CLOSE WINDOW

S11.27: འཕགས་པ་དེས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། བམ་པོ་གཉིས་དང་ཤློ་ཀ་བརྒྱ་རྩ་བརྒྱད།། །། ། རྒྱ་གར་སྐད་དུ། ཨཱརྱ་སཱུ་ར་ད་པ་རི་པྲིཙྪ་ན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་གཅིག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། འཁོར་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རིམ་གྲོར་བྱས། མཆོད་པར་བྱས་སོ།། དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ན། གྲོང་ཁྱེར་གྱི་མི་དབུལ་པོ་ངེས་པ་ཞེས་བྱ་བ། སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ལྡན་པ། ཆོས་ལ་དད་པ་མི་བྱེད་པ་དང་ལྡན་པ། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བྱམས་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། སྙིང་རྗེ་ལ་གནས་ཏེ། ཡིད་ཡོངས་སུ་སྐྱོ་བ་མེད་པ། དགའ་བ་ལ་གནས་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། གཏང་སྙོམས་ལ་གནས་ཏེ། བདེ་བ་དང་སྡུག་བསྔལ་གྱིས་མི་བསྐྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། སྔོན་གྱི་ཚུལ་ཕུན་སུམ་ཚོགས་པ། ཐབས་ལ་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། དབུལ་པོར་མིང་དུ་ཆགས་པ་ཞིག་གནས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ཤིན་ཏུ་འདོད་པ་ཆུང་བ། ཆོག་ཤེས་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ལྡན་པ། ཡིད་ལ་འཁྲུག་པ་མེད་པ། རྟག་ཏུ་བཞིན་འཛུམ་པ། གཞན་གྱི་འཁྲུལ་པ་དག་ལ་སྐྱོན་དུ་མི་ལྟ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་སྲུང་བ། བརྐམ་པ་མེད་པ། ཤེས་བཞིན་དུ་སྤྱོད་པ། ཆོས་ཤེས་ཤིང་དགང་སླ་ལ་གསོ་སླ་བ། བསམ་པ་ཕུན་སུམ་ཚོགས་པ། གཡོ་མེད་པ། ང་རྒྱལ་མེད་པ། བཀའ་བློ་བདེ་བ། འཐུན་པར་འཛིན་པ། རྟག་ཏུ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། ལག་ན་ཤིང་ལོའི་སྣོད་ཐོགས་པ། རྩཝ་བཏིང་བ་ལ་ཉལ་བ། གོས་ངན་པ་གྱོན་པ། རྙེད་ཀྱང་མི་ལེན་པ། བཟང་ཡང་རུང་ངན་ཀྱང་རུང་བགོ་བཤའ་བྱས་ནས་ཟ་བ། དུས་གསུམ་དུ་དེ་བཞིན་གཤེགས་པ་ལ་ལྟ་བ། ཆོས་ཉན་པར་འདོད་པ། གཏམ་སྣ་ཚོགས་བྱུང་བ་ལ་སྤོབས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་མཐོང་ངོ་། ། མཐོང་ནས་འདི་སྙམ་དུ་སེམས་ཏེ། ཅི་གྲོང་ཁྱེར་གྱི་དབུལ་པོ་འདི་ཡི་དམ་ལ་བརྟན་ནམ། མི་བརྟན་པ་བདག་གིས་བརྟག་གོ་སྙམ་མོ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་མང་པོ་མངོན་པར་སྤྲུལ་ནས། གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ལ་ཚིག་ངན་པ་དག་གི་གཤེ་ཞིང་སྤྱོ་བར་བྱེད་དེ། བོང་བ་དང་། དྲབྱུག་པ་དང་། མཚོན་ཆ་དག་ཀྱང་བསྟན་ན། དེས་པ་དེ་བཟོད་པའི་སྟོབས་ཀྱིས་དང་དུ་ལེན་པར་བྱེད་དེ། མི་འཁྲུག་ཅིང་གནོད་སེམས་མི་སྐྱེད་དོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་གཞན་དག་ཅིག། ཏུ་སྤྲུལ་ནས་ངེས་པ་དེའི་མདུན་དུ་བཞག་སྟེ། ངེས་པ་དེ་ལ་དགའ་བའི་ཚིག་གིས་ཁོ་བོ་ཅག་ནི་ཁྱོད་ཀྱི་དོན་བྱེད་པར་འདོད་པ་ཡིན་གྱིས། ཇི་སྟེ་ཁྱོད་འདོད་པ་ལྟ་ན། ཁྱོད་ལ་སྡིག་པའི་དགྲ་གང་ཡིན་པ་དག་ཁོ་བོ་ཅག་གིས་ཚར་གཅད་པར་བྱའོ་ཞེས་སྨྲས་སོ། ། དེས་པས་སྨྲས་པ། གྲོགས་པོ་དག་ཐོང་། དེ་སྐད་མ་ཟེར་ཅིག། གལ་ཏེ་མི་འདི་དག་གིས་ཁོ་བོའི་ལུས་དུམ་བུ་བརྒྱར་དུམ་བུ་དུམ་བུར་གདུབས་སུ་ཟིན་ཀྱང་། ཁོ་བོ་ནི་མི་འདི་དག་ལ་སྡིག་པའི་སེམས་མི་སྤྱད་དེ། གྲོགས་པོ་དག་འཇིག་རྟེན་དག་ནི་དགེ་བ་དང་། མི་དགེ་བའི་ཕྱོགས་གཉིས་ལ་གནས་ལ། དེའི་འགྲོ་བ་ནི་གཉིས་ཁོ་ན་སྟེ། དགེ་བ་ཕྱོགས་ཀྱི་ནི་བདེ་འགྲོའོ། ། མི་དགེ་བའི་ཕྱོགས་ཀྱི་ནི་ངན་འགྲོའོ།། དེ་བས་ན་ཁོ་བོ་ནི་སེམས་ཅན་ཕ་རོལ་ཚིག་པ་ཟ་བར་བྱེད་པའང་མི་འདོན་ན། གཙེ་བ་ལྟ་ཅི་སྨོས། དེ་ནས་དེའི་ཚེ་ཚོགས་སུ་བཅད་པ་འདི་དག་སྨྲས་སོ། ། ས་བོན་ཚ་བ་རྣམས་ཀྱི་ནི།། འབྲས་བུ་ཚ་བ་སྐྱེ་བར་འགྱུར།། ས་བོན་མངར་བ་རྣམས་ཀྱི་ནི།། འབྲས་བུ་མངར་བ་སྐྱེ་བར་འགྱུར།། དཔེ་ཟླར་བྱས་པ་འདི་ཡིས་ནི། ། སྡིག་པའི་རྣམ་སྨིན་ཚ་བ་དང་།། དཀར་པོའི་འབྲས་བུ་མངར་བ་ཡང་།། མཁས་པའི་མིས་ནི་ཤེས་པར་འགྱུར།། རྟག་ཏུ་ལུས་དང་ངག་ཡིད་ཀྱིས།། སྡིག་པ་རྣམ་གསུམ་མི་བྱ་ཞིང་། ། གཞན་དག་བྱེད་ཀྱང་མཁས་པ་ཡིས།། རྗེས་སུ་དགའ་བར་མི་བྱའོ།། ལུས་དང་ངག་དང་ཡིད་རྣམས་ཀྱི།། དཀར་པོ་རྣམ་གསུམ་རྟག་ཏུ་བྱ།། གང་དག་དགེ་བ་སྤྱོད་བྱེད་པ།། གཞན་དག་ལ་ཡང་ཡི་རང་བྱ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན། ངེས་པ་ལ་དབྱིག་དང་གསེར་མང་པོ་བསྟན་ནས་འདི་སྐད་ཅེས་སྨྲས་སོ།། ངེས་པའོ།། ནི་ལས་ཁྱེར་ལ་བྱིན་པ་བྱིན་ཅིག། བསོད་ནམས་དག་གྱིས་ཤིག། གོས་དང་རྒྱན་དག་ཀྱང་ཐོགས་ཤིག། ཁྱོད་ངན་ཅིང་དབུལ་བས་ཅི་ཞིག་བྱ།། དེས་པས་སྨྲས་པ། གྲོགས་པོ་སྔོན་སེམས་ཅན་རྣམས་ལ་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པས་འདིར་དབུལ་པོ་ཞེས་བྱ་བར་གྱུར་ཏོ།། དེ་བས་ན་ཁོ་བོ་ནི་མ་བྱིན་པར་ལེན་པ་བྱེད་པར་མི་འདོད་དོ།། བརྒྱ་བྱིན་གྱིས།། སྨྲས་པ། ངེས་པ་ཁྱོད་ད་ལྟར་ཇེ་བདེ་བར་འཚོ་བར་གྱིས་ཤིག། འཇིག་རྟེན་ཕ་རོལ་བསམ་པས་ཁྱོད་ལ་ཅི་ཞིག་བྱ། ངེས་པས་སྨྲས་པ། གྲོགས་པོ་གང་ཚེ་འདི་ཆེད་ཆེར་འཛིན་པ་དེ་ནི་བྱིས་པའི་ཆོས་ཡིན་གྱི། མཁས་པ་རྣམས་ནི་ཚེ་ཕྱི་མཆེད་ཆེར་འཛིན་ཏོ།། འདོད་པས་ཟིལ་གྱིས་ནོན་པ་དང་། ཞེ་སྡང་གིས་ཟིལ་གྱིས་ནོན་པ་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ་དང་། འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བརྐམ་པ་མ་ཡིན་ནོ།། སོགས་འཇོག་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་སོགས་འཇོག་མི་བྱེད་དོ། ། བདག་གིར་འཛིན་པ་དང་བཅས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བདག་ཏུ་མི་འཛིན་ཅིང་ཡོངས་སུ་འཛིན་པར་མི་བྱེད་དོ།། ལུས་དང་སྲོག་ལ་ལྟ་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་ལུས་དང་སྲོག་ལ་མི་ལྟའོ།། ངོམས་མི་ཤེས་ཤིང་ཆོག་མི་ཤེས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་ངོམས་ཤེས་ཤིང་ཆོག་ཤེས་པ་ཡིན་ནོ། ། འཚོ་བ་ཡོངས་སུ་མ་དག་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ།། ལས་མ་མཐོང་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་ལས་མཐོང་བ་ཡིན་ནོ། ། རྣམ་པར་འཚེ་བ་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་རྣམ་པར་མི་འཚེ་བ་ཆེད་ཆེར་འཛིན་ཏོ།། བྱམས་པའི་སེམས་མེད་པ་དག། ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བྱམས་པའི་སེམས་དང་ལྡན་ནོ།། ཕྱིན་ཅི་ལོག་བཞིས་སེམས་བསླད་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།། མཁས་པ་དག་ནི་སེམས་ཕྱིན་ཅི་མ་ལོག་པ་ཡིན་ནོ། ། གཞན་ཡང་སེམ་ཅན་དབུལ་པོ་གང་ཡིན་པ་དེ་དག་ཁོ་བོས་ཚིགས་སུ་བཅད་པ་དག་གིས་བཤད་ཀྱིས་ཉོན་ཅིག། བྱེ་བ་ཕྲག་སྟོང་གཏེར་ཡོད་ཀྱང་།། གང་དག་ལ་ནི་གཏོང་མེད་པ།། དེ་དག་འཇིག་རྟེན་འདིར་དབུལ་ཞེས།། ཐོས་མང་རྣམས་ཀྱིས་དེ་སྐད་བཤད།། གང་ལ་ཟན་གཅིག་མེད་ཞིན་དུ།། དེ་ནི་གཏོང་ལ་རབ་གནས་ན།། དེ་ནི་འཇིག་རྟེན་ནོར་ཆེ་ཞེས། ། ཡང་དག་གཟིགས་པ་རྣམས་ཀྱིས་བཤད།། གང་ལ་སྡིག་མེད་འཕགས་པ་ནི།། རྣམ་པ་ཀུན་གྱིས་མཛེས་པ་ཡིན།། བྱིས་པ་སྡིག་པ་བྱེད་པ་ནི།། ཤིན་ཏུ་བརྒྱན་ཀྱང་མཛེས་མ་ཡིན།། མཁས་པ་དག་གིས་སྤྱོད་བླ་ཡི།། བྱིས་པས་བསྔགས་པ་དེ་ལྟ་མིན།། བྱིས་པ་སྡིག་པ་བསྔགས་པར་བྱེད།། མཁས་པ་དག་ནི་སྡིག་ལ་སྨོད།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན་མི་གཞན་ཞིག་སྤྲུལ་ཏོ། ། དེ་ནས་མི་དེས་གསེར་མང་པོ་ཁྱེར་ཏེ། ངེས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ངེས་པ་གསེར་ཁྱེར་ལ་ཁོ་བོ་མི་གཞན་ཞིག་དང་རྩོད་པ་དེ་ལ་ཁྱོད་གཅིག་པུས་ཆེ་བཞི་བྱ་བར་ཁོ་བོས་བྱས་ཀྱིས། དེར་ཁོ་བོའི་ཚེ་བཞི་གྱིས་ཤིག། ངེས་པས་སྨྲས་པ། གྲོགས་པོ་ཐོང་། ཁྱོད་དེ་སྐད་མ་ཟེར་ཅིག། ཁོ་བོ་ནི་བརྫུན་ཟེར་དུ་མི་འདོད་དོ།། ཀྱེ་གྲོགས་པོ་བརྫུན་དུ་སྨྲ་ནི་བདག་ལའང་སླུ་ཞིང་ཕ་རོལ་ཡང་སླུ་ལ། འཕགས་པའང་སླུ་བ་ཡིན་ཏེ། གྲགས་པ་ཉམས་པར་བྱེད་པ་དང་། ཡིད་མི་ཆེས་པ་དང་། ཡིད་དུ་མི་འོང་བར་བྱེད་པ་དང་། བརྙེས་པར་བྱེད་པ་དང་།། སེམས་ཡོངས་སུ་གདུང་བར་བྱེད་པ་ཡིན་ནོ།། ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་ཁ་མནམ་པར་བྱེད་པ་དང་། ལུས་སྨད་པར་བྱེད་པ་དང་། ལྷའི་ཡིད་དུ་མི་འོང་བར་བྱེད་པ་ཡིན་ནོ།། ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི། དགེ་བའི་རྩ་བ་རྣམས་ལ་རྐུ་བ་དང་། དྲན་པ་ཞུགས་པར་བྱེད་པ་དང་། མཐོ་རིས་ཀྱི་ལམ་ལ་སྒྲིབ་པ་ཡིན་ནོ།། ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི། འཕགས་པ་རྣམས་ཀྱིས་བཙན་པར་མི་བྱ་བ་དང་། ཡང་དག་པར་སྨྲ་བ་རྣམས་ཀྱི་ནང་དུ་ཚིག་མི་མཛེས་པ་དང་། མཁས་པ་རྣམས་ཀྱིས་སྤད་པ་དང་། སྡིག་པ་ཐམས་ཅད་ཀྱི་རྩ་བ་དང་། བརྟུལ་ཞུགས་ཡོངས་སུ་སྐོང་བའི་རྩ་བ་གཅོད་པ་དང་། ངན་འགྲོ་ཐམས་ཅད་ཀྱི་རྩེ་བར་གྱུར་པ་ཡིན་ནོ།། དེ་ནས་དེའི་ཚེ་གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བརྫུན་དུ་སྨྲ་བའི་ཁ་ནས་ནི།། རུལ་བའི་དྲི་ཡང་མནམ་པར་འགྱུར། ། དགོན་པ་ཇི་ལྟར་བཅོམ་པ་བཞིན།། སྔོན་གྱི་དཀར་རྣམས་སྤོང་བར་བྱེད།། རྨོངས་པས་བདག་དང་ལྷ་རྣམས་དང་།། འཕགས་རྣམས་ཡིད་ཀྱང་འབྱུང་བར་བྱེད།། མི་ནི་གང་ཞིག་བརྫུན་ཟེར་བ། ། དེ་ནི་རྟག་ཏུ་དོགས་པར་འགྱུར།། བརྫུན་དུ་སྨྲ་བར་བྱེད་པ་དེ།། སྡིག་པ་ཀུན་གྱི་རྩ་བ་དང་།། དཀའ་ཐུབ་ཅན་གྱི་རྩ་བཅོད་དང་།། ངན་འགྲོར་འགྲོ་བ་ཞེས་ཀྱང་བྱ།། གལ་ཏེ་འཛམ་གླིང་གང་བ་ཡི། ། གསེར་དག་ཁྱོད་ཀྱིས་བྱིན་ན་ཡང་།། ཁོ་བོས་ཆོས་ནི་བསྲུང་བའི་ཕྱིར།། རྟག་ཏུ་བརྫུན་ནི་སྨྲ་མི་བྱེད།། དེ་ནས་བརྒྱ་བྱིན་གྱིས་སྤྲུལ་པའི་མིས།། ངེས་པ་བརྫུན་ཟེར་དུ་གཞུག་མ་ནུས་ནས་སོང་ངོ་།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་མོ་ཉི་འོད་དང་། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ལ་འདི་སྐད་ཅེས་སྨྲས་སོ།། ཁྱད་གཉིས་སོང་ལ་བརྟུལ་ཞུགས་དང་དཀའ་ཐུབ་བྱེད་པ་འདི། ཅི་འདོད་པ་ལ་ལོངས་སྤྱོད་པ་ཞིག་གམ།། འོ་ན་དེ་འདོད་པ་དོན་དུ་མི་གཉེར་བ་ཞིག་ཡིན་པ་རྟོགས་ཤིག། དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་། ལྷའི་བུ་མོ་ཉི་འོད་ནམ་ནངས་ནས་ཕྱོགས་གང་ན་ངེས་པ་འདུག་པའི་ཕྱོགས་དེར་སོང་ནས། དེས་པ་ལ་ཚིག་སྙན་པར་སྨྲས་ཏེ། ངེས་པ་བཞེངས། བདག་ཅག་གཉིས་ནི་ཁྱོད་ཀྱི་བསྙེན་བཀུར་བགྱིད་པ་ལགས་སོ། ། ངེས་པ་བདག་ཅག་གཉིས་ཀྱི་གཟུགས་ཕུན་སུམ་ཚོགས་པ་ལ་གཟིགས། ཤ་ཚུགས་དང་། ཁ་དོག་དང་། དབྱིབས་དང་། ལུས་བྱུགས་པ་དང་། རྒྱུ་ཆས་དང་། ལྷབ་ལྷུབ་དག་ལ་གཟིགས། ན་ཚོད་དང་པོའི་ལང་ཚོ་ལ་བབ་པ་ལ་གཟིགས། ངེས་པ་ཁྱོད་ཀྱིས་བསྙེན་བཀུར་བགྱིད་པ་འདི་འདྲ་བ་བདག་ཉིད་ཀྱི་བསོད་ནམས་ཕུན་སུམ་ཚོགས་པ་ལ་གཟིགས། ངེས་པས་བལྟས་ནས་སྨྲས་པ། ཁྱེད་གཉིས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ཞུགས་པ་རྣམས་ཀྱི་བསྙེན་བཀུར་བྱེད་ཡིན་གྱི། ལྷ་དང་མིར་ཞུགས་པ་དག་གི་ནི་མ་ཡིན་ནོ།། ཁྱེད་གཉིས་ཀྱི་ལུས་ནི་སྒྱུ་མ་དང་རྨི་ལམ་གྱི་རང་བཞིན་ལྟ་བུར་ཁོ་བོས་མཐོང་ངོ་།། ཁྱེད་གཉིས་ཀྱི་གཟུགས་ནི་ལྦུ་བ་དང་ཆུ་བུར་དང་། སྡིག་ཆུ་ལྟ་བུར་མཐོང་ངོ་།། ཁྱེད་ཙམ་དན་གྱི་ལྡེ་གུས་བྱུགས་པ་ནི་ལགས་པ་རློན་པ་ཤས་ཡོག་པ་ལྟ་བུར་མཐོང་ངོ་།། ཁྱེད་ཀྱི་རྒྱན་དང་ལྒབ་ལྦུབ་ནི་མིག་སླུ་བའི་སྒྱུ་མ་བྱས་པ་ལྟ་བུར་མཐོང་ངོ་། ། ཁྱེད་ཀྱི་ལང་ཚོ་ནི་མི་རྟག་པ་དང་འགྱུར་བའི་ཆོས་ཅན་དུ་མཐོང་ངོ་།། བསོད་ནམས་མ་ཡིན་པར་མཐོང་བའི་ཕྱིར་ཁྱེད་གཉིས་ལ་ཁོ་བོ་མ་ཆགས་སོ།། ཁྱེད་གཉིས་ནི་སྤྲེའུ་དང་བུད་མེད་ཀྱི་སེམས་ལྟ་བུར་གྱུར་པ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི། ། སེམས་དྲན་པས་ཀུན་ནས་སྲུང་བ་དག་གི་ནི་མ་ཡིན་ནོ།། ཆེ་ཞེ་དག་འདོད་པ་ལ་རྟེན་པ་ནི་མི་སྡུག་པའོ། ། འདོད་པ་ལ་རྟེན་པ་དེ་ནི་དྲི་ང་བའོ།། འདོད་པ་ལ་རྟེན་པ་ནི་རུལ་བའོ།། འདོད་པ་ལ་རྟེན་པ་ནི་ཤིན་ཏུ་སྡུག་བསྔལ་བའོ།། འདོད་པ་ལ་རྟེན་པ་ནི་བདེ་བ་ཐམས་ཅད་ཡོངས་སུ་འགྲིབ་པར་བྱེད་པའོ། ། འདོད་པ་ལ་རྟེན་པ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་རྟེན་པའོ།། འདོད་པ་ལ་རྟེན་པ་ནི་ངན་འགྲོ་ན་གནས་པའོ།། འདོད་པ་ལ་རྟེན་པ་ནི་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དག་ལ་རྟེན་པའོ།། འདོད་པ་ལ་རྟེན་པ་ནི་མི་མཐུན་པ་དང་གོར་ན་གནས་པའོ།། འདོད་པ་ལ་རྟེན་པ་ནི་ཕྱིན་ཅི་ལོག་སྐྱེད་པའོ།། འདོད་པ་ལ་རྟེན་པ་ནི་སྲེད་པའི་བཀལ་ཉལ་ལ་གནས་པའོ།། འདོད་པ་ལ་རྟེན་པ་ནི་རྣམ་པར་རྨོངས་ཤིང་ཤིན་ཏུ་རྨོངས་ལ་ཀུ་ཏུ་རྨོངས་པའོ།། འདོད་པ་ལ་རྟེན་པ། ནི་ཉེ་བར་གཟིར་ཅིང་རྣམ་པར་གཟིར་ལ་ཀུན་ཏུ་གཟིར་བའོ།། འདོད་པ་ལ་རྟེན་པ་ནི་ཀུན་དུ་གདུངས་ཤིང་རྣམ་པར་གདུངས་ལ་ཡོངས་སུ་གདུངས་པའོ།། འདོད་པ་ལ་རྟེན་པ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་དགེ་བ་ཡོངས་སུ་ཉམས་པར་བྱེད་པའོ། ། འདོད་པ་ལ་རྟེན་པ་ནི་མི་དགེ་བའི་རྩ་བ་སྐྱེད་པའོ།། འདོད་པ་ལ་རྟེན་པ་ནི་དགེ་བའི་སྤྲིན་གྱི་དྲ་བས་ཀུན་ནས་ཁེབས་པའོ།། འདོད་པ་ལ་རྟེན་པ་ནི་སྲིན་མོ་དང་འདྲིས་པར་བྱེད་པ་དང་། གཟུགས་མི་སྡུག་པ་དང་འདྲིས་པར་བྱེད་པ་དང་། ཤ་ཟ་མོ་དང་འདྲིས་པར་བྱེད་པའོ།། འདོད་པ་ལ་རྟེན་པ་ནི་བ་གླང་དང་། བོང་བུ་དང་། ཁྱི་དང་། ཕག་དང་། རྔ་མོ་དང་། གླང་པོ་ཆེ་དང་། རྟ་དང་། ལུག་དང་། ཝ་ལ་རྟེན་པའོ།། འདོད་པ་ལ་རྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ་རྟེན་པའོ།། འདོད་པ་ལ་རྟེན་པ་ནི་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་ཡོངས་སུ་འདོར་བ་ལ་རྟེན་པའོ།། འདོད་པ་ལ་རྟེན་པ་ནི་བརྟུལ་ཞུགས་དང་དཀའ་ཐུབ་འདོར་བའོ།། འདོད་པ་ལ་རྟེན་པ་ནི་ཤིན་དུ་བག་མེད་པའོ།། འདོད་པ་ལ་རྟེན་པ་ནི་ཉོན་མོངས་པ་ཤིན་དུ་འཕེལ་བར་བྱེད་པའོ།། འདོད་པ་ལ་རྟེན་པ་ནི་ཤིན་ཏུ་བར་དུ་གཅོད་བྱེད་པའོ།། དེ་ནས་དེའི་ཚེ་གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། འདོད་པ་མི་རྟག་རྟག་ཏུ་སྡུད་པ་སྟེ།། ཤིན་དུ་སྡུག་བསྔལ་བདེ་བ་འཇིག་པར་བྱེད།། རྟག་ཏུ་ངན་སོང་ས་རྣམས་ཁྱིམ་དུ་གྱུར།། སེམས་རྨོངས་གྱུར་པ་དག་གིས་རྟག་དུ་བསྟེན། ། འཐབ་རྩོད་ཅན་དེ་མི་བདེན་མཚང་དུ་གྱུར།། རྟག་ཏུ་འགྱེད་ཅིང་མི་མཐུན་གོ་རར་གནས།། འདི་དག་ཕྱིན་ཅི་ལོག་སྐྱེད་གཞི་ཡིན་ཏེ།། འདོད་རྟེན་སྲེང་པ་འཕེལ་བྱེད་བདེ་བ་མེད། ། རྣམ་མོངས་རབ་མོངས་དེ་བཞིན་ཀུན་དུ་རྨོངས།། འདོད་རྟེན་རྟག་དུ་གཟིར་ཅིང་གནོད་པསྟེ།། འདི་ནི་ཀུན་གདུངས་རྣམ་གདུངས་ཡོངས་སུ་གདུངས།། ཧྲཱི། པར་སྦྱོར་ཞིང་དགེ་བ་ཆུད་གཟོན་པ།། འདི་ནི་མི་དགེ་ཀུན་གྱི་རྩ་བ་སྟེ།། འདོད་རྟེན་དཔེར་ན་སྤྲིན་གྱི་དྲ་བ་འདྲ།། འདོད་རྟེན་ཤ་ཟ་མོ་དང་སྲིན་མོ་དང་།། བུད་མེད་གཟུགས་མི་སྡུག་དང་འདྲིས་བྱེད་བཞིན། ། འདི་ནི་བ་གླང་བོང་བུ་རྟ་དག་དང་།། ཕག་དང་ཁྱི་དང་ཝ་དང་རྔ་མོ་དང་།། གླང་ཆེན་ལུག་རྣམས་ཀྱིས་ཀྱང་རྟེན་པ་སྟེ།། འདོད་པ་སྐྱེས་བུ་དམ་པ་རྣམས་ཀྱིས་སྤངས།། འདོད་རྟེན་ཚུལ་ཁྲིམས་ཐོས་དང་གདོང་བ་དང་། ། དཀར་ཐུབ་བརྟུལ་ཞུགས་རྣམས་ནི་འཇོམས་པ་སྟེ།། འདི་ལ་རྟག་ཏུ་བག་མེད་ཉེས་པ་འཕེལ།། དེ་ཕྱིར་ཐར་འདོད་རྟག་ཏུ་བུད་མེད་སྤོང་།། གལ་ཏེ་འཇིག་རྟེན་འདི་དག་ཁྱེད་འདྲ་བའི། ། མདངས་ལྡན་གཟུགས་ཅན་དག་གིས་གང་གྱུར་ཀྱང་།། ཡོན་ཏན་གནས་པ་ཁོ་བོའི་སེམས་གཅིག་ཀྱང་།། འདོད་ཆག་ལ་ནི་རྣམས་ཀྱང་རྟོན་མི་འགྱུར།། དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་། ལྷའི་བུ་མོ་ཉི་འོད་སོང་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་ཚིགས་སུ་བཅད་དེ་སྨྲས་པ།། དེས་ནི་འདི་ན་བུད་མེད་རྣམས་ཀྱི་སྐྱོན་ཡང་དག། གང་ལ་དེ་དག་ཤིན་ཏུ་མཐོང་བར་དོགས་མ་མཆིས།། ཇི་ལྟར་དེ་ཡི་སེམས་ནི་ཡུལ་ལས་ལོག་གྱུར་པ།། དེ་ལྟར་འདོད་པ་རྣམས་ལ་སེམས་ནི་ཆགས་མ་མཆིས།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྲོང་ཁྱེར་གྱི་དབུལ་པོ་ངེས་པའི་ཐད་དུ་སོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་དོན་གཉེར་ངེས་པ་ཆོས་སྤྱོད་པ།། བརྟུལ་ཞུགས་དེ་ནི་སྤྱོད་པ་རྣམ་དག་སྨྲོས། ། འདི་ཡིས་ཉི་ཟླ་འམ་ཡང་ན་དབང་པོ་འམ།། ཚངས་པའམ་ལྷ་རྒྱལ་ཅི་ཞིག་ཁྱོད་སློང་བྱེད།། ངེས་པས་སྨྲས་པ། ཉི་མ་ཟླ་བ་དེ་བཞིན་བརྒྱ་བྱིན་དང་།། ཚངས་པའང་རྒྱལ་པོའམ་འདི་ན་གཞན་དག་ཀྱང་། ། འགྲོ་བ་རྒྱ་ཆེན་གང་ཡོད་དེ་དག་ཀུན།། གར་བྱེད་ལྟ་བཞིན་མི་རྟག་མི་བརྟན་ན།། མཁས་པ་སུ་ཞིག་དེ་ལ་དགའ་བར་བྱེད།། གང་ལ་སྐྱེ་མེད་ན་མང་འཆི་བ་མེད། ། སྡུག་དང་མི་སྡུག་རྣམས་དང་ཕྲད་པའང་མེད།། འགྲོ་བ་གྲོལ་མཛད་སངས་རྒྱས་འགྱུར་བྱ་ཞེས།། དེ་ཐོབ་བྱ་ཕྱིར་སེམས་ཀྱི་སྤྱོད་པ་ངེས།། བརྒྱ་བྱིན་གྱིས་སྤྲས་པ། ཕན་བྱེད་ཁྱོད་ཀྱི་ཚིག་ལ་རྗེས་སུ་ཡི་རང་སྟེ།། ཁྱོད་ཀྱིས་སྨོན་ལམ་བདབ་པ་ལེགས་པར་གྲུབ་གྱུར་ཅིག། བདུད་རྣམས་སྡེར་བཅས་མྱུར་དུ་ངེས་པར་བཅོམ་ནས་ནི།། ཤཱཀྱ་སེང་རྒྱལ་ལྟར་བྱང་ཆུབ་ཐོབ་གྱུར་ཅི། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་ངེས་པས་དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་ནས། དེ་འདི་སྙམ་དུ་སེམས་ཏེ། ནོར་བུ་རིན་པོ་ཆེ་འཛམ་བུའི་གླིང་ན་མཆོག་དུ་གྱུར་པ་འདི་བདག་གིས་མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ཡིན་པ་དེ་ལ་སྦྱིན་ཀོར་མ་ཆག་གོ་སྙམ་ནས་དེ་གྲོང་བར་དུ་སོང་སྟེ། ཐམས་ཅད་ཀྱི་ནང་ན་དབུལ་པོ་སུ་ཡིན་པ་དེ་ལ་རིན་པོ་ཆེ་འདི་སྦྱིན་ནོ་ཞེས་སྒྲ་བསྒྲགས་པ་དང་། དབུལ་པོ་མགོན་མེད་པ་ཕལ་པོ་ཆེ་དེར་འདུས་ཏེ། བདག་ཅག་དབུལ་པོ་ཡིན་གྱིས། བདག་ཅག་ལ་བྱིན་ཅིག་ཅེས་འཛེར་ཏོ། ། ངེས་པས་སྨྲས་པ། ཁྱེད་ནི་དབུལ་པོ་མ་ཡིན་གྱི། མཉན་ཡོད་འདི་ན་ཆེས་དབུལ་པོ་གཞན་ཞིག་ཡོད་ཀྱི། དེ་ལ་སྦྱིན་ནོ།། དེ་དག་གིས་སྨྲས་པ། གང་ཡིན། དེས་པས་སྨྲས་པ། རྒྱལ་པོ་གསལ་རྒྱལ་འདི་ཡིན་ནོ།། དེ་དག་གིས་སྨྲས་པ། ཁྱོད་དེ་སྐད་མ་ཟེར་ཞིག། རྒྱལ་པོ་གསལ་རྒྱལ་ནི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡིན་གྱི།། བདག་ཅག་ནི་དབུལ་ཞིང་མགོན་མེད་པ་ཡིན་ནོ།། དེས་པས་སྨྲས་པ། ནོར་མང་གིས་ནི་ཅི་ཞིག་བྱ།། རྒྱ་མཚོ་ལ་ནི་རླུང་རྣམས་བཞིན།། གང་དག་ལ་ནི་ཆོག་མེད་པ།། མ་བསྡམ་དེ་དག་དབུལ་པོ་ཡིན། ། གང་དག་འདོད་པ་རབ་འཕེལ་ཞིང་།། ཡང་ཡིད་ནི་སྐྱེ་འགྱུར་བ།། རྨོངས་པ་དེ་དག་ཚེ་འདི་དང་།། ཕ་རོལ་ཏུ་ཡང་དབུལ་པོར་འགྱུར།། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་ངེས་པ་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཡོངས་སུ་བསྐོར་ཅིང་ནོར་བུ་རིན་པོ་ཆེ་དེ་ཁྱེར་ནས། རྒྱལ་པོ་གསལ་རྒྱལ་གྱི་དོན་བྱ་བའི་ས་ག་ལ་བ་དེར་སོང་ངོ་། ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཚོང་དཔོན་དང་། ཁྱིམ་བདག་རིགས་དང་ལྡན་པའི་མཆོག་ལྔ་བརྒྱ་ཙམ་ཞིག་གཡོན་ཆུང་ངུའི་ཕྱིར་བདོག་པ་ཐམས་ཅད་ཕྲོག་པ་སོ།། གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ནོར་བུ་རིན་པོ་ཆེ་དེ་རྒྱལ་པོ་ལ་ཕུལ་ཏེ། རྒྱལ་པོ་ཆེན་པོ་ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་འཛམ་བུ་གླིང་ཐམས་ཅད་རིབ་བདག་གིས་རྙེད་པ་འདི་བདག་གིས་འདི་སྙམ་དུ་བསམས་ཏེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ཏོ་སྙམ་མོ།། དེ་ལ་བདག་གིས་འདི་སྙམ་དུ་བསམས་ཏེ། ཁྱོད་ནི་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་ལགས་སོ་སྙམ་བགྱིད་ཀྱིས། ཀྱེ་ནོར་བུ་རིན་པོ་ཆེ་འདི་བཞེས་སུ་གསོལ། དེ་ནས་རྒྱལ་པོ་གསལ་རྒྱལ་ཡུལ་ཡུལ་པོར་གྱུར་ཅིང་ངོ་ཚ་བར་གྱུར་ནས། གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ལ་འདི་སྐད་ཅེས་སྨྲས་སོ།། ངེས་པ་ཅིང་ཁྱོད་པས་ཀྱང་ཆེས་དབུལ་ལམ། ངེས་པས་སྨྲས་པ། ལྷ་དེ་ལྟ་ལགས་ཏེ་བདག་པས་ཆེས་ཁྱོད་དབུལ་ལགས་སོ། ། རྒྱལ་པོས་སྨྲས་པ། རྣམ་གྲངས་གང་གིས་དབུལ། ངེས་པས་ཚིགས་སུ་བཅད་དེ་སྨྲས་པ། གང་གིས་འདོད་པ་རབ་མང་རྣམ་པར་འཕེལ་ཞིང་ལོང། སྤྱོད་དག་གིས་ཆོག་མ་འཚལ།། གནོད་པ་བགྱིད་པའི་སླད་དུ་རྒྱལ་སྲིད་འཁྲུག་ཅིང་བདག་ཉིད་ཀྱང་ནི་འདོར་བགྱིད་པ།། དེ་ནི་འདི་ནི་འཇིག་རྟེན་མི་སྲུང་ཡོན་ཏན་ཆུང་ངུ་དག་ལ་མཆོག་ཏུ་འཛིན།། དེ་ཕྱིར་འདི་ན་དེ་ལ་རྟག་ཏུ་ཆོས་འདོད་རྣམས་ནི་དབུལ་པོ་ལགས་པར་སེམས།། གང་ཞིག་བྱམས་པ་རབ་ཏུ་བསྒོམས་ཏེ་སེམས་ཅན་རྣམས་ལ་ཐ་བ་མ་མཆིས་ཤིང་།། རྟག་པར་རྒྱུན་དུ་ངན་ངོན་ཙམ་གྱིས་ཆོག། པར་འཛིན་ཅིང་འདོད་པ་མ་མཆིས་ལ།། ཉམ་ཐག་མཐོང་ན་རྟག་ཏུ་སྙིང་རྗེ་བགྱིད་ཅིང་ཤར་གཉེར་བགྱིད་པ་མ་མཆིས་པ།། དེ་ནི་ཕྱུག་ཅིང་ནོར་བཟང་ཤིན་ཏུ་ནོར་ཆེ་དད་པ་ལ་སོགས་ལོངས་སྤྱོད་གནས།། གང་ཞིག་འགྲོ་བ་འདི་ན་དབང་ཕྱུག་རྒྱ་ཆེན་ལྡན་ལ་ཆོས་སྲུང་མི་བགྱིད་དང་།། གང་ཞིག་འདི་ན་སྐྱེ་བོ་དམན་ཞིང་སྡུག་བསྔལ་གཟིར་བ་བཟུང་ནས་ཆད་པས་གཅོད།། གང་ཞིག་ཆུང་མ་དག་གིས་མདུན་བལྟས་དགའ་ཞིང་འཇིག་རྟེན་ཕ་རོལ་མི་ལྟ་བ། ། དེ་ནི་ཆོས་སྲུང་མི་བགྱིད་ཤིན་ཏུ་དབུལ་ཞིང་དམན་པའི་མི་ཞེས་རིག་པར་བགྱིད།། དད་པས་བསམས་པ་དྲི་མ་མེད་ཅིང་རབ་བརྟན་ཚུལ་ཁྲིམས་དགལ་ཡང་དགུ་གནས། ། རྟག་ཏུ་ངོམ་ཤེས་ཤིང་ཁྲེལ་ཡོད་ཟོས་པ་འཛིན་ཏེ་གཏོང་ལ་དགའ་བ་དང་།། ཤེས་རབ་ཀྱི་ནི་མཐར་ཕྱིན་ཐོ་ཐོས་ལྡན་ཞིང་འཇིག་རྟེན་ཀུན་ལ་ལྔ་བརྒྱད་པ། དག་རྟག་ཏུ་མི་དབུལ་ཐོབ་ཅིང་ཆོས་འདོད་རྣམས་ཀྱིས་མཆོད་པར་འོས་པ་ལགས།། གང་དག་ལོངས་སྤྱོད་རྣམས་ལ་རབ་ཆགས་བདེ་ལ་དགའ་ཞིང་གཏོང་བམ་མཆིས་ལ།། ལུས་དང་སྲོགས་ལ་སྙིང་པོར་འཛིན་ཅིང་རྟག་པར་སྙིང་པོ་དོན་དུ་མི་གཉེར་དང་། ། གང་དག་གླང་ཆེན་མྱོས་པ་ལྟ་བུར་རྟག་ཏུ་ཡིད་མྱོས་རྣམ་པར་རྒྱུ་བ་དང་།། ལྷན་ཅིག་གང་དག་དྲན་པ་མཆིས་དེ་དག་དབུལ་བ་ཉིད་ནི་ཐོབ་པ་ལགས། ། གང་དག་དཀོན་མཆོག་གསུམ་པོ་དྲི་མ་མེད་ལ་གུས་པ་ཤིན་ཏུ་ཆེ་བ་དང་།། ལུས་དང་སྲོག་དང་ནོར་རྣམས་ལས་ནི་རྟག་ཏུ་སྙིང་པོ་སྒྲུབ་པའི་མཁས་པ་དག། རྟག་ཏུ་མི་བརྐམ་སྡང་བར་མི་བགྱིད་གླན་པ་མ་ལགས་རབ་ཏུ་རྒྱགས་མ་མཆིས།། ལྷ་གཅིག་གང་དག་ཆོས་ཀྱིས་བརྒྱན་པ་དེ་དག་ནོར་ཆེ་སྐྱེས་བུ་དམ་པ་ལགས།། ལྷ་གཅིག་མ་ནི་རྟག་ཏུ་ནགས་ཀྱི་སྨན་སྤུན་སྐམ་པོ་བསྲེགས་པས་ཆོག་མ་འཚལ། ། ལྷ་གཅིག་འདི་ན་རྒྱ་མཚོ་ཆུ་ཀླུང་རྣམས་ཀྱི་ཆུ་འཛིན་པས་ཀྱང་ཆོག་མ་འཚལ།། འདི་ན་ཉི་མ་ཟླ་བ་འདི་དག་མཁའ་ལ་མཐར་གྱིས་རྒྱུ་བས་ཆོག་མ་འཚལ། ། རྒྱལ་པོ་བརྐམ་ཕྱིར་རྟག་ཏུ་ལོངས་སྤྱོད་དག་གིས་ཆོག་མི་མཁྱེན་པས་རླག་པར་འགྱུར།། ཞུགས་ནི་གུམ་པར་གྱུར་པས་རྩཝ་མང་དག་གིས་སླར་ཡང་འབར་བར་ཡོངས་མི་བགྱིད། ། དེ་བཞིན་མཁས་པས་ཤེས་རབ་ཆོག་པར་མི་འཛིན་ཉོན་མོངས་རྣམས་ཀྱིས་འབར་མི་བགྱིད།། ཆུ་ཡི་ཐིགས་པ་བཞིན་དུ་རྒྱལ་སྲིད་དག་ཀྱང་མི་བརྟག་འཇིག་པར་རབ་ཕྱོགས་ན།། གནོད་པའི་རྩ་བར་གྱུར་ཅིང་དགེ་བ་འཇོམས་པའི་རྒྱལ་སྲིད་དེ་ནི་སུ་ཞིག་འཚལ། དེ་ནས་རྒྱལ་པོ་གསལ་རྒྱལ་སེམས་འཁྲུགས་ནས། གྲོང་ཁྱེར་གྱི་དངུལ་པོ་ངེས་པ་ལ་འདི་སྐད་ཅེས་སྨྲས་སོ། ། ངེས་པ་དེ་ལྟར་ང་ནི་དབུལ་ལ། ཁྱོད་ནི་ཕྱུག་པར་ཁྱོད་ལ་དབང་སུ་ཡོད། ངེས་པས་སྨྲས་པ། ལྷ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉན་ཡོད་འདི་ཉིད་ན་བཞུགས་པ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། ངས་མཐོང་ཡང་མཐོང་ངོ་།། ངེས་པས་སྨྲས་པ། ལྷ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་ཏུ་གྱུར་ཅིང་ཚད་མར་གྱུར་པ་སྟེ། དེ་ནི་བདག་གི་དཔང་ལགས་སོ།། རྒྱལ་པོས་སྨྲས་པ། སོང་ལ་དེ་བཞིན་གཤེགས་པ་དེ་སྤྱན་དྲོངས་ཤིག་དང་། དེས་ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་ངས་གཟུང་བར་བྱའོ། ། ངེས་པས་སྨྲས་པ། སྟོན་པ་དེ་ལ་ངན་བུ་འམ།། ཕོ་ཉ་གཞན་གཏང་འོས་མ་ལགས།། འདིར་ནི་བདག་གིས་བསམ་བགྱིས་ན།། དེ་མཁྱེན་ནས་ནི་གཤེགས་པར་འགྱུར། ། འཇིག་རྟེན་འདིའམ་ཕ་རོལ་ལ།། དེ་ནི་མི་མཁྱེན་ཅང་མི་མངའ།། ཐུགས་ཀྱིས་བསམ་པ་མཁྱེན་ནས་ཀྱང་།། འདྲེན་པ་དེ་ནི་གཤེགས་པར་འགྱུར།། སེམས་ཅན་རྣམས་ལ་ཐུགས་བརྩེ་བས།། དེ་ལ་ང་རྒྱལ་སྐྱོ་མི་མངའ།། སེམས་ཅན་རྣམས་ལ་ལེགས་དགོངས་པས།། ཤིན་རབ་ཏུའང་གཤེགས་འགྱུར་གྱིས།། རྒྱལ་ཆེན་བདག་གིས་གསོལ་པ་ལ། ། ད་ནི་ལེགས་པར་ཐུགས་ཆེས་མཛོད།། གང་གིས་སྟོན་པ་འདིར་གཤེགས་པའི།། བདེན་པའི་བྱིན་བརླབ་བགྱི་བར་འཚལ།། མེ་ཏོག་སྤོས་དང་མེ་ཏོག་འཕྲེང་།། རྒྱལ་མཚན་གདུགས་དང་བྱུག་པ་དང་། ། སིལ་སྙན་སྟ་གོན་མཛོད་ཅིག་དང་།། འདྲེན་པ་དེ་ནི་གཤེགས་པར་འགྱུར།། དེས་པས་ཐལ་མོ་སྦྱར་ནས་ཀྱང་།། ཕྲག་པ་གཅིག་ཏུ་གོས་གཟར་འདུག། པུས་མོ་ས་ལ་བཙུགས་བྱས་ནས།། འདི་སྐད་དུ་ནི་ཚིག་ཀྱང་སྨྲས།། ཀུན་མཁྱེན་བདེན་པ་གང་གིས་སུ།། བདག་གི་བསམ་པ་མཁྱེན་ཅེ་ན།། བདེན་པའི་ཚིག་ནི་འདི་ཉིད་ཀྱིར། ། ཐུབ་པ་བདག་གི་མདུན་དུ་བཞུགས།། དེ་ནས་ཚིག་འདི་སྨྲས་ནས་ཀྱང་།། ས་ནི་རབ་ཏུ་གཡོས་པར་གྱུར།། ས་གཞི་རྣམ་པར་བརྟོལ་ནས་ནི།། དེ་བཞིན་གཤེགས་པ་བྱུང་བར་གྱུར། ། རྫུ་འཕྲུལ་དག་དང་ལྡན་པ་ཡི།། ཉན་ཐོས་ལྔ་བརྒྱས་ཡོངས་སུ་བསྐོར།། བརྒྱ་ཕྲག་བཅུ་གཉིས་སྙེད་དག་གི། བྱང་ཆུབ་སེམས་དཔའ་རྣམས་དང་ནི། སྐྱོང་བ་དང་ནི་ལྷ་ཀླུ་དང་།། བརྒྱ་བྱིན་ཚངས་པས་མདུན་གྱིས་བསྡུས།། དེ་འདྲའི་རྫུ་འཕྲུལ་མཐོང་ནས་ནི།། དེ་ཚེ་འཇིག་རྟེན་ངོ་མཚར་འཛིན།། རྒྱལ་པོ་དཔུང་བཅས་བློན་པོ་བཅས། ། སྟོན་པའི་ཞབས་ལ་འདུད་པར་བྱེད།། དེར་ནི་སྲོག་ཆགས་སྟོང་དག་གིས།། སྟོན་པ་ལ་ནི་མཆོད་པ་བྱས།། རྫོགས་པའི་སངས་རྒྱས་མཆོད་བྱས་ནས།། བྱང་ཆུབ་དོན་དུ་ཡིད་བཏུད་དོ། ། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་ངེས་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་མཉན་ཡོད་འདི་ནི་འཁྱམ་ཞིང་མཆིས་མཆིས་པ་ལས། ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་ཞིག་རྙེད་ནས་དེ་ལ་བདག་འདི་སྙམ་བགྱིད་དེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ཏོ་སྙམ་ནས། དེ་ལ་བདག་འདི་སྙམ་བགྱིད་དེ། རྒྱལ་པོ་གསལ་རྒྱལ་འདི་ནི་ཐམས་ཅད་ཀྱི་ནང་ན་ཆེས་དབུལ་བ་སྟེ། འདི་ནི་ཕ་རོལ་གྱི་ནོར་འཕྲོག་པར་བགྱིད་པས་ན། ངོམས་མ་འཚལ་བ་ལགས་སོ།། སླར་ཞིང་དོན་དུ་གཉེར་བར་བགྱིད་པས་ན་ཆོག་མ་འཚལ་བ་ལགས་སོ། ། གཞན་གྱི་ལོངས་སྤྱོད་དག་གིས་ངོམས་མ་འཚལ་བ་ལགས་སོ།། སྡུག་བསྔལ་བ་རྣམས་ལ་རྣམ་པར་མཐོ་འཚམ་པ་ལགས་སོ།། སྐྱིད་པ་རྣམས་ཐལ་མར་འབྱིན་པ་ལགས་སོ། ། དབུལ་པོ་རྣམས་རབ་ཏུ་ཕུང་བར་བགྱིད་པ་ལགས་སོ།། ཕྱུག་པོ་རྣམས་ཚར་གཅོད་པ་ལགས་སོ།། ཤིན་དུ་རབ་ཏུ་མྱོས་པ་ལགས་སོ།། རྒྱལ་པོའི་ལོངས་སྤྱོད་རྣམས་དང་སྲེད་པས་རྣམ་པར་བཅིངས་པ་ལགས་སོ་སྙམ་ནས། དེ་ལ་བདག་གིས་སྩལ་ན་ལེན་པར་མི་བགྱིད་པར་འདི་སྐད་དུ་དེ་ལྟར་ང་ནི་དངུལ་ལ། ཁྱོད་ནི་འབྱོར་པར་ཁྱོད་ལ་དབང་སུ་ཡོད་ཅེས་ཀྱང་མཆིའོ། ། དེའི་སླད་དུ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་སྙོམས་པ། ངོ་ཟློག་གི་སྤྱོད་པ་མི་མངའ་བ། ཐ་བ་དང་དྲི་མ་དང་། ཁོང་ཁྲོ་བ་མི་མངའ་བ། བཅོམ་ལྡན་འདས་ཀྱིས་དོན་འདི་ལེགས་པར་ལུང་བསྟན་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ནི་ཚེ་འདིའི་རྒྱལ་སྲིད་ཀྱི་དབང་ཕྱུག་གི་ལོངས་སྤྱོད་གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་དང་། མཛོད་དང་། བང་མཛོད་ཐོབ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་གོ་སྙམ་དུ་སེམས་སོ། ། རྒྱལ་པོ་ཆེན་པོ་ངེས་པ་ནི་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། བཟོད་པ་དང་། ངེས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་བཀའ་ཐུབ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པ་དང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏ་མ་ལ་གནས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང་བ་དང་། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བརྟན་པ་དང་། སྡོམ་པ་གང་ཡིན་པ་དེ་དག་གིས་བདག་ཕྱུག་གོ་སྙམ་དུ་སེམས་སོ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འོག་ཏུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་འདི་ལྟར་ཁྱོད་དང་འདྲ་བར་ནོར་དང་ལྡན་པར་གྱུར་ཀྱང་། དེ་དག་ནི་ངེས་པས་གོམ་པ་འདུན་བོར་བའི་བར་གྱི་ཚུལ་ཁྲིམས་དང་། ཐོས་པ་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། བག་ཡོད་པའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། དཔེའི་བར་དུའང་མི་བཟོད་དོ།། གསལ་རྒྱལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དག་གནས་པ་ནི། བདག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དག་མང་དུ་གནས་སོ།། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ངེས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་གླེངས་པས་ཁོ་བོའི་ང་རྒྱལ་ངེས་བཅོམ་ཕྱིར།། ངེས་པ་ཁྱོད་ནི་ཁོ་བོའི་སྟོན་པ་གཉིས་པ་སྟེ།། རྒྱལ་སྲིད་འདི་ཀུན་ཁྱོད་སྦྱིན་ཁོ་དཔུང་དང་བཅས། ། ཁྱོད་ཀྱི་སློབ་མ་ཡིན་གྱིས་ཁྱོད་ཀྱིས་བདག་སློབས་ཤིཀ། ཁོ་བོ་ཡུན་རིང་དག་ཏུ་ང་རྒྱལ་གྱིས་ཀྱང་བསྡུས།། སྡིག་པའི་གྲོགས་པོ་དག་གིས་བསྐོར་ཅིང་བཟུང་བ་ལས་ངེས་པ་ཁྱོད་ཉིད་ལས་ནི་ཆོས་འདི་ཐོས་པས་ན། ། རབ་ཏུ་བསྡམས་ཏེ་ཁོ་བོས་ཆོས་བཞིན་སྤྱད་པར་བྱ།། ཁྱིམ་ན་གནས་པ་བརྒྱ་ཕྲག་ལྔ་པོ་འདི་དག་ནི།། ནོར་གྱི་ཆེད་དུ་ཁོ་བོས་གོ་ར་བཅུག་པ་སྟེ། ། ཁོ་བོས་ཐམས་ཅད་གཏང་གིས་བདེ་བར་འཁོད་པར་གྱིས།། ཕྱིན་ཆད་འདི་འདྲ་བ་དག་ཁོ་བོས་ཡོངས་མི་བྱེད།། ལྔ་བརྒྱ་བཏང་བར་གྱུར་པ་གང་ཡིན་དེ་དག་ཀྱང་། ། ངེས་པ་ལ་ནི་ཞེས་ལེགས་པར་བསྐྱེད་ནས་ཀྱང་།། སེམས་ནི་སྐྱོ་བར་གྱུར་ཀྱང་ཅི་ལའང་མི་ལྟ་བར།། བདེ་བ་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་བཏབ།། ང་ནི་དབུལ་པོ་མ་ཡིན། ཁྱོད་ནི་དབུལ་པོ་ཞེས།། དེས་པ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་སྟེ།། ངེས་པ་ལ་ནི་གང་ཞིག་དབུལ་པོ་ཞེས་བརྗོད་པ།། མི་དེ་རྒྱལ་པོའི་ཁྲིམས་དང་འགལ་བར་བྱེད་པ་ཡིན།། དེ་ནས་བཅོམ་ལྡན་འདས་ལ། རིགས་ཀྱི་བུ་དེས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་འདི་ནི་བཅོམ་ལྡན་འདས་ལ་བལྟ་བས་ཆོག་མ་འཚལ་བ་ལགས་ན། བཅོམ་ལྡན་འདས་དེའི་སླད་དུ་ཅི་ནས་འདི་དག་གིས་དེ་བཞིན་གཤེགས་པ་མཐོང་བ་དོན་མཆིས་པར་གྱུར་པ་དེ་ལྟ་དེ་ལྟར་འདི་དག་ལ་ལེགས་པར་ཆོས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངེས་པ་རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། བཞི་གང་ཞེ་ན། ཡིད་ཆེས་པ་དང་། དད་པ་དང་། འཕངས་པར་འཛིན་པ་དང་། གུས་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་ན། བདག་ཀྱང་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། དེ་བཞིན་གཤེགས་པ་ནི་སླུ་བར་མི་མཛད་པའི་ཕྱིར་ལྷག་པའི་བསམ་པ་ཡོངས་སུ་དག་པར་སེམས་སྐྱེད་པ་དང་། སེམས་ཅན་ཐམས་ཅད་རྟོན་ཅིང་ཆེར་ན་རབ་ཏུ་གྲོལ་བར་བྱ་བའི་ཕྱིར་ཡང་སེམས་སྐྱེད་པ་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་ཕྱིར་དམ་པའི་ཆོས་ཡོངས་སུ་བཟུང་བར་ཡང་སེམས་དེ་སྐྱེད་པ་སྟེ། བཞི་པོ་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ། གཟུགས་དབེན་པར་མཐོང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་པར་མཐོང་བ་དང་། ཁམས་བཞི་ནམ་མཁའ་དང་འདྲ་བར་མཐོང་བ་དང་། སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་མཐོང་བ་སྟེ། བཞི་པོ་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ། བདག་མེད་པའི་ཕྱིར་བདག་རྣམ་པར་དག་པ་དང་། སེམས་ཅན་མེད་པའི་ཕྱིར་སེམས་ཅན་རྣམ་པར་དག་པ་དང་། སྲོག་མེད་པའི་ཕྱིར་སྲོག་རྣམ་པར་དག་པ་དང་། གང་ཟག་མེད་པའི་ཕྱིར་གང་ཟག་རྣམ་པར་དག་པ་སྟེ། བཞི་པོ་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ། ལྷའི་མིག་མངོན་པར་འདུ་བྱེད་པ་མེད་པ་དང་། ཤེས་རབ་ཀྱི་མིག་ཀུན་ཏུ་སྤྱོད་པ་དང་། ཆོས་ཀྱི་མིག་གིས་སོ་སོར་རྟོག་པ་དང་། སངས་རྒྱས་ཀྱི་སྤྱན་རྗེས་སུ་རྟོགས་པར་བྱེད་པ་སྟེ། བཞི་པོ་དེ་དག་དང་ལྡན་ན།། དེ་བཞིན། གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ། མི་དམིགས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་དིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་ཤེས་རབ་ཀྱི་ཕུ་པོ་ཡོངས་སུ་དག་པ་དང་། དེའི་རྣམ་པར་གྲོལ་བ་མཐོང་བའི་ཕྱིར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པ་སྟེ། ངེས་པ་རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དཀའ་བར་མཛད་ནས། ངང་པའི་རྒྱལ་པོ་ལྟར་འཁོར་དང་བཅས་ཏེ་བར་སྣང་ལ་གཤེགས་སོ། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། རིགས་ཀྱི་བུ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ།། ངེས་པ་ཁྱོད་ནམ་དེ་བཞིན་གཤེགས་པ་ལ་ལྟར་འགྲོ་བ་དེའི་ཚེ་ཁོ་བོ་ལའང་སྦྲོན་ཅིག་དང་། ཁོ་བོའང་དེ་བཞིན་གཤེགས་པ་ལ་ལྟར་འགྲོའོ།། ངེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་འགྱིའོ།། བདག་ནི་ཁྱོད་བུད་མེད་དང་། གཞོན་ནུ་དང་། བློན་པོ་ལ་སོགས་པའི་འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་གཟིགས་སུ་གཤེགས་པར་འཚལ་ལོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གཅིག་པུ་ལ་ཕན་པའི་ཕྱིར། ཞུགས་པ་མ་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་ཕལ་ཆེན་མཛེས་སོ།། རྒྱལ་པོས་སྨྲས་པ། ངེས་པ་བྱང་ཆུབ་སེམས་དཔའི་འཁོར་གང་ཡིན། ངེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་ཡོངས་སུ་སྨིན་པར་བགྱི་བ་དང་། གདུལ་བའི་སླད་དུ་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་གཞན་ཡང་ཐེག་པ་གཞན་ལ་འདོད་པ་མ་མཆིས་པའི་སླད་དུ། གཞན་དག་ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་གཡོན་ཅན་འདུལ་བར་འགྱུར་བའི་ལྷག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་ཕྱིར་མི་ལྡོག་པར་འགྱུར་བའི་འདུན་པ་དྲག་པོ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་བགྱིས་པར་འགྱུར་བའི་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་གནོད་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