Wylie | e-texts produced with ocr Programm |
རྒྱ་གར་སྐད་དུ། ཨརྱ་དཱ་ན་ནུ་ཤང་ས། བོད་སྐད་དུ།། འཕག་པ་སྦྱིན་པའི་ལེགས་པའོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། འཛེ་ཏའི་ཚལ་མགོན་མེད་པས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་སྦྱིན་པ་སྦྱིན་ནོ། ། སུམ་ཅུ་རྩ་བདུན་གང་ཞེ་ན། སེར་སྣ་རྣམ་པར་སྤང་བའི་ཕྱིར་དད་པས་སྦྱིན་པ་སྦྱིན་ནོ།། དུས་སུ་སྦྱིན་པ་སྦྱིན་ནོ།། དེ་བཞིན་གཤེགས་པས་གནང་བའི་རུང་བ་དངོས་པོ་གསུམོ་ཡོངས་སུ་དག་པར་སྦྱིན་པ་སྦྱིན་ནོ། ། སེམས་ཀྱི་འཁྲུག་པའི་སྐྱོན་ཐམས་ཅད་སྤང་བའི་ཕྱིར་བསྟི་སྟང་དུ་བྱས་ཏེ་སྦྱིན་པ་སྦྱིན་ནོ།། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི་ལག་ནས་སྦྱིན་པ་སྦྱིན་ནོ། ། གཞོན་ལ་མི་གནོད་པར་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་གཏོང་བ་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་རོ།། ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ཁ་དོག་མཛེས་པ་རབ་ཏུ་ཐོབ་པར་འགྱུར་རོ།། སྤོས་ཕུན་སུམ་ཚོགས་པ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་གྲགས་པའི་སྤོས་རབ་ཏུ་ཐོབ་པར་འགྱུ་རོ།། རོ་བྲོ་བ་ཕུན་སུམ་ཚོགས་པ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་རོ་བྲོ་བའི་མཆོག་གི་དཔེ་བྱད་བཟང་པོ་རབ་ཏུ་ཐོབ་པར་འགྱུར་རོ།། གྱ་ནོམ་པ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ལོངས་སྤྱོད་གྱ་ནོམ་པརབ་ཏུ་ཐོབ་པར་འགྱུར་རོ། ། རྒྱ་ཆེན་པོ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ལོངས་སྤྱོད་རྒྱ་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་རོ།། བཟའ་བ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པར་སྐྱེ་བ་ཐམས་ཅད་དུ་བཀྲེས་པར་གཅོད་པ་རབ་ཏུ་ཐོབ་པར་འགྱུར་རོ། ། བཏུང་བ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་སྐྱེ་བ་ཐམས་ཅད་དུ་སྐོམ་པ་རྣམ་པར་གཅོད་པ་རབ་ཏུ་ཐོབ་པར་འགྱུར་རོ།། གོས་ཀྱི་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་གོས་ཀྱི་ལོངས་སྤྱོད་སྣ་ཚོགས་རབ་ཏུ་ཐོབ་པོར་འགྱུར་རོ། ། གནས་ཀྱི་སྦྱིན་པོ་བྱིན་ན། རྣམ་པར་སྨིན་པ་པུ་ཤུ་དང་། ཁང་པ་བརྩེགས་པ་དང་། ཁྱིམ་དང་། ཁང་པ་དང་གཞལ་མེད་ཁང་དང་། སྐྱོ་ཤིང་གི་ར་བ་དང་། ཀུན་དགའ་ར་བ་དང་། ཡུལ་རབ་ཏུ་ཐོབ་པར་འགྱུར་རོ།། མལ་ཆ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་རིགས་མཐོན་པོ་རབ་ཏུ་ཐོབ་པར་འགྱུར་རོ།། བཞོན་པ་སྤེན་པ་བྱིན་ན། རྣམ་པར་སྨན་པ་རྫུ་འཕྲུལ་གྱི་རྐང་པ་བཞི་རབ་ཏུ་ཐོབ་པ་འགྱུར་རོ།། སྨན་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་རྒ་ཤི་མེད་ཅིང་མྱ་ངན་དང་། ཀུན་ནས་ཉོན་མོངས་པ་མེད་པ་འགོག་པའི་མྱ་ངན་ལས་འདས་པ་རབ་ཏུ་ཐོབ་པར་འགྱུར་རོ། ། ཆོས་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་སྐྱེ་བ་དྲན་པ་རབ་ཏུ་ཐེབ་པར་འགྱུར་རོ།། མེ་ཏོག་