CLOSE WINDOW

S11.02: འཕགས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

། ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་བབ་ན། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་རྣམས་དང་ཐབས་ཅིག། ཏུ་བཞུགས་སོ།། ཡང་དེའི་ཚེ་ན་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཞིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ཤེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཀོད་པ་མཐའ་ཡས་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཚད་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དག་ལ་ཡང་དག་པར་རབ་ཏུ་ཞུགས་པ་རྣམས་དང་། གོ་ཆ་ཆེན་པོ་བགོས་པ་རྣམས་ཀྱི་སླད་དུ། དེ་བཞིན་གཤེགས། པ་ལ་བདག་ཕྱོགས་འགའ་ཞིག་ཡོངས་སུ་ཞུའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཆེན་པོའི་ས་ལ་ཡང་དག་པར་རབ་ཏུ་ཞུགས་པ་རྣམས་དང་། དོན་མཐའ་ཡས་པ་ཤེས་པའི་ཐབས་ལ་མཁས་པ་ལ་ཡང་དག་པར་རབ་ཏུ་ཞུགས་པ་རྣམས་དང་། རྣམ་པར་ངེས་པས་ཡེ་ཤེས་ཆེན་པོ་ཡང་དག་པར་བརྩམས་པ་ལ་ཡང་དག་པར་རབ་ཏུ་ཞུགས་པ་རྣམས་དང་། བྱང་ཆུབ་ཀྱི་ལམ་ལ་ཡང་དག་པར་ཞུགས་པ་དེ་ལྟ་བུ་དེ་དག་གི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་ཉེ་བར་བསྒྲུབ་པ་ལ་ཡང་དག་པར་རབ་ཏུ་ཞུགས་པ་རྣམས་དང་། སེམས་དཔེ་མ་མཆིས་པ་རྣམས་དང་། ཆོས་ཐམས་ཅད་རྣམ་པར་དག་པར་ཤེས་པའི་དོན་ལ་སེམས་པ་རྣམས་དང་། ཐབས་ལ་མཁས་པའི་ཤེས་པ་ཆེན་པོས་རབ་ཏུ་རྣམ་པར་འབྱེད་པ་རྣམས་དང་།། དོན་ཚད་མ་མཆིས་པ་རྣམ་པར་ངེས་པའི་ཐབས་ལ་མཁས་པ་རྗེས་སུ་ཐོབ་པར་འཚལ་བ་རྣམས་དང་། སེང་གེའི་ཁྲི་ཆེན་པོ་མངོན་པར་འཚལ་བ་རྣམས་དང་། ཐམས་ཅད་མཁྱེན་པའི་སེང་གེའི་ཁྲི་གདན་ལ་མངོན་པར་མཆིས་པ་རྣམས་དང་། རྣམ་པར་གནོན་པ་ཆེན་པོ་ངེས་པར་བརྩམས་པ་ལ་ཡང་དག་པར་རབ་ཏུ་ཞུགས་པ་རྣམས་དང་། ཕྱིར་མི་ལྡོག་པའི་ངེས་པའི་ཚིག་སྣ་ཚོགས་ལ་མཁས་པ་རྣམས་དང་། རྣམ་པར་འབྱེད་པའི་བརྩོན་འགྲུས་ཆེན་པོ་ཀུན་ཏུ་བརྩམས་པའི་གོ་ཆ་ཆེན་པོ་ཤིན་ཏུ་བགོས་པ་དེ་དག་གིས་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུ་བར་འཚལ་ལོ། ། བཅོམ་ལྡན་འདས་སེམས་ཅན་གང་དག་སེམས་ཅན་ཐམས་ཅད་ཀྱི་མཆོག་བགྱིད་པར་འཚལ་བ་རྣམས་དང་། སེམས་ཅན་ཐམས་ཅད་ལ་དབང་ཕྱུག་གིས་དབང་སྒྱུར་བའི་ཕ་རོལ་ཏུ་ཕྱིན་པར་འཚལ་བ་རྣམས་དང་། བཅོམ་ལྡན་འདས་གང་དག་ཐོགས་པ་མ་མཆིས་པའི་མི་འཇིགས་པའི་ཤེས་པ་རྗེས་སུ་ཐོབ་པར་འཚལ་བ་རྣམས་དང་། མི་འཇིགས་པ་གང་ལ་གནས་ནས་སེམས་ཅན་རྣམས་ལ་འཕེལ་བམ་མཆིས་པ་དང་། འགྲིབ་པ་མ་མཆིས་པའི་ཐབས་དང་། རྐྱེན་གྱི་ཆོས་སྟོན་པར་འགྱུར་བ་རྣམས་དང་ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་ཐམས་ཅད་ཀྱི་དོན་རྒྱ་ཆེར་སྟོན་པར་འགྱུར་བ་རྣམས་དང་། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ལ་ཇི་ལྟ་བ་བཞིན་དུ་འཇུག་པ་སྟོན་པར་འགྱུར་བ་རྣམས་དང་། བཅོམ་ལྡན་འདས་གང་དག་དཔེ་མ་མཆིས་པའི་སེམས་དང་། བླ་ན་མ་མཆིས་པའི་སེམས་དང་། མཆོག་གི་སེམས་དང་ལྡན་པ་རྣམས་དང་། སེམས་ཀྱི་དབང་ཕྱུག་རྗེས་སུ་ཐོབ་པར་འཚལ་བ་དེ་དག་གི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུ་བར་འཚལ་ལོ།། བཅོམ་ལྡན་འདས་གང་དག་འཇིག་རྟེན་ཐམས་ཅད་ལ་སྨན་པ་དང་བདེ་བའི་སླད་དུ་མ་རིག་པའི་སྒོ་ངའི་སྦུབས་བརྟོལ་ནས་སློབ་དཔོན་ལ་མི་ལྟོས་པར་རང་བྱུང་ཡེ་ཤེས་ཀྱི་མཛོད་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོག་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། རབ་ཀྱི་མཆོག་ཏུ་འགྱུར་བར་འཚལ་བ་དེ་དག་གི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུ་བར་བགྱིད་དོ།། བཅོམ་ལྡན་འདས་སེམས་ཅན་གང་དག་འཇིག་རྟེན་ཐམས་ཅད་ལ་སྨན་པ་དང་བདེ་བའི་སླད་དུ་ཉེ་བར་གནས་པ་རྣམས་དང་། མི་འཇིགས་པ་ཆེན་པོའི་ཡེ་ཤེས་རྗེས་སུ་ཐོབ་པར་འཚལ་བ་རྣམས་དང་། རང་བྱུང་གི་ཡེ་ཤེས་ཀྱི་སྟོབས་ལ་གནས་ནས་ཡེ་ཤེས་མཐའ་ཡས་པ་སྟོན་པའི་ཐབས་ལ་མཁས་པ་རྣམ་པར་འབྱེད་པར་འཚལ་བ་རྣམས་དང་། རྣམ་པར་ངེས་པའི་ཆོས་མཐའ་ཡས་མུ་མེད་པ་དག་རབ་ཏུ་སྟོན་པར་འཚལ་བ་རྣམས་དང་།། བཅོམ་ལྡན་འདས་གང་དག་ལྷ་དང་བཅས་པའི་འཇིག་རྟེན་དག་འོད་ཀྱིས་སྣང་བར་བགྱི་བར་འཚལ་བ་དེ་དག་གི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུ་བར་བགྱིད་དོ། ། བཅོམ་ལྡན་འདས་གང་དག་ཐབས་ལ་མཁས་པས། སེམས་ཅན་རྣམས་ལ་བླ་ན་མེད་པའི་ཡེ་ཤེས་རྒྱ་ཆེན་པོ་ཐོགས་པ་མ་མཆིས་པ་དག་ཡང་དག་པར་རབ་ཏུ་སྟོན་པར་འཚལ་བ་རྣམས་དང་། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སྟོན་པའི་ཐབས་ལ་མཁས་པ་རྣམ་པར་འབྱེད་པར་འཚལ་བ་དེ་དག་གི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུ་བར་འཚལ་ལོ།། བཅོམ་ལྡན་འདས་གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཐབས་ལ་མཁས་པའི་ས་རྗེས་སུ་ཐོབ་པར་འཚལ་བ་དེ་དག་གི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུ་བར་འཚལ་ལོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ས་གང་ལ་གནས་ནས་མྱུར་དུ་སངས་རྒྱས་ཀྱིས་ཡོངས་སུ་རྫོགས་པར་བགྱིད་པ་རྣམས་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་དག་རྟོགས་པར་བགྱིད་པ་རྣམས་དང་། ཚེགས་ཆུང་ངུས་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་དག་རྟོགས་པར་བགྱིད་པ་རྣམས་དང་། ཡེ་ཤེས་གང་གིས་སེམས་ཅན་རྣམས་ཀྱི་མི་དགེ་བའི་ཆོས་རྣམས་སྤང་བ་དང་། དགེ་བའི་ཆོས་རྣམས་སྤེལ་བ་དང་། བྱང་ཆུབ་ཀྱི་ལམ་དང་ཐམས་ཅད་མཁྱེན་པའི་གདུང་རིགས་ཀུན་ཏུ་བསྟན་པར་བགྱི་བ་དང་། སེམས་ཅན་སྟོང་ཕྲག་མང་པོ་དཔག་ཏུ་མ་མཆིས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་སོ་སོར་འགོད་པར་བགྱིད་པའི་ཡེ་ཤེས་དེ་ལྟ་བུ་དག་མངོན་སུམ་དུ་བགྱི་བའི་སླད་དུ་སྒྲུབ་པར་བགྱིད་པ་རྣམས་དང་། བཅོམ་ལྡན་འདས་སེམས་ཅན་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་ཀྱི་ལམ་ཡང་དག་པར་རབ་ཏུ་སྟོན་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་དག་པར་དགའ་བ་དེ་དག་གི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུ་བར་བགྱིད་དོ། ། བཅོམ་ལྡན་འདས་འཁོར་མང་པོ་འདུས་པར་གྱུར་པ་འདི་དག་ལ།། གང་དེ་བཞིན་གཤེགས་པས་དེ་ལྟ་བུའི་ཆོས་ཀྱི་སྒོ་དག་བསྟན་པའི་དུས་ནི་འདི་ལགས། ཚོད་ནི་འདི་ལགས་ཀྱིས། དེ་ལྟ་བུའི་ཆོས་ཀྱི་སྒོ་དག་བཤད་ཅིང་། དེ་ལྟ་བུའི་ཆོས་བསྟན་པ་དེ་དག་ཉེ་བར་བསྒྲུབ་ཏུ་གསོལ། བྱང་ཆུབ་སེམས་དཔའ་འདི་དག་ཀྱང་ཇི་ལྟར་བསམ་གྱིས་མི་ཁྱབ་པའི་སྨོན་ལམ་ཡོངས་སུ་རྫོགས་ཤིང་། ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཤ་སྟག་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་དག་ཆོས་ཚུལ་ཚད་མ་མཆིས་པ་རྣམ་པར་འབྱེད་པ་མཁས་པའི་གཞིར་འགྱུར་བ་དང་། ངེས་པའི་ཚིག་གིས་དོན་ཐམས་ཅད་རྟོགས་ཤིང་སྟོན་པར་འགྱུར་བ་དང་། འཚལ་ན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། འཚལ་ན་རྫུ་འཕྲུལ་གྱི་སྟོབས་མཐའ་ཡས་པ་དག་ལ་གནས་ནས། སེམས་ཅན་ཚད་མ་མཆིས་པ་རྣམས་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀུན་ཏུ་གཟུང་བ་ལ་མཁས་པར་བགྱི་བའི་སླད་དུ། དེ་བཞིན་གཤེགས་པས་དེ་དག་ལ་གཟུངས་ཀྱི་སྒོ་ལ་མཁས་པ་དེ་ལྟ་བུ་དག་ཉེ་བར་བསྒྲུབ་ཏུ་གསོལ། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པས་དེ་ལྟ་བུའི་ཆོས་ཀྱི་སྒོ་དག་ཡང་དག་པར་རབ་ཏུ་བཤད་ན། སེམས་ཅན་དཔག་ཏུ་མ་མཆིས་པ་དག་ཀྱང་བྱང་ཆུབ་ཀྱི་ལམ་ལ་མཁས་ཤིང་ཡོངས་སུ་སྨིན་པར་འགྱུར་རོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྔོན་ཡུན་རིང་པོ་ནས་སེམས་ཅན་ཚད་མ་མཆིས་དཔག་ཏུ་མ་མཆིས་པ་དག་སངས་རྒྱས་ཀྱི་མཁྱེན་པ་དང་། རང་བྱུང་གི་ཡེ་ཤེས་ལ་སོ་སོར་དགོད་པར་སྨོན་ལམ་མཛད་པ་དེའི་དུས་ནི་འདི་ལགས་ཀྱིས། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་དག་རང་རང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་འགྱུར་བ་དང་། སླར་ཞིང་རྒྱ་ཆེར་གོང་ནས་གོང་དུ་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ལ་མཁས་པས་གནས་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་མཐུས་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་དང་། ཚད་མ་མཆིས་པ་དག་འཐོབ་པར་འགྱུར་བ་དེ་ལྟར་དེ་དག་ལ་གཟུངས་ཀྱི་སྒོང་ལྟ་བུ་དག་བཤད་ཅིང་རབ་ཏུ་བསྟན་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི། ཐབས་ལ་མཁས་པ་མཐའ་ཡས་པ་དག་ནི་ཐུགས་སུ་ཆུད། མི་འཇིགས་པ་ཆེན་པོའི་ས་ལ་ནི་ཤིན་ཏུ་རབ་ཏུ་བཞུགས། བསྐལ་པ་བྱེ་བ་དཔག་ཏུ་མ་མཆིས་པ་ནས་ཡང་དག་པར་བསྒྲུབས་པའི་དགོངས་པས་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྒྲུབ་པ་ལ་མཁས་ན། བཅོམ་ལྡན་འདས་འཁོར་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཞལ་དུ་ལྟ་ཞིང་། འཁོར་འདི་དག་ནི་དེ་བཞིན་གཤེགས་པ་ལ་ལྟ་བས་ངོམས་མ་འཚལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བས་ངོམས་མ་འཚལ། ཆོས་ཡོངས་སུ་ཚོལ་བས་ངོམས་མ་འཚལ། དོན་རྣམ་པར་ངེས་པའི་ཆོས་ཀྱི་མཛོད་ཉན་པས་ངོམས་མ་འཚལ་བ་ལགས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་འཁོར་འདི་རྣམས་ཀྱི་བསམ་པ་སྒྲུབ་པ་ལ་མཁས་ཤིང་། དེ་བཞིན་གཤེགས་པས་ནི་བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཀྱི་སྨོན་ལམ་ལ་མཁས་པའང་རབ་ཏུ་མཁྱེན། འཇུག་པ་ལ་མཁས་པའང་རབ་ཏུ་མཁྱེན། ཡོངས་སུ་སྨིན་པར་བགྱི་བ་ལ་མཁས་པའང་རབ་ཏུ་མཁྱེན་པས་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་དང་། དེ་བཞིན་གཤེགས་པའི་ཡུལ་བླ་ན་མེད་པ་ལ་བཞུགས་ནས། དེ་དག་ལ་ཆོས་ཀྱི་སྒོ་གང་དག་དང་། གཟུངས་ཀྱི་སྒོའི་ཚིག་གང་དག་གིས་ཆོས་ཐམས་ཅད་རྣམ་པར་ངེས་པ་ལ་མཁས་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟ་བུ་དག་དེ་བཞིན་གཤེགས་པས་བཀའ་སྩལ་ཅིང་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བགྱི་བ་དང་། ཡོངས་སུ་སྨིན་པ་རྣམས་མངོན་པར་ཤེས་པ་མྱུར་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཐམས་ཅད་མཁྱེན་པའི་སེམས་སོ་སོར་ཐོབ་པར་བགྱི་བ་དང་། བཅོམ་ལྡན་འདས་གང་དག་མ་ངེས་པའི་ས་ལ་གནས་པའི་སེམས་ཅན་དེ་དག་གི་ཆོས་བསྟན་པ་འདི་ཐོས་ན། ཐམས་ཅད་མཁྱེན་པའི་ཡུལ་ལ་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་བུའི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཤིན་ཏུ་རྣམ་པར་ངེས་པ་དག་ཡོངས་སུ་ཞུའོ།། བཅོམ་ལྡན་འདས་བྱམས་པ་ཆེན་པོས་སེམས་ཅན་རྣམས་ཡོངས་སུ་གཟུང་བའི་སླད་དུ། ཆོས་བཤད་པ་འདི་ལ་བཞུགས་སུ་གསོལ། བཅོམ་ལྡན་འདས་ཇི་ལྟར་སླད་མའི་དུས་སླད་མའི་ཚེ་ན། གནོད་སེམས་ཆེ་བའི་དུས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་མང་པོ་འབྱུང་བའི་དུས་དང་། མ་རིག་པས་ཟིན་པར་གྱུར་པའི་སེམས་ཅན་རྣམས་ཆོས་འཁྲུག་པ་འཆབ་པར་མི་བགྱིད་པའི་དུས་དང་། ཆོས་ལ་རྩོད་ཅིང་འཐབ་པའི་དུས་ན། བྱང་ཆུབ་སེམས་དཔའ་རྣམས་བྱམས་པ་ཆེན་པོས་ཡང་དག་པར་ཟིན་པའི་སེམས་ཀྱིས་འཁྲུག་པ་དེ་ལ་བཟོད་ཅིང་ཇི་མི་སྙན་པར་བགྱིད་པ་དང་། རྩོད་པ་མ་མཆིས་པར་ཆོས་ཀྱི་ཚུལ་འདི་ལ་ངེས་པར་འབྱུང་བར་འགྱུར་བ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་རྩོད་པ་མ་མཆིས་ཤིང་རྗེས་སུ་མཐུན་པར་འགྱུར་བ་དང་། དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དག་རྗེས་སུ་ཐོབ་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བདག་དོན་རྣམ་པར་ངེས་པ་འདི་དག་ཡོངས་སུ་ཞུའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཐོགས་པ་མ་མཆིས་པའི་ཆོས་ཀྱི་ཚུལ་འདི་རྣམ་པར་དབྱེ་བར་བཞེད་ན། བཅོམ་ལྡན་འདས་གང་དག་ཆོས་ཐམས་ཅད་ཀུན་ཏུ་བསྡུ་བ་ལ་མཁས་པར་འགྱུར་བའི་ཆོས་བསྟན་པའི་སྒོ་དང་། ཆོས་སྣང་བའི་སྒོ་དེ་དག་གང་ལགས། དེ་བཞིན་གཤེགས་པས་ཐམས་ཅད་བསྡུ་བ་ལ་མཁས་པ་གང་གིས་ཆོས་ཀྱི་ཚུལ་འདི་ནི་བསླུ་བ་མེད་ཅིང་ཉེ་བར་ཞི་བའོ་ཞེས་བསྟན་ཅིང་།། ཆོས་ཀྱི་གཏེར་དཔག་ཏུ་མ་མཆིས་པ་དག་རྣམ་པར་དབྱེར་གསོལ། ཆོས་ཀྱི་མཛོད་རྣམས་རྣམ་པར་དགྲོལ་དུ་གསོལ། དེ་བཞིན་གཤེགས་པ་ནི་ཟིལ་གྱིས་མི་ནོན་ཅིང་། ཉམས་པ་མི་མངའ་ལ་རྒྱུན་མི་འཆད་པའི་དགོངས་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ཕ་རོལ་རྒོལ་བ་ཐམས་ཅད་ནི་ཆོས་དང་མཐུན་པས་ཚར་བཅད་ཅིང་རབ་ཏུ་བཏུལ། བདུད་ཐམས་ཅད་ནི་ཕམ་པར་མཛད། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་སེམས་ཅན་རྣམས་ལ་དགེ་བའི་རྩ་བ་ནི་ཡང་དག་པར་སྒྲུབ། སེམས་ཅན་རྣམས་ལ་སྨོན་ལམ་ལ་མཁས་པ་མཐའ་ཡས་པ་མངོན་པར་འཕགས་པ་དག་ནི་ཡང་དག་པར་སྒྲུབ་ཅིང་ཀུན་ཏུ་སྟོན། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་ནི་མངོན་པར་འཕགས། ཆོས་ཀུན་བསྡུ་བ་ཚད་མ་མཆིས་པ་རྣམས་ནི་རྗེས་སུ་དགོངས། སྤོབས་པ་ཕུན་སུམ་ཚོགས་པ་མཐའ་ཡས་པ་དང་ནི་ལྡན་ན། རྣམ་པར་གསལ་བའི་ཚིག་འབྲུ་དཔེ་མ་མཆིས་པ་རྣམས་དང་། ཤིན་ཏུ་རྣམ་པར་སྦྱངས་པའི་སོ་སོ་ཡང་དག་པར་རིག་པ་རྒྱུན་མ་འཆད་པ་རྣམས་ཀྱིས་གཟུངས་ཚུལ་ལ་མཁས་པ་མཐའ་ཡས་པ་ཁོང་དུ་ཆུད་པར་འགྱུར་བ་དང་། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་ངེས་པའི་ཚུལ་ལ་མཁས་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་བསམ་པ་སྒྲུབ་པར་བསྐུལ་བ་དང་། སེམས་ཅན་རྣམས་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་སྦྱོར་བ་བསྟན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཡང་དག་པར་བསྟན་པ་དང་། རྒྱལ་རག་ལས་པ་རྣམས་ཡང་དག་པར་བསྟན་པ་དང་། ཆོས་གང་ལའང་མངོན་པར་ཞེན་པ་མ་མཆིས་པར་སེམས་ཅན་རྣམས་ལ་ཆོས་བསྟན་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ངག་ནསངས་རྒྱས་བཅོམ་ལྡན་འདས་རྣམས་དེ་དག་ལ་ཡང་དག་པའི་ཆེད་དུ་རྗོད་པ་གསུང་བར་འགྱུར་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་རྫུ་འཕྲུལ་གྱི་སྟོབས་དང་མི་འཇིགས་པས་སེམས་ཅན་རྣམས་ཀྱི་ཆོས་ལ་ལྟ་བ་སྤང་བར་བགྱི་བ་དང་། སེམས་ཅན་རྣམས་ལ་རྣམ་པར་ངེས་པའི་ཆོས་བསམ་གྱིས་མི་ཁྱབ་པ་དག་བསྟན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་སྨིན་པར་བགྱི་བ་ལ་མཁས་པ་དེ་ལྟ་བུའི་ཆོས་ཀྱི་གཏམ་འབེལ་བ་དག་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་དེ་ལྟར་ཐབས་ལ་མཁས་པ་ཆེན་པོའི་ས་ཡོངས་སུ་བརྟག་པའི་ཆེད་དང་། དོན་ཐམས་ཅད་ཤེས་པའི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་དག་ཡང་དག་པར་བསྡུ་བའི་སླད་དུ། དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་ཞུའོ།། བཅོམ་ལྡན་འདས་གཞན་ཡང་ཆོས་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ལ་མཁས་པ་དང་། ཡོངས་སུ་སྨིན་པར་བགྱི་བ་ལ་མཁས་པ་དང་། ཐབས་ལ་མཁས་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་བསྟན་པ་འདི་ཐོས་ན་ཆོས་ཀྱི་སྣང་བ་ཆེན་པོ་སོ་སོར་འཐོབ་པར་འགྱུར་བ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྨིན་པར་འགྱུར་བ་དང་། སྨོན་ལམ་གྷི་ཁྱད་པར་ལ་མཁས་པ་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་བུའི་ཆོས་དག་དེ་བཞིན་གཤེགས་པས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཀོད་པ་མཐའ་ཡས་གང་ཁྱོད་དེ་ལྟར་ཤིན་ཏུ་དུལ་བའི་བློས་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བ་ནི་ལེགས་སོ་ལེགས་སོ། ། བཀོད་པ་མཐའ་ཡས་ཇི་ལྟར་ཡང་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ཡོངས་སུ་རྫོགས་པར་བྱ། བའི་ཕྱིར་ཞུགས་པ་དང་། ཇི་ལྟར་ཡང་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་རྣམ་པར་དག་པར་བྱ་བའི་ཕྱིར་ཞུགས་ཤིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆེད་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་ཕྱིར། དེ་ལྟར་དེ་བཞིན་གཤེགས་པ་ལ་ཤིན་ཏུ་རྣམ་པར་ངེས་པ་དག་ཡོངས་སུ་ཞུ་བ་ནི། ཁྱོད་ཀྱི་ཡོན་ཏན་མཐར་ཐུག་པར་བླ་བ་མ་ཡིན་ནོ། ། བཀོད་པ་མཐའ་ཡས་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཞིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་དེ་དག་དང་གཞན་ཡང་ཡོན་ཏན་ཚད་མེད་པ་དག་གིས་མངོན་པར་འཕགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་དག་བཤད་པར་བྱའོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས། བཅོམ་ལྡན་འདས་ཀྱི་ལྟར་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བཀོད་པ་མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་ལ་མཁས་པ་མཐའ་ཡས་པ་མངོན་པར་འདོད་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པའི་གསང་ཚིག་ལ་འཇུག་པར་བྱ། ཀུན་ཏུ་གཟུང་བར་བྱ། ངེས་པར་བརྟག་པར་བྱ།། ཚུལ་བཞིན་དུ་ཡིད་ལ་ཉེ་བར་བརྟག་པར་བྱའོ།། ཇི་ལྟར་ཚུལ་བཞིན་དུ་ཉེ་བར་བརྟག་པར་བྱ་ཞེ་ན། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནི་ཇི་ཙམ་དུ་ཡང་དག་པར་བསྡུ་བ་ལ་མཁས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལས་འབྱུང་བས། ཡོངས་སུ་མ་དག་པ་ལས་འབྱུང་བ་མེད་དོ།། བཀོད་པ་མཐའ་ཡས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལ་ཡང་དག་པར་རབ་ཏུ་བསླབ་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་རྣམས་ནི། དེ་དག་གིས་ཆོས་འདི་དག་ཉིད་ལ་ངེས་པར་བརྟེན་ཅིང་། ཐུགས་རྗེ་ཆེན་པོ་ལ་གནས་ནས་སེམས་ཅན་རྣམས་ལ་བྱམས་པ་ཆེན་པོས་ཁྱབ་པར་མཛད་པ་ལས། འདི་ལྟར་རྣམ་པར་ངེས་པའི་ཆོས་རྣམས་མཚུངས་པར་འབྱུང་སྟེ། སེམས་ཅན་དམན་པ་ལ་མོས་པ་ཁ་ཅིག་ནི་ཉན་ཐོས་ཀྱིས་ལ་འཇུག་པར་འགྱུར་རོ། ། ངན་པའི་ས་ལ་མོས་པའི་སེམས་ཅན་ཁ་ཅིག་ནི་རང་སངས་རྒྱས་ཀྱི་ས་ལ་འཇུག་པར་འགྱུར་རོ།། སྨོན་ལམ་ཆེན་པོ་ཕུན་སུམ་ཚོགས་པའི་སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་རྣམས་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་ལ་འཇུག་པར་འགྱུར་རོ།། དམན་པའི་ཆོས་དང་ངན་པའི་ཆོས་རྣམ་ཡོངས་སུ་སྤངས་པ་ངེང་ནི། རྒྱ་ཆེན་པོའི་ཆོས་ལ་མོས་པ་འདི་ལ་གནས་ཤིང་། ངེད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་བསྟན་པའི་གསང་ཚིག་གི་མཚམས་དེ་དག་མཁྱེན་ནས། སེམས་ཅན་རྣམས་ཀྱི་དབང་པོ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བ་དང་། མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་ཚིག་འབྲུ་དཔེ་མེད་པ་དང་། རྒྱ་ཆེ་བ་དང་། གྱ་ནོམ་པ་རྣམས་ཀྱིས་ཆོས་ཐམས་ཅད་ཡང་དག་པར་བླངས་པ་དག་འབྱུང་སྟེ། ཆོས་དེ་དག་ཐམས་ཅད་ནི་མཉམ་པ་སྟེ། ལྷག་པ་མེད་པ། ཆད་པ་མེད་པ། གཟུགས་མེད་པ་མ་ཡིན་པ། གཟུགས་མཉམ་པ་མ་ཡིན་པ། འགྲིབ་པ་མེད་པ། ཡོངས་སུ་རྫོགས་པ་མེད་པ། མཐའ་ཡས་པ། འཆི་བ་མེད་པ། རང་བཞིན་གྱིས་རྣམ་པར་དག་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པའི་ངོ་བོ་ཉིད་ཀྱི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་རྟོགས་པར་འགྱུར་ཡང་། ཆོས་གང་ཡང་རབ་ཏུ་རྟོགས་པའང་མེད། ཡང་དག་པར་རྟོགས་པའང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པས་རྣམ་གྲངས་སུ་བསྟན་ཏེ་གསུངས་པས་ན། གང་རྣམ་གྲངས། སུ་བསྟན་ཏེ་གསུངས་པའི་ཆོས་དེ་ལ་ནི། ཆོས་དང་ཆོས་མ་ཡིན་པའི་གནས་སྐབས་སུ་གདགས་པ་མེད་པའི་ཕྱིར་རོ།། རྗེས་སུ་བཏགས་པའི་ཆོས་ཐམས་ཅད་ནི་དོན་དམ་པར་ཡང་དག་པ་ཉིད་དུ་ནི་གདགས་སུ་མེད་དེ། ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཞོལ་བར་དེ་བཞིན་གཤེགས་པས་གསུངས་སོ།། ཆོས་དང་ཆོས་མ་ཡིན་པ་རྣམས་ནི་རྣམ་པར་རྟོག་པས་ཉེ་བར་གནས་པར་བྱས་པ་མ་ཡིན། རྣམ་པར་མི་རྟོག་པས་ཀྱང་མ་ཡིན་ནོ།། ཆོས་ཐམས་ཅད་ནི་རྟོག་པ་ཇི་ལྟ་བ་བཞིན་དུ་མཉམ་པ་ཉིད་ཡིན་པས་རྣམ་པར་རྟོགས་པའོ།། ཆོས་ཐམས་ཅད་ནི་ཁྱད་པར་ཁོང་དུ་ཆུད་པས་ཁྱད་པར་མེད་པའོ། ། ཆོས་ཐམས་ཅད་ནི་བྱུང་བ་མེད་པས་མ་བྱུང་བའོ།། ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་ཡོངས་སུ་བརྟགས་ཤིང་ཀུན་ནས་བསླང་བས་དངོས་པོ་མེད་པའོ། ། ཆོས་ཐམས་ཅད་ནི་ཀུན་ནས་སློང་བ་ལ་རག་ལས་པས་ཀུན་ནས་ལྡང་བ་མེད་པའོ།། ཆོས་ཐམས་ཅད་ནི་ཕན་ཚུན་རྡོབ་པ་མེད་པས་འཇུག་པ་མེད་པའོ།། ཆོས་ཐམས་ཅད་ནི་བཏང་སྟོམ་ཡོངས་སུ་རྫོགས་པས་ལྟོས་པ་མེད་པའོ། ། ཆོས་ཐམས་ཅད་ནི་བླང་བ་དང་དོར་བ་མེད་པས་རྗེས་སུ་སྦྱོར་བ་མེད་པ་སྟེ། འདིར་ནི་སྨོན་ལམ་གྱི་ཁྱད་པར་གྱི་ལས་བྱེད་དོ།། ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང་ཆོས་ཀྱི་ངོ་བོ་ཉིད་ལས་ཤིན་ཏུ་འདས་པས་བདག་གི་བ་མེད་པའོ། ། ཆོས་འདི་དག་ཐམས་ཅད་ནི་སྤྲོས་པ་མེད་པས་ཁྱད་པར་མེད་ཅིང་མཉམ་པའོ།། ཆོས་འདི་དག་ཐམས་ཅད་ནི་ཇི་ལྟ་སྨོན་པ་དེ་ལྟར་ཡང་དག་པར་འགྲུབ་ཀྱང་། དེ་ལ་སྨོན་པར་བྱེད་པ་གང་ཡང་མེད་པའོ།། ཆོས་འདི་དག་ཐམས་ཅད་ནི་རག་ལས་པ་ལ་གཞོལ་བས་ཅིའང་མ་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། བཞིན་གཤེགས་པས་ཆོས་འདི་དག་ཐམས་ཅད་ནི་རྨི་ལམ་དང་སྒྱུ་མའི་རང་བཞིན་ལྟ་བུར་བསྟན་ཏེ། ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ལ་ནི་རབ་དང་། འབྲིང་དང་། ཐ་མར་དབྱེ་བ་ཅུང་ཟད་ཀྱང་མེད་དོ། ། དེ་ལྟ་བས་ན་ངེད་ནི་སྨོན་ལམ་རྣམ་པར་དག་པས་སེམས་ཅན་རྣམས་ལ་ཕན་ཀ་དགྲ་བའི་ཕྱིར། སྨོན་ལམ་རྒྱ་ཆེན་པོ་དག་ལ་རབ་ཏུ་བཀོད་ནས། ཆོས་གང་ལའང་མངོན་པར་ཞེན་མེད་པ་ལ་རབ་ཏུ་འགོད་པ་མཛད་དོ། ། བཀོད་པ་མཐའ་ཡས་འདི་ནི་ཉི་མའི་རིགས་ཀྱི་འོད་ཟེར་སྣང་བར་བྱེད་པ་དང་། ཆོས་ཀྱི་སྣང་བ་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར་ཕུན་སུམ་ཚོགས་པ་དག་རྣམ་པར་འཕེལ་ཞིང་། མངོན་པར་འཕགས་པར་འགྱུར་བའི་ཆོས་ཀྱི་སྣང་བ་ཡིན་ནོ།། དེ་ལྟ་བས་ན་ཆོས་ཀྱི་ཚུལ་བསྟན་པ་འདི་ལ་མོས་པའི་རིགས་ཀྱི་བུ་དག་ནི། སེམས་ཅན་རྣམས་ལ་ཆོས་ཀྱིས་སྣང་བར་བྱེད་དོ།། བཀོད་པ་མཐའ་ཡས་དེ་ལ་བྱང་ཆུབ་སེམས་དཔའི་ནང་དུ་ཚུལ་བཞིན་དུ་སེམས་པ། ཕྱི་རོལ་དུ་དྲན་པ་མི་གཡེང་བ་དང་། སྒྲིབ་པ་སྤང་བ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀུན་ཏུ་སྣང་བ་རྗེས་སུ་དྲན་པ་དང་། ཆོས་ཟབ་མོ་ལ་མོས་པ་དག་གིས་ཆོས་འདི་ལ་ཉེ་བར་བརྟག་པར་བྱའོ།། ཆོས་འདི་ངག་ཐམས་ཅད་ནི་རྐྱེན་གྱི་དོན་ལ་མཁས་པ་སོ་སོར་རྟོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པས་བསྟན་པ་སྟེ། རྐྱེན་གྱི་དོན་གྱི་ངོ་བོ་ཉིད་དེའང་རང་བཞིན་གྱིས་གསོག་གསོ་བ་ཡ་མ་བརླ་སྙིང་པོ་མེད་པ་སྟེ། བརྫུན་པ་སླུ་བའི་ཆོས་སུ་བསྟན་ཏོ།། རྒྱུ་དང་རྐྱེན་གང་དག་གིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་གྱུར་པ་དེ་དག་ཀྱང་གསོག་གསོབ་ཡ་མ་བརླ་སྙིང་པོ་མེད་པ་སྟེ། བརྫུན་པ་སླུ་བའི་ཆོས་ཡིན་ནོ། ། རྒྱུ་དང་རྐྱེན་གང་དག་གིས་སེམས་ཅན་རྣམས་རྣམ་པར་དག་པར་གྱུར་པ་དེ་དག་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་བཙལ་ཀྱང་སྣང་བར་མི་འགྱུར། དམིགས་པར་མི་འགྱུར་ཏེ། ཆོས་འདི་དག་ཐམས་ཅད་ནི་གཟུང་བ་དང་འཛིན་པ་མེད་ཅིང་ཡོད་པ་མ་ཡིན་པའི་ཕྱིར་དམིགས་སུ་མེད་པའོ།། དེ་བཞིན་གཤེགས་པས་གང་ཆོས་རྣམས་ཀྱང་སྤང་བར་བཏགས་ན།། ཆོས་མ་ཡིན་པ་རྣམས་སྤང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་སྤང་བ་དེའང་བླང་བ་མེད་པ་དང་། ལྷུན་གྱིས་གྲུབ་པ་དང་། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། ། ཆོས་ཐམས་ཅད་ནི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་པས། རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་མེད་པའོ།། ཆོས་ཐམས་ཅད་ནི་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་གནས་བསྟན་དུ་མེད་པའོ། ། དེ་ལྟ་བས་ན་ཆོས་འདི་དག་ཐམས་ཅད་ནི་གནས་མེད་པ། གནས་པ་མེད་པ། བརྗོད་པས་མིང་དུ་བཏགས་པ་སྟེ། གང་བརྗོད་པས་མིང་དུ་བཏགས་པ་དེ་ནི་ཡ་མ་བརླ་སྟེ། རང་གི་ངོ་བོ་ཉིད་མེད་པར་ཉེ་བར་གནས་པ། ཉེ་བར་གནས་པ་མ་ཡིན་པ། གནས་མེད་པ་སྟེ། དེ་ལྟར་དེ་དག་ནི་གནས་མེད་པའི་ཕྱིར་མི་གནས་པའོ།། ཟད་པ་དང་། རྣམ་པར་འགྱུར་བ་དང་འགོག་པ་དག་ནི་དེ་བཞིན་གཤེགས་པས་རྣམ་གྲངས་ཀྱི་ཚིག་གིས་བསྟན་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པའི་རྣམ་གྲངས་འདི་ལ་འཇུག་པར་བྱའོ།། དགེ་བ་འམ། མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པར་མི་བྱ་སྟེ། མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པས་མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པར་འགྱུར་རོ།། མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པས་སྡུག་བསྔལ་དང་ཡིད་མི་བདེ་བའི་ཆོས་རྣམས་འབྱུང་བར་འགྱུར་བ་འདི་དག་ནི། སྡུག་བསྔལ་འཕགས་པའི་བདེན་པར་བཏགས་པས། དེ་བཞིན་གཤེགས་པས་མི་དགེ་བའི་ཆོས་ཀྱི་རྣམ་གྲངས་སུ་བསྟན་ཏོ། ། དགེ་བ་དང་མི་དགེ་བ་ལ་མངོན་པར་ཞེན་པ་མེད་པ་དང་། སྲེད་པ་འགོག་པ་འདི་དག་ནི་ཀུན་འབྱུང་བ་སྤང་ཞིང་འཕགས་པའི་བདེན་པ་གཉིས་པ་རྟོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པས་དགེ་བའི་ཆོས་ཀྱི་རྣམ་གྲངས་སུ་བསྟན་ཏོ།། འགོག་པའི་ཕྱིར་དང་། རློམ་སེམས་མེད་པའི་ཕྱིར་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་ལ་ཉེ་བར་བརྟག་པ་དང་། ཉེ་བར་མི་ལེན་པ་དང་། མངོན་པར་དགའ་བ་དང་། འདུ་ཤེས་དང་། ཚོར་བ་མེད་པ་དང་། རློམ་སེམས་དང་བྲལ་བ་འདི་དག་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་རྟོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པས་འཕགས་པའི་བདེན་པ་གསུམ་པའི་རྣམ་གྲངས་སུ་བསྟན་ཏོ།། ཆོས་ཇི་ལྟ་བ་བཞིན་དུ་རྟོག་པའི་ས་དང་། རློམ་སེམས་དང་། གཡོ་བ་དང་། སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་སའི་ལམ་གང་ཡིན་པ་དེ་དག་ཡོངས་སུ་བཙལ་ཞིང་ཡང་དག་པའི་ལྟ་བ་སྒོམ་པ་ནས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་ལམ་རྣམས་བསྟན་པ་འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་རྟོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པས་འཕགས་པའི་བདེན་པ་བཞི་པའི་རྣམ་གྲངས་སུ་བསྟན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བ་དང་འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་བསྒོམ་པར་བྱ་བ་དག་ལས། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་རྒྱ་རྣམ་གྲངས་སུ་བཞག་པ་ཡིན་ཏེ། སྡུག་བསྔལ་འདི་ནི་ཡང་དག་པར་ཡོད་པ་མ་ཡིན་པ་ལས་བཏགས་པར་ཟད་དོ།། མ་རིག་པ་ལ་སོགས་པ་ཤེས་པའི་གཞི་རྣམས་ནི་གཉིས་སུ་ཏེ། དེ་ཅི་ཕྱིར་ཞེ་ན། ཤེས་པ་མེད་པ་ལ་ནི་གཞི་ཅུང་ཟད་ཀྱང་མེད་པས་དེ་ནི་མངོན་པར་རྟོགས་པ་མེད་པ། སྣང་བ་མེད་པ། ཤེས་པ་མེད་པ། ཁོངས་སུ་གཏོགས་པ་མེད་པས་ན། དེ་ལ་གང་གི་གཞིར་འགྱུར་ཏེ། མེད་པ་གསོག་བརྫུན་པ་སླུ་བའི་ཆོས་ཡིན་ནོ།། དེ་ལ་གཞི་དེའང་ཡོད་པ་མ་ཡིན་པ་ལས་བཏགས་པ་སྟེ། འདི་ལ་ཐེར་ཟུག་ཏུ་མངོན་པར་ཞེན་པ་དང་ཆད་པར་མངོན་པར་ཞེན་པའི་གཞི་མེད་པས་ན། རློམ་སེམས་སུ་མངོན་པར་ཞེན་པ་མེད་པར་སྡུག་བསྔལ་གྱི་གཞི་ལ་བརྟག་པར་བྱའོ།། དེ་ལྟར་གཞི་མེད་པ་ལ་མངོན་དུ་ཤེས་པའང་མེད་པར་ཡོངས་སུ་ཤེས་པར་བྱའོ། ། མ་རིག་པའི་སྦྱོར་བ་ལས་བྱུང་བས་སྡུག་བསྔལ་ནི་མི་ཤེས་པའི་རང་བཞིན་ཅན་ཏེ། མ་རིག་པ་ནི་གང་དང་ཡང་མཚུངས་པར་ལྡན་པའང་མ་ཡིན། མི་ལྡན་པའང་མ་ཡིན་ཏེ། དོན་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་མཚུངས་པར་ལྡན་པ་མ་ཡིན་ནོ།། དེ་ལྟ་བས་ན་མ་རིག་པ་ལ་ནི་བྱེད་པ་པོ་གདགས་སུ་མེད་ཅིང་། བྱེད་པ་པོ་མི་དམིགས་པས། མི་རྟོག་རྣམ་པར་མི་རྟོག། མི་བྱེད་རྣམ་པར་མི་བྱེད་དོ།། བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་དང་རྗེས་སུ་མཐུན་པ་མ་རིག་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པའི་སྒོ་སྟེ། གང་གིས་མ་རིག་པའི་མུན་པ་བསལ་ཞིང་རིག་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་སྒོ་མངོན་དུ་གྱུར་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕགས་པའི་བདེན་པ་ལ་མཁས་པ་རྟོགས་པར་བྱ་བའི་ཕྱིར། སྒོ་འདི་དག་ཡོངས་སུ་སྦྱོང་ཞིང་མངོན་པར་སྒྲུབ་པ་དང་། སྡུག་བསྔལ་ལ་ལྷག་པར་དམིགས་པ་ན་ཀུན་འབྱུང་བ་ནུབ་པ་དང་། ཟད་པ་དང་། འགག་པར་འགྱུར་ཏེ། དེ་ལྟར་མཉམ་པ་ཉིད་ཀྱི་ལམ་སྒྲུབ་ཅིང་སྒོམ་པ་དང་། དེ་ལྟར་སྤྱད་པས། དེ་ལྟར་མཉམ་པ་ཉིད་ཀྱི་ལམ་གྱི་རྣམ་གྲངས་ཀྱིས་ཆོས་དེ་དག་ཐམས་ཅད་མངོན་དུ་ཤེས་ཤིང་ཡོངས་སུ་ཤེས་སོ།། མངོན་དུ་ཤེས་པས་སྤང་བར་བྱའོ།། མངོན་དུ་ཤེས་པས་མངོན་སུམ་དུ་བྱའོ།། མངོན་དུ་ཤེས་པས་བསྒོམ་པར་བྱ་སྟེ། དེའི་ཕྱིར་གང་མངོན་དུ་ཤེས་པ་དེ་ནི་ཡོངས་སུ་ཤེས་པའོ།། གང་ཡོང་སུ་ཤེས་པ་དེ་ནི་སྤང་བའོ། ། གང་སྤང་བ་དེ་ནི་མངོན་སུམ་དུ་བྱ་བའོ།། གང་མངོན་སུམ་དུ་བྱ་བ་དེ་ནི་བསྒོམ་པར་བསྟན་ཏེ། དེ་ལྟར་འཕགས་པའི་ཆོས་ཤེས་ནས་རྣམ་པར་རྟོག་པ་མེད་པའི་ཚུལ་གྱིས་བརྩོན་འགྲུས་དང་མ་བྲལ་བར་བདེན་པ་མངོན་པར་བསྒྲུབ་བོ་ཞེས་བླང་བ་མེད་པ་དང་དོར་བ་མེད་པར་གནས་པར་འགྱུར་རོ། ། བཀོད་པ་མཐའ་ཡས་འཕགས་པ་རྣམས་ཀྱིས་ནི་ཆོས་ཐམས་ཅད་བརྟགས་པ། རྣམ་པར་བསྒྲུབས་པ། གཅེས་པའོ་ཞེས་བྱ་བར་ཤེས་པས་རློམ་སེམས་སུ་མི་བྱེད། སྤྲོས་པར་མི་བྱེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྲུང་ཞིང་ཞེན་པར་མི་བྱེད། རྣམ་པར་མི་བྱེད་དོ། ། དེ་ལྟ་བས་ན་ལམ་དང་། སྤང་བར་བྱ་བ་དང་། དགེ་བའི་ཆོས་རྣམས་ལའང་རློམ་སེམས་སུ་མི་བྱེད། སྤྲོས་པར་མི་བྱེད་ན། མི་དགེ་བའི་ཆོས་རྣམས་ལྟ་ལ་ཅི་སྨོས། དེ་དག་སྤང་བའི་ཕྱིར་ཡང་མི་གནས་ན། རྣམ་པར་མི་རྟོག་པའི་ཚུལ་གྱིས་ཆོས་མ་ཡིན་པ་དག་སྤང་བའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། ཀུན་ཏུ་སྦྱོར་བ་སྤངས་པའི་མཁས་པ་དག་ནི་ཆོས་རྣམས་དང་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཆོས་མ་ཡིན་པ་རྣམས་དང་ཀུན་ཏུ་སྦྱོར་བར་ཡང་མི་བྱེད་དེ། དེས་ཆོས་ཐམས་ཅད་བརྫུན་པ་སླུ་བ་ཡ་མ་བརླ་གསོག་གསོབ་ལྟ་བུར་ཤེས་པས་ན། འདི་ནི་དེའི་བདེན་པ་མངོན་པར་སྒྲུབ་པ་ཡིན་ནོ། ། གང་གི་ཕྱིར་དེ་ནི་བཏང་སྙོམས་ཡོངས་སུ་རྫོགས་པ་དང་། ཀུན་ཏུ་སྦྱོར་བ་སྤངས་པ་དང་། ལམ་ལ་གནས་པ་དང་། འགྲོ་བ་རྣམས་ཀྱི་དུས་ལས་འདས་པའི་ཕྱིར་རྗེས་སུ་ཆགས་པ་མེད་ཅིང་ཁོང་ཁྲོ་བ་མེད་པས། ཆོས་ཉིད་ཀྱི་རང་གི་ངོ་བོ་བླང་བ་མེད་པ་དང་དོར་བ་མེད་པར་རྟོགས་སོ།། བཀོད་པ་མཐའ་ཡས་གང་ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་རང་བཞིན་གྱིས་སྟོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་དབེན་པས་ན་ཆོས་རྣམས་ལ་བྱེད་པ་པོ་ནི་འགའ་ཡང་དམིགས་སུ་མེད་དོ།། ཆོས་ཐམས་ཅད་ནི་ཀུན་ཏུ་སྦྱོར་བ་མེད་པ་དང་ལྡན་པས་ན་ལྡན་པའང་མ་ཡིན། མི་ལྡན་པའང་མ་ཡིན་ཏེ། དེ་དག་གི་དངོས་པོ་མེད་པ་ལའང་མངོན་པར་ཞེན་པར་མི་བྱ། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤང་བར་ཡང་རློམ་སེམས་སུ་མི་བྱེད། སྤྲོས་པར་མི་བྱའོ།། རྐྱེན་རྣམས་རྣམ་པར་དག་པར་ཡོངས་སུ་ཤེས་པ་དེས། ཆོས་གང་དག་རྐྱེན་གྱིས་རྐྱེན་དེ་བྱུང་བའི་རྐྱེན་དེ་དག་ནི་གཅིག་གིས་གཅིག་སྟོང་པ་དང་། སེམས་ཅན་གྱི་ངོ་བོ་ཉིད་མེད་པའི་ཕྱིར་ཤིན་ཏུ་དག་པ་དང་། ཤིན་ཏུ་དབེན་པས་ན་རྐྱེན་རྣམས་ཀྱང་རྒྱུ་དང་ལྡན་པ་མ་ཡིན། རྒྱུའང་རྐྱེན་རྣམས་དང་ལྡན་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་ཕན་ཚུན་གཡོ་བ་མེད་ཅིང་སྤྱད་པ་མེད་པས། འཇུག་པ་མེད་པའི་ཆོས་རྣམས་ལ་སེམས་པར་བྱེད་དེ། བཀོད་པ་མཐའ་ཡས་གཞི་མེད་པའི་ཆོས་ཀྱི་སྒོ་འདི་ལ་འཇུག་པར་བྱའོ།། རྣམ་པར་དག་ཅིང་ཆོས་སྣང་བའི་གཞིར་གྱུར་པ་ནི་ཉམས་པར་མི་འགྱུར་ཞིང་སྐྱེ་བར་འགྱུར་ལ། རྗེས་སུ་བཟུང་བ་ཉིད་ཀྱང་རྣམ་པར་དག་པར་འགྱུར་རོ།། སྤྲོས་པ་དང་བྲལ་བའི་སྣང་བའང་བྱེད་པར་འགྱུར་རོ། ། སྣང་བས་སྙེམས་པ་མེད་ཅིང་འཇུག་པར་འགྱུར་རོ།། གཞུང་ལས་ཡང་དག་པར་འདས་ཏེ། ཆགས་པ་མེད་པས་ངེས་པར་འབྱུང་བར་ཡང་འགྱུར་རོ།། བཀོད་པ་མཐའ་ཡས་ཆོས་ཐམས་ཅད་ནི་མིང་དང་མཚན་མའི་ཐ་སྙད་ཀྱིས་བརྗོད་པ་སྟེ། དེ་ལ་མཚན་མ་གང་ཡིན་པ་དེ་ནི་འབྱུང་བ་ཆེན་པོ་བཞི་ལ་གཟུགས་སུ་བཏགས་པའོ།། མིང་གང་ཡིན་པ་དེ་ནི་ཕུང་པོ་བཞི་ལ་གཟུགས་མེད་པར་བཏགས་པ་སྟེ། དེ་ལ་མིང་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བཏགས་པའོ།། མཚན་མའང་ཡང་དག་པ་ཇི་ལྟ་བ་མ་ཡིན་པའི་ཕྱིན་ཅི་ལོག་གིས་བདག་ནི་གཟུགས་ཡིན་ནོ།། གཟུགས་ནི་བདག་གི་ཡིན་ནོ་ཞེས་འཛིན་ཅིང་མཚན་མའི་རྣམ་པར་རྟོགས་པས་མིང་དུ་བཏགས་པའོ།། དེ་ལ་གང་ཡང་མིང་དང་གཟུགས་ཞེས་བྱ་བ་གཉིས་ཀའང་ཡང་དག་པ་ཇི་ལྟ་བ་མ་ཡིན་པས་གསོག་དང་བརྫུན་པ་སླུ་བའི་ཆོས་ཏེ། སྒྱུ་མར་གྱུར་པ་དང་རྨི་ལམ་གྱི་གཟུགས་ལྟ་བུའོ།། རྨི་ལམ་གྱི་གཟུགས་ཀྱི་ལུས་ཇི་ལྟ་བ་དེ་བཞིན་དུ་གཟུགས་རྣམས་བསྟན་ཏེ། སྙིང་པོ་མེད་པའི་གཟུགས་རྣམས་དང་། མིང་གི་ཕུང་པོ་བཞི་པོ་གཉིས་ཀའང་ཐ་སྙད་ཙམ་དུ་རྗེས་སུ་རྟོག་པར་བྱའོ།། དེ་ལྟར་རྗེས་སུ་རྟོག་པ་ན་སྡུག་བསྔལ་གྱིས་གནོད་པ་མེད་ཅིང་། བདེན་པ་ལ་ལྷག་པར་དམིགས་པའང་མེད་པས། དེའི་སེམས་ལ་ཅིའང་མེད་ཅིང་མི་དམིགས་ཏེ། དེ་ཆུང་ངུ་ན་མྱ་ངན་ལས་འདས་པ་དང་ལྡན་པའང་མེད་དེ། དེ་ནི་འདི་ལྟར་འདུ་ཤེས་ལས་ཡང་དག་པར་འདས་པས་ན་ཚོར་བ་འགག་པར་འགྱུར་རོ། ། བཀོད་པ་མཐའ་ཡས་ཁམས་གསུམ་པ་རྣམས་ནི་འདུ་ཤེས་ཀྱི་ཡིད་ལ་བྱེད་པ་ལས་བྱུང་ལ། འདུ་ཤེས་ཀྱི་ཡིད་ལ་བྱེད་པ་ནི་ཡོད་པ་མ་ཡིན་པས། དེའི་ཕྱིར་ཁམས་གསུམ་པ་རྣམས་ཀྱང་ཡོད་པ་མ་ཡིན་པར་བསྟན་ཏོ། ། གང་ཡང་ཀུན་ཏུ་ཤེས་པར་བྱེད་པ་དེ་ནི་གཟུགས་ལ་མངོན་པར་ཞེན་པའོ།། གང་ཡིད་ལ་བྱེད་པ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།། རྣམ་པར་ཤེས་པ་དག་དང་ལྡན་པར་བསྟན་ཏེ། ཆོས་རྣམས་ཀྱི་རང་བཞིན་ནི་མཚུངས་པར་ལྡན་པའང་མ་ཡིན། མི་ལྡན་པའང་མ་ཡིན་པས། འདུ་ཤེས་ཀྱི་། ཡིད་ལ་བྱེད་པ་དེ་ནི་ཡོད་པ་མ་ཡིན་ནོ།། འདུ་ཤེས་ཀྱི་ཡིད་ལ་བྱེད་པ་དེའང་རང་བཞིན་གྱིས་ཡོད་པ་མ་ཡིན་པས། དེའི་ཕྱིར་ཡོད་པ་མ་ཡིན་པ་ལས་ཚིག་གིས་བཏགས་པ་ནི། རང་བཞིན་གྱིས་ཉེ་བར་ཞི་བའི་རྣམ་གྲངས་སུ་བསྟན་ཏོ། ། བཀོད་པ་མཐའ་ཡས་ཆོས་རྣམས་ཀྱི་རང་བཞིན་ལས་ཆོས་བཤད་པའི་རྣམ་གྲངས་དག་བྱུང་སྟེ། བཤད་པ་དང་བརྗོད་པ་མཉམ་པ་ཉིད་ཀྱིས་བདེན་པ་བསྒྲུབ་པ་འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་རྟོགས་པར་བྱའོ། ། བཀོད་པ་མཐའ་ཡས་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤང་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བཤད་པ་འབྱུང་བ་ནི་འབྲས་བུ་མེད་པ་མ་ཡིན་ཏེ། དེ་ལ་ཁྱེད་ཀྱིས་རླབས་པོ་ཆེའི་སེམས་བསྐྱེད་ནས། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། རློམ་སེམས་མེད་པ་དང་། སྤྲོས་པ་མེད་པ་དང་། སེམས་ཅན་མེད་པས་ཆོས་རྣམས་ལ་འཇུག་ཅིང་། སེམས་ཅན་རྣམས་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་བསྐྱེད་ནས། ཆོས་ཀྱི་སྒོ་འདི་དག་ལ་འཇུག་པར་བྱ། ཡང་དག་པར་བགྲོ་བར་བྱ། ངེས་པར་བརྟག་པར་བྱའོ།། ཆོས་ཀྱི་སྒོ་རྣམས་ཀྱང་གང་ཞེ་ན། མི་ཤེས་པ་ལས་འདུས་བྱས་ཀྱི་ཆོས་ཐམས་ཅད་འབྱུང་བར་རྟོགས་པ་དང་། ཡེ་ཤེས་མཐོང་བ་ལས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འབྱུང་བར་རྟོགས་ནས། སྤྲོས་པ་མེད་པའི་ཡེ་ཤེས་ཀྱིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལའང་ཡང་དག་པར་འཇུག་པར་བྱ་ཞིང་། ཡོངས་སུ་སྦྱང་བར་བྱ་བ་དང་། བགྲང་བ་མེད་པའི་ཆོས་ཀྱི་རྗེས་སུ་འཇུག་པས་གྲངས་རྣམས་ཀྱང་གྲངས་དང་ལྡན་པ་མེད་ཅིང་། གྲངས་རྣམས་ཀྱང་གྲངས་ལ་གནས་པ་མེད་པ་སྟེ། འདུས་མ་བྱས་པོའི་སྒོ་ནི་ཆོས་ཀྱི་སྒོ་ཡིན་པས། ཆོས་ཀྱི་སྒོ་ནི་ཡོངས་སུ་དག་ཅིང་། ཆོས་སྣང་བའི་རྣམ་པ་ཀུན་འཛིན་པར་བྱེད་པ་སྟེ། རྗེས་སུ་གཟུང་བ་དང་ཀུན་གཟུང་བའི་ཆོས་རྣམས་ཀྱང་ཆུད་མི་ཟ་བར་མི་འགྱུར་བར་ཐབས་ལ་མཁས་པ་མངོན་པར་བསྒྲུབས་པའི་བློས་རྗོད་ཅིང་སྟོན་པར་བྱེད་དོ། ། བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་སྒོར་འཇུག་པ་དང་། གང་དག་གི་བློའི་རབ་ཏུ་དབྱེ་བ་རྒྱ་ཆེར་མངོན་པར་འཕགས་པར་འགྱུར་བ་དང་། ཡེ་ཤེས་ཀྱི་ངེས་པའི་ཚིག་གི་དོན་ཐམས་ཅད་བསྟན་པའོ།། བཀོད་པ་མཐའ་ཡས་དེ་ལ་གང་གིས་བྱང་ཆུབ་སེམས་དཔའ་ཆོས་རྣམ་ཀུན་འཛིན་པ་ལ་མཁས་པར་འགྱུར་བའི་གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་གང་ཞེ་ན། བཀོད་པ་མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པའི་ཡེ་ཤེས་མཁས་པ་ལ་གནས་པ་དང་། སྤོབས་པའི་ཡེ་ཤེས་ལ་གནས་ནས་དོན་གྱི་རྗེས་སུ་སོང་བའི་བློས། ཆོས་རྣམས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་ལ་རྣམ་པར་ལྟ་ཞིང་། ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་རྣམ་པར་གནས་པ་མེད་པ། མིང་མེད་པ། མཚན་མ་མེད་པ། མཉམ་པ་མེད་པ། མཐུན་པ་མེད་པ། གཟུགས་མེད་པ་མ་ཡིན་པ་སྟེ། དེ་དག་ནི་བརྗོད་དུ་མེད་པ་ལས་ཡང་དག་པར་བགྲོ་བ་བཀྲི་བའི་ཚིག་གིས་བསྟན་ཏེ། ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་བསྟན་དུ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ། ཡི་གེ་མེད་པ། ཡི་གེ་རྣམ་པར་དག་པ་སྟེ་ལྷུན་གྱིས་གྲུབ་པའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ནམ་མཁའ་དང་མཚུངས་ཤིང་འདྲ་བའི་ཕྱིར་ཏེ། དེའི་ཕྱིར་ཆོས་དེ་དག་ཐམས་ཅད་ནི་བརྫུན་པ་མངོན་པར་མ་གྲུབ་པ་སྟེ། ནམ་མཁའ་ལྟར་ཡོངས་སུ་བརྟག་ཅིང་བརྗོད་པ། རྣམ་པ་མེད་ཅིང་རྣམ་པར་དག་པའོ།། ཆོས་འདི་དག་ཐམས་ཅད་ནི་སྒོ་མེད་པའི་སྒོ་ཡིན་པས། ཆོས་འདི་དག་ཐམས་ཅད་ཀྱི་སྒོ་ནི་རྣམ་པར་དག་པ་སྟེ། ཤིན་ཏུ་ཉོན་མོངས་པ་མེད་ཅིང་ཉེ་བར་ཉོན་མ་མོངས་པའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ནི་ཤིན་ཏུ་སྐྱེ་བ་མེད་ཅིང་མངོན་པར་གྲུབ་པ་མེད་དེ། ཆོས་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ལ་ནི་སྐྱེ་བ་འམ། མངོན་པར་གྲུབ་པ་མེད་པའི་ཕྱིར་རོ།། དེའི་ཕྱིར་ཆོས་དེ་དག་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསྟན་ཅིང་བཤད་དེ། ཆོས་རྣམས་ཀྱི་རང་བཞིན་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ། ། དེ་ལྟར་འདི་དག་ལ་མངོན་པར་ཞེན་པ་མེད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཞེན་པ་མེད་པའི་ཆོས་ཀྱི་སྒོ་དང་། གཟུངས་ཀྱི་སྒོ་དང་། ཆོས་རིམ་པར་ཕྱེ་བའི་སྒོ་རྣམས་རྣམ་པར་དག་པར་འགྱུར་རོ། ། ཆོས་ཐམས་ཅད་ཀྱི་རྣམ་པ་ཞེས་བྱ་བ་ནི་ཐ་སྙད་ཀྱིས་འདི་ལྟར་རྣམ་པའོ་ཞེས་བརྗོད་པ་སྟེ། རྣམ་པ་གང་ཡིན་པ་དེ་ནི་རྣམ་པ་མེད་པས་ན། རྣམ་པ་ནི། བྱེད་པ་མེད་པ། རྣམ་པར་བྱེད་པ་མེད་པ། རྗེས་སུ་ཆགས་པ་མེད་པ། ཁོང་ཁྲོ་བ་མེད་པའོ།། དེའི་ཕྱིར་རྣམ་པའི་སྒོ་ནི་སྒོ་མེད་པར་བསྟན་པ་སྟེ། སྒོ་རྣམ་པར་དག་པ་དེ་ནི་རྣམ་པ་མེད་པར་འཇུག་པའི་སྒོ་ཡོངས་སུ་དག་པ་ཡིན་པས་ན། དེ་ལྟར་རྣམ་པ་ཞེས་བྱ་བ་ནི་ཡང་དག་པར་ཡོད་པ་མ་ཡིན་པའི་དོན་དུ་བསྟན་ཏོ།། དེ་ལྟར་ན་མ་རིག་པ་རྗེས་སུ་རྟོགས་པར་བྱ་བའི་དོན་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། རྣམ་པ་མེད་པ་ལ་འཇུག་པའི་ཚུལ་དུ་བསྟན་པ་ཡིན་ཏེ། བཀོད་པ་མཐའ་ཡས་སྒོ་འདི་ནི་གཟུངས་རྣམ་པར་དག་པར་འགྱུར་བའོ།། བཀོད་པ་མཐའ་ཡས་སྒོ་སྒོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ནམ་མཁའི་སྒོ་ལྟ་བུར་རྟོགས་ཤིང་། ནམ་མཁའི་སྒོ་ལྟར་སྣང་བ་མེད་པར་གྱུར་པའོ།། དེ་ལ་གང་སྐྱེ་བ་དང་། གང་འཇིག་པ་དེ་དག་མཉམ་པ་ཉིད་དུ་རྗེས་སུ་རྟོགས་པ་ན། རྟོགས་པའང་མེད། ནུབ་པའང་མེད། ཀུན་གཟུང་བའང་མེད་པར་ཆོས་དེ་དག་ཐམས་ཅད་ཀུན་གཟུང་བར་བྱའོ།། གཟུང་བ་མེད་པ་དང་། སྤང་བ་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་མེད་པ་དང་། རྡུལ་ཕྲ་མོ་ཙམ་གྱི་ཆོས་ཀྱང་དམིགས་སུ་མེད་པའི་རྣམ་པའི་སྒོར་འཇུག་པ་འདི་ནི་རྣམ་པ་མེད་པ་རྣམ་པར་དག་པ་ཡིན་ནོ།། བཀོད་པ་མཐའ་ཡས་རྣམ་པ་མེད་པ་རྣམ་པ་མེད་པ་ཞེས་བྱ་བ་ནི། གང་ལ་ལུས་མེད་པ་དང་། ལུས་སུ་བཏགས་པ་མེད་པ་སྟེ། རྣམ་པ་མེད་པ་ནི་གང་ལ་མིང་གི་ཚོགས་དང་ཚིག་གི་ཚོགས་ཀྱིས་བཏགས་པ་མེད་པའོ། ། རྣམ་པ་མེད་པ་ནི་ནམ་མཁའ་ལྟར་རྣམ་པར་བསྒོམ་པ་སྟེ། དེ་ལྟར་དོན་གྱི་ཚུལ་རྗེས་སུ་རྟོགས་པར་བྱའོ།། ནམ་མཁའ་ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའ་མེད་པས་ན། ནམ་མཁའ་ཞེས་ཚིག་གི་ཚོགས་ཀྱིས་བཏགས་པའོ།། འདི་ནི་གང་གིས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་ཚུལ་ལ་མཁས་པ་རྟོགས་པར་འགྱུར་བ་སྟེ། མ་རིག་པ་དང་རྗེས་སུ་མཐུན་པ། རིག་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པའི་སྒོའི་ཆོས་རིམ་པར་ཕྱེ་བ་ཡིན་ཏེ། རྗེས་སུ་བཟུང་བ་དང་། རྩོད་པ་མེད་པ་དང་། རྨོངས་པ་མེད་པར་བྱ་བའི་ཕྱིར། ཀླུའི་རྒྱལ་པོ་མ་དྲོས་པས་ཆར་གྱི་རྒྱུན་ཆེན་པོ་དང་། ཆུ་ཆེན་པོ་གཏོང་བ་བཞིན་དུ་རྒྱུན་ཆད་པ་མེད་པའི་གཟུངས་ཀྱི་གསང་ཚིག་གི་དགོངས་པ་ལ་འཇུག་པར་བྱའོ།། བཀོད་པ་མཐའ་ཡས་གཟུངས་གཟུངས་ཞེས་བྱ་བའི་གསང་ཚིག་འདི་དག་ཇི་ལྟ་བུར་བསྟན་པ་ཡིན། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་ཞེས་བགྱི་བ་ནི། ཆོས་རྣམས་དང་མཚམས་སྦྱོར་བ་ལ་མཁས་པའི་ཚིག་བླ་དགས་ལགས་སོ།། བཅོམ་ལྡན་འདས་གཟུངས་ཞེས་བགྱི་བ་ནི། རྗེས་སུ་དྲན་པའི་ལས་ཀུན་འཛིན་པར་བགྱིད་པ་ལགས་སོ། ། ཤེས་རབ་ཀྱི་གཏེར་གྱི་སྟོབས་ཀྱིས་ཀུན་འཛིན་པའི་གསང་ཚིག་གི་གཞི་འདི་དག་བསྟན་པ་དེའི་སླད་དུ་གཟུངས་ཞེས་བགྱི་བའི་གྲངས་སུ་མཆིའོ།། ཡེ་ཤེས་མཁས་པ་ལ་འཇུག་པའི་བློས། དེ་ལྟར་བྱང་ཆུབ་ཀྱི་སྟོབས་མཐའ་ཡས་པ་དག་ཀུན་ཏུ་གཟུང་བར་བགྱི་སྟེ། བཅོམ་ལྡན་འདས་བདག་ནི་ཇི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་སླད་དུ། ཡེ་ཤེས་མཐའ་ཡས་པ་སྟོན་པ་ལ་མཁས་པའི་སྟོབས་རྒྱུན་མི་འཆད་པ་དང་། ཆོས་ཀྱི་རྒྱུན་རྣམ་པར་འབྱེད་པར་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་གཟུངས་ཀྱི་སྒོ་འདི་ནི་ནམ་མཁའ་ལྟར་ཡངས་ཤིང་མཉམ་པ་མ་མཆིས་པའི་སྒོ་ཆེན་པོ་ལགས་ཏེ། དེའི་སླད་དུ་དེ་ནི་ཚད་མ་མཆིས་པ་དང་། མཐའ་མ་མཆིས་པར་ཚིག་གིས་བརྗོད་དོ།། བརྗོད་པ་མཉམ་པ་ཉིད་དང་། རྗེས་སུ་བཟུང་བ་དང་། རྗེས་སུ་བསྟན་པ་ཞེས་བགྱི་བ་ནི་སྟོན་མཁས་པ་དང་། མཉམ་པ་མ་མཆིས་པ་ཞེས་བགྱི་བའི་གྲངས་སུ་མཆིའོ།། ཡི་གེ་རྣམ་པར་དབྱེ་བ་ཡོངས་སུ་རྫོགས་པས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དོན་ལ་ཉེ་བར་རྟོག་ཅིང་སྟོན་པ་ལ་མཁས་པས་དོན་སོ་སོ་ཡང་དག་པར་རིག་པ་ཡོངས་སུ་རྫོགས་པར་འགྱུར་རོ།། ཆོས་རྣམས་ཀྱི་རྣམ་པར་ངེས་པ་རབ་ཏུ་སྟོན་པ་ལ་མཁས་པས་ཆོས་སོ་སོ་ཡང་དག་པར་རིག་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཆོས་རྣམས་ཀྱི་སྒོ་ལ་སྤོབས་པ་ཡོངས་སུ་དག་པས་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། སེམས་ཅན་རྣམས་ལ་ཕན་གདགས་པའི་སླད་དུ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་སྟེ། རྗེས་སུ་བཟུང་ནས་ཀྱང་གཞན་ཤེས་ལ་གཞན་སྟོན་པར་མི་བགྱིད་པར་སྤྲོས་པ་མ་མཆིས་པའི་བཏང་སྙོམས་སྟོན་པར་བགྱིད་དོ། ། བཅོམ་ལྡན་འདས་དོན་མཐའ་ཡས་པ་ལ་མཁས་པ་དང་། གཟུངས་ཀྱི་སྒོའི་ཚུལ་ལ་མཁས་པའི་ཆོས་རིམ་པར་ཕྱེ་བ་འདི་དག་ནི། དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་བྱུང་བའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཀོད་པ་མཐའ་ཡས་སྒྲོ་སྒོ་ཞེས་བྱ་བ་འདི་ནི། དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ཡིན་ནོ།། བཀོད་པ་མཐའ་ཡས་གང་ལས་ཆོས་འདི་དག་སྟོན་ཅིང་བཀོད་པར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པའི་རང་བྱུང་གི་ཡེ་ཤེས་གཟིགས་པའི་སྒོ་ཤིན་ཏུ་རྣམ་པར་དག་པ། སྒོ་མཐའ་ཡས་པ་རྣམ་པར་དག་པ་ལ་གནས་པ། གནས་མེད་པ་དམིགས་པའི་ཚུལ་གྱིས་ཆོས་མང་པོ་འཛིན་པར་སྣང་བ་ཡིན་ནོ།། བཀོད་པ་མཐའ་ཡས་ངས་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡིན་ནོ་ཞེས་བཤད་པ་ནི། གང་ཆོས་ཐམས་ཅད་རྗེས་སུ་རྟོགས་པ་དེ་སངས་རྒྱས་ཀྱི་ཆོས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པར་ཐུགས་སུ་ཆུད་པ་དེའི་ཕྱིར། ཆོས་འདི་དག་ནི་སངས་རྒྱས་ཀྱི་ཆོས་ཡིན་ནོ། ། ཆོས་སོ་ཅོག་རྗེས་སུ་རྟོགས་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བསྟན་པའང་། ཆོས་རྣམས་རྗེས་སུ་རྟོགས་པ་གང་ཡིན་པ་འདི་ནི་གཟུངས་ཀྱི་སྒོ་རྗེས་སུ་རྟོགས་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ཁོངས་སུ་རྟོགས་པའི་ཕྱིར་རོ།། བཀོད་པ་མཐའ་ཡས་གཟུངས་འདི་ལྟ་བུ་ནི་བཤད་པ་དང་། གསང་སྔགས་དང་། བརྗོད་པ་དང་། རབ་ཏུ་བརྗོད་པ་དང་། དཔེར་བསྟན་པ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ་ཡིན། ནང་དུ་འདུས་པ་དང་། གཙོ་བོར་གྱུར་པ་དང་། སྙིང་པོར་གྱུར་པ་ཡིན་ཏེ། གསང་སྔགས་དང་། བཤད་པ་དང་། དཔེར་སྟོན་པ་ཐམས་ཅད་ནི་ཡི་གེའི་རྣམ་པར་རིག་པས་བརྗོད་པར་བྱེད། སྟོན་པར་བྱེད། རབ་ཏུ་གསལ་བར་བྱེད་དོ།། བཀོད་པ་མཐའ་ཡས་དེ་ལ་ཡི་གེའི་རྣམ་པར་རིག་པ་ནི། ཨ་ཞེས་བྱ་བ་སྔོན་དུ་འགྲོ་བ་ཡིན་ལ། ཡི་གེ་བསྟན་པ་ནི་ཧ་ཞེས་བྱ་བས་མཐར་གཏུགས་པ་ཡིན་ནོ།། བཀོད་པ་མཐའ་ཡས་དཔེར་ན་མངལ་དུ་དུ་འཆགས་ཤིང་འཛིན་པའི་སྔོན་དུ་འགྲོ་བ་ནི་མ་ཡིན་ལ། ས་བོན་ཉེབར་འཇོག་པའི་སྔོན་དུ་འགྲོ་བ་ནི་ཕ་ཡིན། ཕུང་པོ་རིན་ཆོད་འགྱུར་བའི་སྔོན་དུ་