་ལ་ལོ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་སེམས་རྣམ་པར་གཡེངས་པ་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསམ་གཏན་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་འཆལ་པའི་ཤེས་རབ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བྱམས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་འཁོར་བ་ལ་ཡོངས་སུ་མི་སྐྱོ་བའི་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་ཆོས་ཀྱི་ཀུན་དཀའ་ལ་དགའ་ཞིང་མོས་པའི་དགའ་བ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་རྗེས་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བའི་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསྡུ་བའི་དངོས་པོ་བཞི་པོ་དག་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པར་འགྱུར་བའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་སོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདལ་བར་འགྱུར་བའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་ཚིག་བཙུན་པར་འགྱུར་བའི་བདེན་པ་དང་། མི་རྩུབ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་བའི་མི་འཕྱ་བ་དང་། འཐིང་སླད་མི་བགྱིད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་བརྗེད་ངས་པར་མི་འགྱུར་བའི་ཐོས་བའི་ཡོ་བྱད་སོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་ཐོས་པ་འཛིན་པར་འགྱུར་པའི་སླད་དུ་སློབ་དཔོན་དང་མཁན་པོ་ལ་གུས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའི་ཐོས་པ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་པར་འགྱུར་བའི་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་དགོན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་སེམས་ཅན་མ་དད་པ་དང་བར་འགྱུར་བའི་འཚོ་བ་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའ་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒྲུབ་པར་འགྱུར་བའི་བག་ཡོད་པ་ནི་བྱང་ཆུ་སེམས་དཔའི་འཁོར་ལགས་སོ།། དེ་ནས་རྒྱལ་པོ་གསལ་རྒྱལ་དཀའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེད་ནས། རྒྱལ་པོ་ལ་འོས་པའི་རས་བཅོས་བུ་ཟུང་སྟོང་ཆོས་ལ་དགབ་པའི་ཕྱིར་དེས་པ་ལ་བྱིན་ནོ། ། དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་བཀུར་སྟི་དང་མཆོད་པ་མཛད་པས་འཚལ་ཏོ།། གང་གིས་བདག་འཚལ་བར་འགྱུར་བའི་གོས་རས་རུལ་བའི་དུམ་བུ་བརྒྱ་བཙེམས་པ་བདག་ལ་མཆིས་ཀྱིས། བདག་ནི་བདག་གིར་འཛིན་པ་དང་བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ།། རྒྱལ་པོ་ཆེན་པོ་དཔྱིད་ཀྱི་དུས་ན་རས་རུས་བའི་དུམ་བུའི་གོས་འདི་ཤིང་གི་ཡལ་ག་ལ་བཀལ་ཏེ་དགུང་གཅིག་གམ། དགུང་གཉིས་སམ། དགུང་བཅུའམ། དགུང་བརྒྱར་མཆིས་ཀྱང་། དེ་ལ་སུའང་ལེན་པ་མ་མཆིས་ཤིང་། དེ་ལ་སུ་ཆགས་པའི་སེམས་སྐྱེད་པ་མ་མཆིས་ཏེ། བདག་ཀྱང་དབོར་ནས་མི་ལྟ་བར་མཆི་བའི་དུས་དེ་མཆིས་སོ།། རྒྱལ་པོ་ཆེན་པོ་བདག་ནི་བདག་གིར་འཛིན་པ་དང་། ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ། ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔས་ནི་གང་ལ་བདག་ཉིད་ཀྱང་འདོད་པ་སྤོང་བར་འགྱུར་ཞིང་། གཞན་ཡང་འདོད་པའི་སེམས་སྐྱེད་པར་མི་འགྱུར་བ་དེ་ལྟ་བུའི་གོས་བཅང་བར་བགྱིའོ། ། རྒྱལ་པོས་སྨྲས་པ། དེས་པ་གལ་ཏེ་དེ་ལྟར་རས་བཅོས་བུ་ཟུང་འདི་དག་ཁྱོད་མི་ལེན་ན་ཁོ་བོ་ལ་སྙིང་བརྩེ་བའི་ཕྱིར་རྐང་པས་རྫིས་ཤིག། ངེས་པས་ལྷ་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། རས་བཅོས་བུ་ཟུང་དེ་དག་ལ་རྐང་པས་བརྫིས་ཏེ་སོང་ངོ་།། རྒྱལ་པོས་སྨྲས་པ། ངེས་པ་རས་བཅོས་བུ་ཟུང་ཁྱོད་ཀྱི་རྐང་པའི་སྨན་མར་གྱུར་པ་འདི་རྣམས་ཇི་ལྟར་བྱ་ངེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་དབུལ་པོ་གཅེར་བུ་གོས་མ་མཆིས་པ་གང་ལགས་པ་དེ་དག་ལ་སྩོལ་ཅིག། རྒྱལ་པོས་ངེས་པ་དེ་ལྟར་བྱའོ་ཞེས་སྨྲས་ནས། རྒྱལ་པོའི་མི་རྣམས་ལ་བསྒོ་སྟེ། དེ་དག་གིས་ཀྱང་ཇི་སྐད་བསྒོ་བ་བཞིན་དུ་བྱས་སོ།། རས་བཅོས་བུ་ཟུང་དེ་དག་དབུལ་པོ་དེ་དག་གིས་བགོས་མ་ཐག་ཏུ་འདི་སྙམ་དུ་སེམས་བསྐྱེད་དེ། བདག་ཅག་གིས་ངེས་པ་ལ་ཇི་ལྟར་ལན་བླན་པར་བྱ་སྙམ་པ་ལས། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། དྲི་བའི་སྨོན་ལམ་གྱི་སྟོབས་ཀྱིས། དེ་དག་གིས་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་ཐོས་སོ། ། འདོད་པ་བཞིན་དུ་ལན་ནི་བླ་ན་བྱ་བ།། མེ་ཏོག་དང་ནི་སྤོས་དང་བྱུག་པ་དང་།། ཟས་སྐོམ་ནོར་རྣམས་ཀྱིས་ཀྱང་མི་ནུས་ཏེ།། བྱང་ཆུབ་སེམས་ཀྱིས་ངེས་པ་དགའ་བར་འགྱུར་ངེས་པ་གོས་དང་ཟས་འདོད་མ་ཡིན་ཏེ། ། རྙེད་དང་བཀུར་སྟི་གྲགས་པ་འདོད་མ་ཡིན།། ངེས་པ་བྱང་ཆུབ་སེམས་ལས་ཆོས་འདོད་དེ།། བྱང་ཆུབ་སེམ་གྱིས་ངེས་པ་དགའ་བ་སྟེ། དེ་ནས་དུས་གཞན་ཞིག་ན་རིགས་ཀྱི་བུ་དེས་པ་དང་། རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་བཅས། བློན་པོ་དང་བཅས། འཁོར་དང་བཅས་པ་དང་། མཛན་ཡོད་ཀྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། སྲོག་ཆགས་བརྒྱ་ཕྲག་མང་པོ་དག། བཅོམ་ལྡན་འདས་བལྟ་བའི་ཕྱིར་དོང་ངོ་།། དེ་ནས་མཉན་ཡོད་དང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འཁོར་གྱི་ཁྱམས་ཆེན་པོ་བཀྲ་བ། བལྟ་ན་སྡུག་པ། ཡངས་ཤིང་མཐོ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཁང་བཟངས་རྣམ་པར་རྒྱལ་བ་ལྟ་བུ་ཞིག་སྤྲུལ་ཏེ། དབུས་སུ་ཤིང་ཡོངས་འདུས་བརྟོལ་སྤྲུལ་ཏོ།། ཡོངས་འདུ་ས་བརྟོལ་གྱི་དྲུང་དུའང་། བཅོམ་ལྡན་འདས་ཀྱི་གདན་སེང་གེའི་ཁྲི་བཀྲ་བ་བལྟ་ན་སྡུག་ཅིང་ཆུ་ཞེང་གབ་པ་ལ། ལྷའི་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ་མངོན་པར་སྤྲུལ་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟན་དྲུག་ཁྲི་དག་ཀྱང་མངོན་པར་སྤྲུལ་ཏོ། ། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ལ་སོགས་པ་ལྷའི་བུ་མོ་ཁྲི་ཉིས་སྟོང་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུགས་པ་དང་། ལྷའི་ཙན་དན་གྱི་ཕྱེན་དག་ཁྱེར་ནས་སིལ་སྙན་དང་ལག་རྟོབ་པ་དག་བྱེད་ཅིང་། ངེས་པའི་གཡོག་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བརྒྱན་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་འོང་བར་ཐུགས་སུ་ཆུད་ནས། གཙུག་ལག་ཁང་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་གདན་བཤབས་པ་ལ་བཞུགས་སོ།། དེ་ནས་དྲི་ཟའི་བུ་གཙུག་ཕུད་ལྔ་པས་ལྷའི་བུ་མོ་ཉི་འོད་ལ་སྨྲས་པ། བཟང་མོ་ཚུར་ཤོག་ངེས་པའི་གཡོག་བྱ་བའི་ཕྱིར་རྒྱུད་ཀྱི་སྐྲ་དང་ཀླུའི་སྒྲ་དབྱངས་ཀྱིས་དེ་བཞིན་གཤེསས་པ་ལ་མཆོད་པར་བྱའོ། ། དེ་ནས་ལྷའི་བུ་མོ་ཉི་འོད་ཀྱི་ལྷའི་བུ་མོ་ལྔ་བརྒྱ་ཙམ་དང་ཐབས་ཅིག་ཏུ་རྒྱུད་ཀྱི་སྐར་སྦྱར་བའི་ཚིགས་སུ་བཅས་པ་དག་གིས་བསྟོད་པ། ཁྱོད་ཀྱིས་བསྐལ་པ་བརྒྱར་ནི་སྔན་ཆད་དཀའ་ཐུབ་སྤྱད། ། ཁྱོད་ནི་བསྡུ་བ་དག་དང་དུལ་དང་སྦྱིན་ལ་དགྱེས།། ཁྱོད་ཀྱི་སྐུ་གསུང་ཐུགས་རྣམས་ཡོངས་སུ་དག་པ་སྟེ།། སྲིད་གསུམ་འཇིག་རྟེན་བླ་མ་ལ་ནི་བདག་ཕྱག་འཚལ།། ཁྱོད་ནི་ཐ་བ་མི་མངའ་བཟོད་དང་བྱམས་ལ་དགྱེས། ། ཁྱོད་ནི་བརྩོན་འགྲུས་བརྟན་དང་སྟོབས་ཀྱིས་ཕ་རོལ་གཤེགས།། ཁྱོད་ནི་བསམ་གཏན་བློ་དང་ཚུལ་རྣམས་སྣང་ལ་དགྱེས།། དྲི་མ་གསུམ་གྱི་ཉེས་པ་སེལ་ལ་བདག་ཕྱག་འཚལ། ། ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི་མུག་སེལ་ལ་དགྱེས།། ཁྱོད་ཀྱི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེར་ལྡན།། ཁྱོད་ནི་ཡང་དག་གསུང་ཞིང་དམ་པའི་དོན་ཡང་མཁྱེན། ། སྲིད་པ་གསུམ་པོ་ཐར་པར་མཛད་ལ་བདག་ཕྱག་འཚལ།། ཁྱོད་ནི་མཐོང་བ་རྣམས་ཀྱི་ཐེ་ཙོམ་སེལ་བར་མཛད།། ཁྱོད་ནི་མཐོང་བ་རྣམས་ཀྱི་སྐྱོན་རྣམས་མཐའ་དག་སེལ།། ཁྱོད་ནི་མཐོང་བ་རྣམས་ལ་མཆོག་ཏུ་དཀའ་བར་མཛད། ། བདག་ནི་རྒྱལ་ལ་སྲོག་གིས་སྐྱབས་སུ་མཆི་བར་བགྱི།། ལྷ་ཡི་བུ་མོ་མཆོག་ནི་འདོད་ཆགས་ཆགས་གྱུར་པ།། གང་གིས་མཐོང་བ་དེ་ཡང་ཆོས་ལ་དགའ་བར་འགྱུར། ། དགའ་བས་དྲན་པ་ཤིན་ཏུ་རྒྱ་ཆེན་ཐོབ་འགྱུར་ཏེ།། དགའ་བས་སྡུག་ལ་འདོད་པའི་དགའ་དང་བྲལ་བར་འགྱུར།། མཚན་མཆོག་སུམ་ཅུཿ་གཉིས་དག་གི་རྒྱན་རྣམས་ཀྱིས། ། ལེགས་པར་བརྒྱན་པ་གསལ་བའི་ཡོན་ཏན་མཆོག་མངའ་བ།། གསུང་མཆོག་མི་ཡི་དམ་པ་གསུང་ནི་རྣམ་པར་དཀ། མཚུངས་པ་མེད་པའི་འོད་མངའ་ཁྱོད་ལ་བདག་ཕྱག་འཚལ། ། འཕགས་པ་འཛམ་བུའི་ཆུ་བོའི་གསར་མདོག་ཕྱག་མཐིལ་སྡུག། ཐུབ་པའི་སྐུ་སྟོད་སེང་གེའི་འདྲ་ཞིང་གླང་ཆེན་སྟབས།། སྤྲིན་ཚུགས་ལེགས་ཤིང་ཤང་ལེགས་ཚེམས་སྙོམས་ཐགས་བཟང་མཛེས། ། དཔལ་གྱི་སྙིང་པོ་ཤཱཀྱ་ཐུབ་མཆོག་ཁྱོད་ལ་འདུད།། རྒྱལ་བ་ཡོན་ངན་བརྒྱ་ཕྲག་དག་གིས་རྒྱས་གྱུར་པ།། བདེ་གཤེགས་ཤིན་ཏུ་དགའ་བསྐྱེད་མཛད་བསྟོད་པ་ཡི། ། བསོད་ནམས་ཡོན་ཏན་མཐའ་ཡས་བསྒྲུབ་པ་གང་ལགས་པ།། དེ་ཡིས་འདིར་ནི་འཇིག་རྟེན་སངས་རྒྱས་མཉམ་གྱུར་ཅིག། དེ་ནས་རིགས་ཀྱི་བུ་རེས་པབ་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་གིས་ཡོངས་སུ་བསྐོར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས། རིགས་ཀྱི་བུ་ངེས་པ་ལ་ཁྲིའུ་སྟན་བཟང་པོ་བདག་ཉིད་ཀྱིས་བྱིན་ཏེ། འདི་ལ་འདུག་ཅིག་ཅེས་བྱས་ནས། རིགས་ཀྱི་བུ་དེས་པ་ཁྲིའུ་སྟན་བཟང་དེ་ལ་འདུག་གོ། ། རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པའང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་རང་གི་སྟན་ལ་འཁོད་དོ།། དེ་ན་རིགས་ཀྱི་བུ་གང་དག་གིས་ངེས་པ་སྔོན་མ་མཐོང་བ་དེ་དག་འདི་སྐད་དུ་དབུལ་པོ་གོས་ངན་པ་གྱོན་པ་འདི་ལ་འདི་ལྟ་བུར་མཆོད་པ་བྱེད་དོ་ཞེས་འཛེར་ཏོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་དག་འདི་ལ་བརྙས་པར་མ་བྱེད་ཅིག། རིགས་ཀྱི་བུ་འདི་ཡོན་ཏན་གྱི་ཆེ་བ་ཉིད་ཇི་སྙེད་པ་དང་ལྡན་པ་དེ་ནི་ཁོ་བོའི་མངོན་སུམ་དུ་གྱུར་ཏོ།། གྲོགས་པོ་དག་ཁྱེད་ཞིག་སྡོད་ཅིག་དང་། རིགས་ཀྱི་བུ་འདིའི་ཡོན་ཏན་གྱི་བཀོད་པ་མཐོང་བར་འགྱུར་རོ།། དེ་ནས་རིགས་ཀྱི་བུ་ངེས་པས། ལྷའི་བུ་དེ་དག་གི་བསམ་པ་རྟོགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་བཀོད་པའི་ཐབས་དང་། ཡེ་ཤེས་ཀྱི་བཀོད་པའི་ཐབས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་ལས་འོད་ཕྱུང་སྟེ། འོད་དེ་ངེས་པའི་ལུས་ལ་རེག་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་ཅི་འདྲ་བ་དེ་ལས་འབུམ་གྱུར་པས་ཀྱང་ཅེས་ལྷག་པར་གྱུར་ཏོ། ། དེ་ནས་སྒྲའི་བུ་དེ་དག་ཡ་མཚན་དུ་འཛིན་པར་གྱུར་ཏེ། ངེས་པ་ལ་མེ་ཏོག་དག་གིས་གདོར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རིགས་ཀྱིས་བུ་ངེས་པ་ལ་བཀའ་སྩལ་པ། ངེས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་མཐུ་ལ་གནས་པའི་ཚེ་འང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དམན་པར་སྟོན་ཅིང་དམན་པའི་མཐུ་ལ་གནས་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཆོག་ཏུ་སྟོན་པར་བྱེད་པ་འདི་ནི་དེའི་ཀོད་པ་ཡིན་ནོ།། ཡེ་ཤེས་ལ་གནས་ཀྱང་མི་ཤེས་པར་སྟོན་ཅིང་། མི་ཤེས་པར་སྟོན་ཀྱང་ཤེས་པར་སྣང་བ་འདི་ནི་དེའི་བཀོད་པ་ཡིན་ནོ།། ཡེ་ཤེས་མ་ཐོབ་པ་རྣམས་ལའང་ལུས་ཀྱི་སྤྱོད་པ་དང་། སྤྱོད་ལམ་གྱིས་དད་པ་སྐྱེད་པར་བྱེད་ཅིང་། ཡེ་ཤེས་ཐོབ་པ་རྣམས་ལའང་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པས། རྫུ་འཕྲུལ་སྟོན་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། རྟག་ཏུ་སེམས་ལ་དབང་བྱེད་པས་ངན་ཅིང་དབུལ་བར་སྟོན་ཀྱང་། ཚངས་པས་ཀྱང་མཆོད་པ་དང་། མཆོག་གི་བཀོད་པ་ལ་གནས་ཀྱང་སྐྱེ་བོ་ཕལ་གྱིས་ཀྱང་མཆོད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། སེམས་ཅན་བསྡུ་བའི་ཕྱིར་ངན་ཅིང་དབུལ་བར་ཡང་གེ་བར་སྔོན་ལ། སེམས་ཅན་རྣམས་ལ་མངོན་པར་འབྱུང་བ་བསྐྱེད་པའི་ཕྱིར་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་ཡང་མངོན་པར་འབྱུང་བསྔོན་པ་འདི་ནི་དེའི་བཀོད་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་ངེས་པས་རྫ་སྲིད་ཅིག་ནས་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་ངེས་པ་ནི་སངས་རྒྱས་བྱེ་བ་མང་པོ་ལ་བསྙེན་བཀུར་བྱས་པ། སྔོན་གྱི་ཚུལ་ཕུན་སུམ་ཚོགས་པ། བཟོད་པ་གསུམ་ཐོབ་པ། སྤོབས་པ་ཐོབ་པ། མངོན་པར་ཤེས་པས་རྣམ་པར་རྩེ་བར་བྱས་པ། སེམས་ཅན་ཡོང་སུ་སྨིན་པར་བྱ་བ་ལ་མཁས་པ་སྟེ། ངན་ཅིང་དབུལ་བས་སེམས་ཅན་རྣམས་འདུལ་བར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་འདིས་ངན་ཅིང་དབུལ་བ་འདིས་སེམས་ཅན་ཇི་སྐད་ཅིག་བཏུལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ། ཀུན་དགའ་བོ་ལྷའི་བུ་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། མི་རྣམས་ཀྱང་དེ་དང་འདྲའོ།། ཀུན་དཀའ་བོས་གསོལ་པ་བཅོམ་ལྡན་འདས་ཇི་སྲིད་ཅིག་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར། འདིའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་རྣམས་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། ནི་ཇི་སྐད་ཅེས་བགྱི་བཞིག་ཏུ་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སེམས་ཅམངོན་ལ་བརྩོན་དང་འརྟུལ་ཞུགས་བརྟན་པ་དང་། ཟགས་པ་རྒྱ་ཆེན་དག་གི་བསམ་པ་ཁྱབ་བྱས་དང་།། བྱང་ཆུབ་ཡོན་ཏན་གནས་པའི་སྤྱོད་པ་ཅི་འདྲ་བ།། ངས་ནི་ཁྱོད་ལ་བཤད་ཀྱིས་ཀུན་དག་ཁྱོད་ཉོན་ཅིག། འདི་ན་རྒྱལ་ལ་མཆོད་མཆོག་ཕྱིར་ནི་གུས་བྱེད་ཅིང་།། དམ་པའི་ཆོས་ནི་བསྲུང་ཕྱིར་རབ་ཏུ་བརྩོན་བྱེད་པ།། ངེས་པ་ཡི་ནི་སྤྱོད་པའི་རྣམ་པ་གང་ཡིན་པ།། དེ་དག་འདིར་ནི་བགྲང་བར་ནུས་པར་མི་འགྱུར་རོ། ། ཕ་རོལ་ཕྱིན་པ་འདི་དག་ལ་ནི་ལེགས་པར་བསླབས།། མངོན་པར་ཤེས་པ་དག་གིས་སྔན་ཆད་རྩེ་བར་བྱས།། ཚངས་པའི་གནས་རྣམས་ཀྱི་ནི་མཐའ་མར་ཕྱིན་པར་སོང་།། ཐབས་པ་མཁས་པའི་སྤྱོད་པ་དག་ལ་ལེགས་པར་བསླབས། ། འདིར་ནི་དེ་ཡིས་འདུས་བྱས་སྐྱོན་རྣམས་ལེགས་པར་མཐོང་།། སངས་རྒྱས་བྱང་ཆུབ་ཀྱང་ནི་མངོན་སུམ་གྱུར་པར་བྱས།། འདིས་ནི་སེམས་ཅན་རྫ་ལྷ་ཇི་ལྟར་ཐར་གྱུར་པའི། ། རྣམ་པར་སྨིན་པའི་མཚན་ཉིད་ལ་ཡང་ལེགས་པར་བསླབས།། འཇིགས་པ་མེད་ཅིང་བློ་དང་རྟོགས་དང་དྲན་དང་ལྡན།། སྤོབས་པ་དང་ནི་གཟུངས་རྣམས་དང་ཡང་ལྡན་པ་སྟེ། བདུད་ཀྱི་ལྕགས་རྒྱ་ཉོན་མོངས་རྫབ་ལས་ངེས་བྱུང་ཞིང་།། སངས་རྒྱས་སྤྱོད་ཡུལ་དོན་ཆེན་ལ་ནི་རབ་ཏུ་གནས།། འཇིག་རྟེན་ཆོས་རྣམས་མང་པོ་དག་གིས་མ་གོས་ལ།། ཆགས་པ་ལ་སོགས་རྣམས་ཀྱིས་བྲག་ལྟར་ཡོངས་མི་གཡོས། ། སུ་ཡི་དྲུང་དུ་མི་འགྲོ་རིང་དུ་བྱེད་པའང་མིན།། ནམ་མཁའ་ལྟ་བུར་བཅིངས་དང་གྲོལ་བ་མེད་པ་ཡིན།། སྙི་རྗེས་གནས་ཤིང་སེམས་ཅན་ཡོངས་སུ་སྐྱོ་བ་མེད་ཤིན་དུ་བསྡམས་ཤིང་ནེས་ནུར་ཅན་ལ་བྱམས་སེམས་ལྡན། ། སེམས་ཅན་ཀུན་ལ་བདག་དང་འདྲ་བར་སྡུག་པར་ལྟ།། སྐྱོན་ལ་མི་ལྟ་འཁྲུལ་པ་དག་དང་ལྡན་པ་ཡིན།། ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབ་པ་རྣམས་ལ་གནས། ། འདི་ནི་ཇི་སྐད་སྦ་བ་བཞིན་དུ་སྤྱོད་པ་བྱེད།། ཆོས་ཉིད་ལ་ནི་ཆོས་ཀྱིས་ཚུལ་གྱིས་ལེགས་པར་བསླབས།། སྟོང་པ་ཉིད་ལ་མོས་ཤིང་གཉིས་ལས་རྣམ་པར་གྲོལ།། བརྗོད་པ་གསུམ་ཐོབ་སྐྱེ་བའི་སྤྱོད་ཡུལ་མ་ཡིན་ཏེ། ། སངས་རྒྱས་ཚུལ་དང་ཡོན་ཏན་དག་ལ་རབ་ཏུ་གནས།། འདི་ནི་འཇིག་རྟེན་གང་དུ་རྒྱུ་བ་བྱེད་པ་ན།། དེར་ནི་ཀྱེ་བོ་མང་པོ་རྣམ་པར་གྲོལ་བར་བྱེད།། སངས་རྒྱས་ཀྱི་ནི་སྲས་འདི་གང་དུ་གནས་པ་དེར། ། དེ་བཞིན་གཤེགས་པས་ཡུལ་ནི་སྟོངས་པ་མ་ཡིན་ཏེ།། དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་མ་ལུས་པས།། ཇི་ལྟར་སངས་རྒྱས་བཞིན་དུ་འདི་ལ་གུས་པར་གྱིས།། ང་ནི་མྱ་ངན་འདས་ནས་ཉམས་པའི་དུས་བབ་ཚེ།། ངེས་པ་འདི་ནི་སངས་རྒྱས་སྤྱོད་པ་སྤྱད་ནས་ཀྱང་།། སྔོན་ཆད་གནས་པ་མངོན་པར་དགའ་བའི་འཇིག་རྟེན་ཁམས།། མི་འཁྲུགས་འཇིག་རྟེན་ཉིད་དུ་ཕྱིར་ཡང་འགྲོ་བར་འགྱུར། ། བརྟན་པོ་སྲོག་ཆགས་རྣམས་ལ་ཕན་པར་བྱ་བ་དང་།། ཞིང་གི་འབྱོར་པ་དག་ནི་ཡོངས་སུ་བཙལ་བ་དང་།། བྱང་ཆུཆུ་ནི་སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར།། བསྐལ་པ་གྲངས་མེད་གསུམ་དུ་སྤྱོད་པ་སྤྱོད་པར་བྱེད། ། དེ་ཡི་འོག་ཏུ་དེ་ནི་སྐྱོབ་པ་རྒྱལ་བར་འགྱུར།། མིང་ནི་འཇིག་རྟེན་རྒྱལ་པོ་དབང་ཕྱུག་ཅེས་ཀྱང་བྱ།། དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་ཡི།། ཞིང་དང་འཇིག་རྟེན་དུ་ནི་མཚུངས་པ་ཡིན། ། འཇིག་རྟེན་ཁམས་དེ་ལེགས་པར་སྤྲུལ་པ་ཞེས་བྱ་སྟེ།། ཡོན་ཏན་ཐམས་ཅད་དང་ནི་ལྡན་པར་འགྱུར་བ་ཡིན།། ད་མི་ཚ་མི་ཚད་ནི་ལོ་ཁྲིར་ཐུབ་པར་འགྱུར། ། དེ་ཡི་དགེ་འདུན་ཤིན་ཏུ་མང་སྟེ་བགྲང་ལས་འདས།། ཉན་ཐོས་ཐེག་པ་ཅན་གྱི་དགེ་འདུན་ཉུང་བར་འགྱུར།། ཕལ་ཆེར་བྱང་ཆུབ་དོན་དུ་བརྩོན་པ་བྱས་ནས་སུ།། དེ་དག་ཐམས་ཅད་ཡེ་ཤེས་སྟོབས་དང་རྫུ་འཕྲུལ་ལྡན། ། རྣམ་པར་ཐར་པ་རྣམས་དང་ལྡན་ཞིང་འཇིགས་པ་མེད།། གཅིག་ཏུ་ངེས་པར་ཆོས་ནི་ལེགས་པར་བཤད་རྣམས་ཀྱིས།། འཇིག་རྟེན་ཁམས་དེར་རྟག་ཏུ་སྒྲ་ཆེན་བསྒྲགས་པར་འགྱུར། ། དེ་ན་བདུད་རྣམས་མེད་ཅིང་སྲིད་པར་ཆགས་པ་མེད།། དེ་དག་ཐམས་ཅད་ཡང་དག་རིག་ཅིང་རྣམ་པར་དག། བདེ་བར་གཤེགས་དེ་ཡོངས་སུ་མྱ་ངན་འདས་གྱུར་ནས།། ལོ་ནི་བརྒྱད་ཅུ་དག་ལས་བཞི་ལྷག་རྣམས་སུ་ཡང་། ། དེ་ཡིད་དམ་པའི་ཆོས་ནི་རབ་ཏུ་སྤྱོད་པར་འགྱུར།། དེ་ཚེ་དེ་ཡི་ཆོས་ཀྱི་ཚུལ་ནི་འཁྲུགས་པ་མེད།། དེས་པ་དེ་ཡིས་གང་དག་ཡོངས་སུ་སྨིན་བྱས་པ།། དེ་དག་བྱང་ཆུབ་བླ་ན་མེད་བའི་དོན་དུ་སྤྱོད། ། ཤིང་དེར་སེམས་ཅན་གང་དགའ་བྱུང་བར་འགྱུར་བ་རྣམས།། དེ་དག་ཐམས་ཅད་སྐྱོན་རྣམས་དང་ནི་བྲལ་བ་ཡིན། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་ལུང་བསྟན་པ་བཤང་མ་ཐག་ཏུ། དེ་ནས་དེའི་ཚེ་སྟོང་གསུམ་རྒྱ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་དང་། ཕྱེ་མ་དང་། གོས་དང་། རྒྱན་གྱི་ཆར་ཡང་མངོན་པར་བབ་བོ།། ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཀྱང་རང་རང་ནི་ཐོས་རྣམས་རིགས་ཀྱི་བུ་ངས་པ་ལ་བཀང་བོ། ། ཚོང་དཔོན་དང་། ཁྱིམ་བདག་དང་། བྲས་ཟེ་བརྒྱ་ཕྲག་མང་པོ་དག་ཀྱང་རབ་ཏུ་བྱུང་། དེ་ནས་བཅོམ་ལྡན་འདས་ལ། ངེས་པས་འདི་སྐད་ཅེས་གསོལ་ཏོ།། བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་དབྱུང་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་མགོ་བོ་ལ་ཕྱག་གིས་བྱུགས་སོ། ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་མགོ་བོ་ལ་རེག་མ་ཐག་ཏུ། གོས་ངུར་སྨྲིག་བགྲོ་ཤིང་དགེ་སློང་དུ་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་སྙིགས་མ་ལྔ་པོ་དུས་ཀྱི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། ཞིང་གི་སྙིགས་མ་དང་ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་པའི་དུས་སུ་ང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེར་ངེས་པས་ཇི་ལྟར་འདུལ་བ་ལས་རྣམ་པ་གཞན་གྱིས་གདུལ་བར་མི་བྱའོ།། ཀུན་དགའ་བོ་ང་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སངས་རྒྱས་ཀྱི་འདུལ་བས་སེམས་ཅན་རྣམས་འདུལ་བར་མི་བྱེད་ཀྱི། ཀུན་དགའ་བོ་ང་ནི་ངན་ཅིང་དབུལ་བ་དང་། ངན་འགྲོའི་འཇིགས་པས་བསྡིགས་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ། ། ཀུན་དཀའ་བོ་གལ་ཏེ་འཇིག་རྟེན་གྱི་ཁམས་འདིར་ངས་སངས་རྒྱས་ཀྱི་ཡུལ་གྱིས་ཆོས་བསྟན་ཅིང་། སངས་རྒྱས་ཀྱི་ཡུལ་ཉེ་བར་བརྟན་དུ་ཟིན་ན། སེམས་ཅན་གཅིག་ཀྱང་འདུལ་བར་མི་འགྱུར་ལ། ཆོས་ཀྱང་རྟོགས་པར་མི་འགྱུར་རོ།། ཀུན་དགའ་བོ་དེ་ལྟ་བས་ན། ང་དང་ངེས་པ་ཇི་ལྟར་འདུལ་བར་བྱེད་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སེམས་ཅན་གདུལ་བར་གྱིས་ཤིག། ཀུན་དགའ་བོ་སེམས་ཅན་དད་པ་ཅན་དང་རྟོག་པ་མང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་དད་པ་རྙེད་ཅིང་དེ་བཞིན་དུ་སྒྲུབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་དེས་བདང་བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་གསལ་རྒྱལ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིན་རྟེན་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། འཕགས་པ་དེས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ། འདུས་པ་ཉི་ཤུ་རྩ་བདུན་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སོག་བས་བསྒྱུར་ཅི་ཞུས་ཏེ་གཏན་ལ་ཕབ་པའོ།

CLOSE WINDOW