྲལ་བའི།། ཤེས་རབ་དོན་ལ་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ལ་སོགས་པ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་རྫོགས་སོ།

CLOSE WINDOW