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་རབ་ཏུ་ཐོབ་པར་འགྱུར་རོ། ། འཕྲེང་བ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མོ་རྣམ་པར་དག་པ་རབ་ཏུ་ཐོབ་པར་འགྱུར་རོ། ། བདུག་པ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ཉོན་མོངས་པའི་དྲི་ང་བ་ཐམས་ཅད་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ།། གདུགས་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ཆོས་ལ་དབང་བའི་དབང་ཕྱུག་རབ་ཏུ་ཐོབ་པར་འགྱུར་རོ། ། དྲིལ་བུ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་སྒྲ་དབྱངས་ཡིད་དུ་འོང་བ་རབ་ཏུ་ཐོབ་པར་འགྱུར་རོ།། སིལ་སྙན་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ཚངས་པའི་སྒྲ་དབྱང་ལྟ་བུ་རབ་ཏུ་ཐོབ་པར་འགྱུར་རོ།། མར་མེ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ལྷའི་མིག་སྒྲིབ་པ་མེད་ཅིང་རྣམ་པར་དག་པར་རབ་ཏུ་ཐོབ་པར་འགྱུར་རོ།། དར་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ལྷ་དང་མིའི་ནང་ན་རྣམ་པར་གྲོལ་བའི་དར་གྱིས་བཅིངས་པ་རབ་ཏུ་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་འབྲུ་མར་དྲི་ཞིམ་པོ་ཕུལ་ལམ་སྤོས་ཀྱི་ཁྲུས་ཆུ་དབུལ་བ་ཕུལ་ན། རྣམ་པར་སྨིན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རབ་ཏུ་ཐོབ་པར་འགྱུར་རོ།། ཁྲུས་ཀྱི་ཡོ་བྱད་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་སྐྱེ་བ་ཐམས་ཅད་དུ་ནད་ཉུང་བ་དང་། རིགས་མཆོག་ཏུ་སྐྱེ་ཞིང་ཀུན་ཏུ་མཛེས་པ་རབ་ཏུ་ཐོབ་པར་འགྱུར་རོ།། སྙིང་པོ་ལྔ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་སྐྱེ་བ་ཐམས་ཅད་དུ་མཐུ་ཆེ་ཞིང་སྤྲོ་བ་ཆེན་པོ་མི་ཐུལ་བ་རབ་ཏུ་ཐོབ་པར་འགྱུར་རོ། ། བྱམས་པ་ལ་གནས་ཏེ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་གནོད་སེམས་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ། ། སྙིང་རྗེ་ལ་གནས་ཏེ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་འཚེ་བ་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ།། དགའ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་མི་འཇིགས་པ་སྦྱིན་པ་རབ་ཏུ་ཐོབ་པར་འགྱུར་རོ། ། བཏང་སྙོམས་ལ་གནས་ཏེ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་མི་དགའ་བ་སྤོང་བ་རབ་ཏུ་ཐོབ་པར་འགྱུར་རོ།། རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་ལོངས་སྤྱོད་སྣ་ཚོགས་རབ་ཏུ་ཐོབ་པར་འགྱུར་རོ། ། ལན་ལ་མི་རེ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་ཐོབ་པར་འགྱུར་རོ།། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་འདུན་པོ་དེ་དག་སྦྱིན་པ་བྱིན་ནོ།། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་འོ། ། འཕགས་པ་སྦྱིན་པའི་ལེགས་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ག་ཎ་ཌཱི་སཱུ་ཏྲ། བོད་སྐ་དུགན་ཌཱིའི་མདོ།
CLOSE WINDOW