འགྲོ་བ་ནི་སྐྱེ་བ་ཡིན། དེའི་འོག་ཏུ་ནི་ཡན་ལག་མཐའ་དག་གི་དབྱིབས་རྣམ་པར་ཕྱེ་བ་དང་། སྐྱེ་མཆེད་རྣམ་པར་ཕྱེ་བ་དང་། དབང་པོ་རྣམ་པར་ཕྱེ་བ་དང་། དབང་པོ་ཡོངས་སུ་སྨིན་པའི་དབྱིབས་རྣམ་པར་ཕྱེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་པར་འགྲུབ་པ་ལྟར། རྣམ་པར་དབྱེ་བ་དང་ལྡན་པ་ཐམས་ཅད་ཀྱི་སྔོན་དུ་ཡི་གེའི་ཕྱི་མོ་འགྲོ་བའང་དེ་དང་འདྲའོ། ། དེ་ལ་ཡི་གེའི་ཕྱི་མོ་ཨ་ཞེས་བྱ་བ་གསལ་བ་ཉེ་བར་གནས་པ་ནི་སྔོན་དུ་འགྲོ་བ་ཡིན། ཧ་ཞེས་བྱ་བ་ནི་མཐར་ཐུག་པ་ཡིན་ལ། ཡི་གེ་གཞན་དག་ནི་དེའི་ཁོངས་སུ་གཏོགས་ཤིང་། རྗེས་སུ་འབྲང་བ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། འདི་ནི་གཟུངས་ཀྱི་སྒོར་འཇུག་པ་བསྟན་ཅིང་བརྗོད་པ་ཡིན་ནོ།། འདུས་བྱས་སུ་གཏོགས་པ་ཐམས་ཅད་ཀྱི་འཇིག་པ་གང་ཡིན་པ་དེའང་ཉེ་བར་བརྟག་པར་བྱ་སྟེ། དཔེར་ན་ཡི་གེ་ཁ་ཞེས་བྱ་བ་དང་། ཡང་ཞེས་བྱ་བ་དེ་དག་ཉེ་བར་སྦྱར་ནས། ཡིག་འབྲུ་བསླབ་པའི་མཐར་ཕྱིན་ནས། དོར་བ་ལྟར་སྲིད་པའི་ཡན་ལག་ཏུ་ཉེ་བར་གནས་པའི་འདུ་བྱེད་དུ་གཏོགས་པ་ཐམས་ཅད་འཇིག་པའི་སྒོ་ནས་ཟད་པ་ཉིད་དུ་སྟོན་པའང་དེ་དང་འདྲའོ།། དཔེར་ན་ལྡན་པ་ནི་འགོག་པ་དང་། རྣམ་པར་སྟེན་པ་ལྟར་སྲེད་པའི་ཀུན་ཏུ་སྦྱོར་བ་དང་མཚུངས་པར་ལྡན་ཞིང་། སྲིད་པར་གཏོགས་པ་ལྡན་པ་གཉིས་ཉེ་བར་གནས་པ་ཐམས་ཅད་ཀྱང་དེ་དང་འདྲའོ།། དེ་ལ་དངོས་པོ་དང་དངོས་པོ་མང་པའི་ལྡན་པ་གཉིས་ཉེ་བར་གནས་པའི་ཆོས་ཐམས་ཅད་ཀུན་ཏུ་བརྟགས་ནས། མཐར་གྱིས་མངོན་པར་འདུ་བྱེད་པ་མེད་པའི་སྒོ་ཡོངས་སུ་སྦྱང་བར་བྱ་སྟེ། འདི་ནི་སྐྱེ་བ་དང་འཇིག་པ་སྟོན་པའི་ཆོས་ཀྱི་སྒོར་འཇུག་ཅིང་གཟུངས་ཀྱི་སྒོ་རིམ་པར་ཕྱེ་བ་སྟོན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། ། འདི་ལྟར་ཡི་གེའི་ཕྱི་མོ་རྣམས་ལས་ཡི་གེ་དང་པོ་སྨོས་ནས། རིམ་གྱིས་ཌྷ་ཞེས་བྱ་བ་དང་། ཧ་ཞེས་བྱ་བའི་མཐར་ཐུག་པ་ནུབ་པར་སྨོས་ཏེ་བཤད་པ་དང་། སྒྲས་ཡང་དག་པར་བསྟན་པའི་སྒོ་ནས་གསང་སྔགས་ཀྱི་དགོངས་པ་ལ། འཇུག་པར་བྱ་ཞིང་། ཐོགས་པ་མེད་པར་ཆོས་དང་མཐུན་པར་འཇུག་པའི་ཡང་དག་པར་འགྲོ་བའང་བསམ་པར་བྱའོ།། བཀོད་པ་མཐའ་ཡས་དེ་ལ་དཔེར་ན་ཡི་གེའི་ཕྱི་མོ་རྣམས་རྣམ་པར་བརྟགས་ནས། ཡི་གེ་ཨ་ཞེས་བྱ་བ་དང་པོར་སྨོས་ལ། དེ་ལས་གཞན་པའི་ཡི་གེ་རྣམས་ཀྱང་རྣམ་པར་བརྟགས་ཏེ། ཡིད་ལ་བྱེད་པ་དང་རྗེས་སུ་མཐུན་པའི་རིམ་པར་ཌྷ་ཞེས་བྱ་བ་དང་། ཧ་ཞེས་བྱ་བའི་མཐར་ཐུག་པའི་བར་དུ་སྨོས་ཤིང་འདྲི་བར་བྱེད་ན། དེ་ལས་ལྷག་པར་གདགས་པའི་ཡི་གེ་ཅིའང་མེད་པ་ལྟར། འདུ་བྱེད་དུ་གཏོགས་པ་ཐམས་ཅད་ལ་གཉིས་སུ་མེད་པའི་ཡིད་ལ་བྱེད་པ་མངོན་པར་གྲུབ་པའང་དེ་དང་འདྲའོ། ། བཀོད་པ་མཐའ་ཡས་གང་གཉིས་སུ་རྣམ་པར་རྟོག་པ་དང་བྲལ་བ་དེ་ལ་ནི་ཡང་དག་པར་ནི་ཡི་གེར་གདགས་པ་ཅུང་ཟད་ཀྱང་མེད་ཅིང་། རང་བཞིན་གྱི་ངོ་བོ་ཉིད་དུ་རྣམ་པར་རྟོག་པའང་ཅུང་ཟད་ཀྱང་མེད་དོ། ། གང་ལ་རྣམ་པར་རྟོག་པ་མེད་པ་དེ་ལ་ནི་འདུ་བྱེད་དུ་གདགས་པའང་ཅུང་ཟད་ཀྱང་མེད་དོ།། བཀོད་པ་མཐའ་ཡས་ཆོས་ཐམས་ཅད་ཤེས་པ་གང་ཡིན་པ་དེ་ལ། ཡི་གེའི་རྣམ་པར་རིག་པ་ཉེ་བར་གནས་པ་དེ་ནི་ཡི་གེ་མངོན་པར་མ་གྲུབ་པའི་ཕྱིར་རྣམ་པ་མེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཨ་ཞེས་བྱ་བ་ཡང་དག་པས་ཀུན་ནས་བསླང་བ་ནི་ཅིའང་མེད་དེ། དེ་ལྟར་འདུས་བྱས་སུ་གཏོགས་པ་ཐམས་ཅད་རྣམ་པ་མེད་པར་འཇུག་པར་བལྟ་བར་བྱ་ཞིང་། མངོན་པར་འདུ་བྱེད་པ་མེད་པར་བྱ་བའི་ཕྱིར་ཕུང་པོ་ཐམས་ཅད་སྤང་བར་ཡང་བྱའོ། ། བཀོད་པ་མཐའ་ཡས་འདི་ནི་གཟུངས་རྣམ་པར་དག་པ་ལ་མཁས་པའི་སྒོ་ཡིན། ཀུན་ནས་འཛིན་པའི་སྒོ་ཡིན། ཆོས་རིམ་པར་ཕྱེ་བའི་སྒོ་ཡིན་ཏེ། དེ་ལ་བསླབས་ན་བྱང་ཆུབ་སེམས་དཔའ་རྣམས་ཀུན་ནས་རྨོངས་པ་མེད་པའི་བྱ་བ་ལ་མངོན་པར་འཕགས་པར་ཡང་འགྱུར། སེམས་ཅན་རྣམས་ཆོས་ཀྱིས་འཕོངས་པ་མེད་པར་བྱེད་པར་ཡང་འགྱུར་ཞིང་། དེ་དག་འདུ་ཤེས་སུ་གྱུར་པའི་སེམས་ཉེ་བར་བླངས་ནས་གནས་པར་ཡང་མི་འགྱུར། འདུ་ཤེས་ཡིད་ལ་བྱེད་པ་རྣམ་པར་སྤངས་ནས། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་སྐྱེ་བར་ཡང་འགྱུར། ཆོས་བླ་ན་མེད་པ་ཤེས་པ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པར་བྱ་བའི་ཕྱིར། བློས་ཆོས་ཀྱི་སྣང་བ་ཀུན་ཏུ་གཏོང་བར་ཡང་འགྱུར། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་རྗེས་སུ་དྲན་པར་ཡང་འགྱུར། ཆོས་རྗེས་སུ་རྟོགས་པར་བྱ་བའི་ཕྱིར་བློས་རྟོགས་པའི་ཚུལ་མཐའ་ཡས་པ་ལ་མཁས་པ་ཁོང་དུ་ཆུད་པར་འགྱུར་རོ།། བགེང་པ་མཐའ་ཡས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཛིན་པ་མེད་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་མིང་ཙམ་དུ་ཤེས་པར་བྱས་ནས། སྒྲ་དང་ཡང་དག་པར་འགྲོ་བ་དང་། བརྗོད་ཚོགས་ཀྱ་དུ་ཆུད་པར་བྱ་སྟེ། གཟུངས་ཀྱི་ཚུལ་ལ་མཁས་པའི་རྗེས་སུ་འཇུག་པར་བྱའོ།། ཇི་ལྟར་གཟུངས་ཀྱི་ཚུལ་ལ་མཁས་པའི་རྗེས་སུ་འཇུག་པར་བྱ་ཞེ་ན། གང་ཡུལ་ན་མི་གནས་ཤིང་ཕྱོགས་ནི་མི་གནས་ལ། ཆོས་གང་གི་ཁོངས་སུའང་མ་གཏོགས་པ། ནང་དུའང་མ་འདུས་ཤིང་བརྗོད་པ་དང་ཡང་དག་པར་བརྗོད་པ་མཉམ་པར་གནས་པ་འདི་ནི། མིང་དུ་བཏགས་པ་ཙམ་དུ་ཟད་པར་རྗེས་སུ་རྟོགས་ནས། ཆོས་རྣམས་ཀྱི་ཡང་དག་པའི་ཚིག་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱའོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ནི་ཐམས་ཅད་ཀྱང་རྣམ་པ་མེད་པ་བརྗོད་པ་མེད་པ་ཡིན་ནོ། ། འདི་ནི་སྟོབས་དང་མི་འཇིགས་པའི་ས་ཡིན་ཏེ། ཆོས་གང་ཅིའང་རུང་དེ་ཐམས་ཅད་སྒོ་འདི་ནས་བསྟན་པར་བྱའོ།། དེ་བཞིན་གཤེགས་པས་ནི་ཆོས་རྣམས་རྣམ་པ་དུ་མ་ཉིད་དུ་བསྟན་མོད་ཀྱི། ཆོས་རྣམས་ལ་ནི་གཅིག་པ་ཉིད་དམ། ཐ་དད་པ་ཉིད་ཡོད་པ་མ་ཡིན་གྱི། ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་དང་མེད་པ་མ་ཡིན་ནོ།། འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དུ་བསྟན་ཏེ། གང་དག་སྟོང་པ་ཡིན་པ་དེ་དག་ནི་མཚན་མ་དང་བྲལ་བ་ཡིན་ནོ།། གང་དག་མཚན་མ་དང་བྲལ་བ་དེ་དག་ནི་སྨོན་པ་མེད་པ་དང་རབ་ཏུ་ཤེས་པ་མེད་པ་ཡིན་ནོ། ། ཆོས་གང་དག་སྟོང་པ་དང་། མཚན་མ་དང་བྲལ་བ་དང་། སྨོན་ལམ་གྱིས་དབང་མ་བསྒྱུར་བ་དང་། ཤེས་པ་མེད་པ་དང་། བྱེ་བྲག་ཏུ་ཤེས་པ་མེད་པ་དེ་དག་ནི་ཡོད་ཅེས་བྱ་བ་འམ། མེད་ཅེས་བྱ་བར་བརྗོད་པར་བྱ་བའང་མ་ཡིན་ལ། མེད་དོ་ཞེས་ཐ་སྙད་གདགས་པར་བྱ་བའང་མ་ཡིན། དེ་ལ་མེད་དོ་སྙམ་དུ་མངོན་པར་ཞེན་པར་བྱ་བའང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་དོན་དམ་པར་མངོན་པར་ཞེན་པ་མེད་པར་གསུངས་ཏེ། འདི་ལྟར་མངོན་པར་ཞེན་པ་གང་ཡིན་པ་དང་། གང་གིས་མངོན་པར་ཞེན་པ་དང་། ཇི་ལྟར་གང་དུ་མངོན་པར་ཞེན་པ་དེ་ཐམས་ཅད་ནི་གསོག་གསོབ་སླུ་བའི་ཆོས་ཅན་གཡོ་བ་རློམ་པ་སྟེ། སྤྲོས་པ་ཡིན་ནོ།། བཀོད་པ་མཐའ་ཡས་ཆོས་འདི་དག་སྟོན་པ་ལ་ལྟོས། གང་ཞིག་གིས་ཅིའང་མ་བསྟན་ཏམ། ཡོངས་སུ་དག་པར་མ་བསྟན་ཀྱང་རུང་། འོན་ཀྱང་དེ་ལ་སྟོན་པ་པོ་ཡིན་པར་བརྗོད་དགོས་ཏེ། བཀོད་པ་མཐའ་ཡས་འདི་ལྟ་བུ་ནི་དེ་བཞིན་གཤེགས་པའི་ཆོས་བསྟན་པ་འབྱུང་བ་ཡིན་ནོ། ། བཀོད་པ་མཐའ་ཡས་འདི་ནི་ཚུལ་འདི་ཀུན་ཤེས་པའང་དཀོན་ཏེ། དེ་ལྟ་ཁྱེད་ལ་སོགས་པའི་མངོན་སུ་གྱུར་ཅིང་། ཀུན་ཤེས་པར་བྱེད་པའི་སྒྲུབ་པ་ལ་གནས་པ་རྣམས་ཆོས་འདི་ལ་མོས་པ་མང་བར་ཟད་དོ། ། བཀོད་པ་མཐའ་ཡས་མ་འོངས་པའི་དུས་ཕྱི་མའི་ཚེ་ན་སེམས་ཅན་ཆོས་འདི་ལྟ་བུ་དག་ཀུན་ཤེས་པར་འགྱུར་བ་ནི་ཉུང་སྟེ། གང་དག་ད་ལྟར་འདི་ན་ངའི་མངོན་སུམ་དུ་གྱུར་ཅིང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར། བདག་ཅག་གིས་ཕྱི་མའི་དུས་ན། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་གཟུང་བར་བྱའོ།། ཞེས་གོ་བགོས་པ་དེ་དག་ནི་མ་གཏོགས་སོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་གང་དག་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་ཤིང་། ཟབ་མོ་ལ་མོས་པ། ཆོས་ཟབ་མོའི་ཚུལ་ལ་མཁས་པ། མཉན་པ་དོན་དུ་གཉེར་ཞིང་མོས་པ་དེ་དག་ནི་ཆོས་འདི་འཛིན་པ་རྙེད་པར་འགྱུར་རོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཟབ་མོའི་ཚུལ་གྱིས་གཞི་བླངས་པ། དད་པ་ཅན་དགེ་བ་ཚོལ་བ། མོས་པ་མང་བ། རྒྱ་ཆེན་པོ་ལ་ཡང་དག་པར་གནས་པ། ཐེག་པ་ཆེན་པོ་དོན་དུ་གཉེར་བ་ལ་བརྩོན་པ། ཉན་ཐོས་ཀྱི་ཐེག་པ་དང་། ཁམས་གསུམ་པ་ཐམས་ཅད་དོན་དུ་མི་གཉེར་བ། ཆོས་ཟབ་མོ་སྤྱོད་པ་རྣམས་ལ་སྔོན་མ་ཐོས་པའི་ཆོས་ཀྱི་ཚུལ་ཟབ་མོ་ཡངས་པ། ཚད་མེད་པ། བལྟ་དཀའ་བ། རྟོགས་པར་དཀའ་བ། བྱིས་པ་ཐོས་པ་ལ་སོགས་པ་དང་མི་ལྡན་པ། མངོན་པར་ཞེན་པ་རྣམས་ཀྱིས་གཏིང་དཔག་དཀའ་བ་འདི་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ། བབ་དང་། བདེ་བར་བྱ་བའི་ཕྱིར་ཡང་དང་ཡང་དུ་སྟོན་པར་མཛད་ཀྱི། འདི་དོན་དུ་མི་གཉེར་བ་རྣམས་ཀྱིས་ནི་མ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཁྱེད་ལ་སོགས་པ་ལྟར་བཅས་པའི་འཇིག་རྟེན་ཆོ་ག་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལའང་འཇིགས་པར་ལྟ་བ། འཇིགས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འདོད་ཅིང་། སྡོམ་ལས་མེད་པ་རྣམས་ལ་ཆོས་སྟོན་པར་མཛད་དེ། དེའི་ཆེད་དུ་དེ་བཞིན་གཤེགས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཆོས་ཟབ་མོ་འདི་ལ་བསྐལ་པ་བྱེ་བ་ཕྲག་དུ་མར་བསླབས་ནས་ངེས་པར་འབྱུང་བ་ཡིན་ནོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཅི་ནས་ཀྱང་། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་སྐོར་བར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཡེ་ཤེས་ཆེན་པོ་བླ་ན་མེད་པ་མཐོང་བར་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རིགས་རྒྱུན་མི་གཅད་པར་བྱ་བའི་ཕྱིར་ཆོས་ཀྱི་ཚུལ་སྟོན་པར་མཛད། བྱིན་གྱིས་རློབ་པར་མཛད་ཅིང་། ཅི་ནས་ཀྱང་སེམས་ཅན་རྣམས་སངས་རྒྱས་ཀྱི་ཆོས་ཀྱིས་ངེས་པར་འབྱུང་བར་འགྱུར་བ་དང་། གཟུངས་ཀྱི་ཚིག་གི་ཆོས་འདི་རྒྱས་པར་བྱ་བ་དང་། ཆོས་ཀྱི་ཚུལ་འདི་ལ་རྗེས་སུ་ཡི་རང་བར་འགྱུར་བ་དེ་ལྟར་སྟོན་པར་མཛད། རྗོད་པར་མཛད་དོ།། བཀོད་པ་མཐའ་ཡས་དེ་ལ་ཁྱེད་ལ་སོགས་པ་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པའི་ཚུལ་ཅན་དག་གིས་སེམས་ཅན་དད་པ་ཅན་རྣམས་ལ་ཆོས་བསྟན་པ་དང་། ཆོས་རབ་ཏུ་གསལ་བར་བྱ་བའི་ཕྱིར། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་ཐོས་པའི་ཆོས་རྒྱས་པར་འཁོར་རྣམས་ལ་སྟོན་པར་བྱེད། རབ་ཏུ་གསལ་བར་བྱེད་པ་དེ་ལྟ་དེ་ལྟར་ཆོས་ལ་གནས་པ་ཉིད་དུ་སྒྲུབ་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་ཉེ་བར་འགྱུར་བ་དང་། མྱུར་དུ་གཟུངས་ཐོབ་པ་རྙེད་པར་འགྱུར་ཞིང་གཟུངས་ཐོབ་པ་དེས་ཀྱང་ཚེགས་ཆུང་ངུས་ཆོས་ཀྱི་སྒོ་ཡོངས་སུ་དག་པ་གསལ་བ་དཀར་པོ་རྣམས་ཀུན་ཏུ་འཛིན་པར་འགྱུར་བར་ནན་ཏན་གྱིས་ཤིག། བཀོད་པ་མཐའ་ཡས་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། གང་ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཀུན་ཏུ་སྦྱོར་བའང་མ་ཡིན། རྣམ་པར་བྲལ་བའང་མ་ཡིན་ཏེ། ལྡན་པ་དང་མི་ལྡན་པར་ཉེ་བར་གནས་པ་མ་ཡིན་ནོ།། བཀོད་པ་མཐའ་ཡས་ཆོས་རྣམས་ལ་ཆོས་ཡོད་པ་མ་ཡིན་ནོ།། ཡོད་པ་མ་ཡིན་པ་ནི་གང་དུའང་ཡང་དག་པར་གདགས་སུ་མེད་དེ། སེམས་ཅན་རྣམས་ཀྱིས་ཀུན་ཤེས་པར་བྱ་བའི་ཕྱིར། རྒྱུ་ངེས་པར་སྟོན་པ་དང་། རྒྱུ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པར་འདོགས་པ་ནི་མ་གཏོགས་སོ།། བཀོད་པ་མཐའ་ཡས་ཆོས་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་གང་ཡིན་པ་དེ་ལ་ནི་རྒྱུའང་མེད། རྒྱུ་ཟད་པའང་མེད། འདོད་ཆགས་དང་བྲལ་བའང་མེད། འགོག་པའང་མེད་ན། དེ་བཞིན་གཤེགས་པའི་ཆོས་སྟོན་པ་ཡོངས་སུ་དག་པ་དེ་ལྟ་བུ་འབྱུང་བ་ལ་ལྟོས།། ། ། བམ་པོ་གཉིས་པ།། །། བཀོད་པ་མཐའ་ཡས་གང་དག་དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུ་རྟོག་ནའང་། དེ་དག་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་པ། མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པའང་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཆོས་གང་གིས་ཀྱང་རྣམ་པར་གནས་པར་མི་འགྱུར་ན། ཆོས་མ་ཡིན་པས་རྣམ་པར་གནས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ལྟ་བུ་ནི་ཡོད་པ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཆོས་སུ་གདགས་པ་ལས་ཡང་དག་པར་འདས་པས། དེ་ནི་ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་བརྗོད་པ་རྣམ་པར་དག་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཟབ་པ་རྒྱ་ཆེ་བ་ཚད་མེད་པ་ཡིན་ནོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ལ་ནི་གཟུགས་ཀྱི་རྣམ་པར་རིག་པའང་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རྣམ་པར་རིག་པའང་མེད་ན། གང་དག་གིས་ནི་དེ་བཞིན་གཤེགས་པར་འདོགས་པར་འགྱུར། གང་གིས་ནི་འདོགས་པར་ཤེས། དེ་བཞིན་གཤེགས་པ་ནི་གཟུགས་ཟད་པའི་རྣམ་པར་གྲོལ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཟད་པའི་རྣམ་པར་གྲོལ་བ་དང་ཡང་དག་པར་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་མཚུངས་པར་མི་ལྡན་ན། རབ་ཏུ་མི་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་འདུས་བྱས་དང་འདུས་མ་བྱས་སུ་རློམ་པར་མི་མཛད། སྤྲོས་པར་མི་མཛད་དེ། ཉེ་བར་ལེན་པ་གཉིས་དང་མི་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཉེ་བར་ལེན་པ་དང་མཚུངས་པར་མི་ལྡན། རབ་ཏུ་མི་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་རྩ་འཆད་པ་སྟེ། ཆོས་ཐམས་ཅད་ཀྱང་རྩ་བ་དང་བྲལ་བ། སྤྲོས་པ་མེད་པ། གཡོ་བ་མེད་པ། མི་གཡོ་བ། ཆུ་བོ་ལས་བརྒལ་བ། བླ་ན་མེད་པ། སངས་རྒྱས་ཀྱི་ཡུལ་ཁོ་ན་ལ་གནས་པ་ཡིན་གྱི། མི་གནས་པའོ་ཞེས་བརྗོད་པར་ནི་མི་བྱའོ།། དེ་བཞིན་གཤེགས་པ་ནི་ཆོས་གང་ཡང་ཐུགས་སུ་མི་ཆུད། ལེན་པར་མི་མཛད། ཉེ་བར་རྟོག་པར་མི་མཛད་དོ།། དེ་བཞིན་གཤེགས་པ་ཇི་ལྟ་བར་ཆོས་སྟོན་པའང་དེ་དང་འདྲ་སྟེ། དེ་བཞིན་གཤེས་པ་མཚུངས་པར་ལྡན་པ་མི་མངའ་བ་ནི་འབྲལ་བར་བྱ་བའི་ཕྱིར་ཆོས་སྟོན་པར་མི་མཛད་དོ། ། དེ་བཞིན་གཤེགས་པའི་ཆོས་ཉིད་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བ་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཚུལ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངེས་པར་སྟོན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་དང་། ཆོས་ཐམས་ཅད་ནི་དེ་བཞིན་ཉིད་དུ་འདོགས་པ་ཡིན་ནོ།། དེ་བཞིན་ཉིད་ཇི་ལྟ་བར་ཆོས་ཐམས་ཅད་དང་། དེ་བཞིན་གཤེགས་པའི་ཆོས་ཉིད་དང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་དེ་དང་འདྲ་སྟེ། དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ལ། གཅིག་པ་ཉིད་ཀྱང་མ་ཡིན། ཐ་དད་པ་ཉིད་ཀྱང་མ་ཡིན་ནོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་རྣམ་པར་རྟོག་པ་དང་། ཀུན་ཏུ་རྟོག་པས་ཉེ་བར་གནས་པ་མ་ཡིན་གྱི། ཆོས་ཐམས་ཅད་ལས་མི་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་གང་ཡང་དག་པར་འདའ་བར་བྱ་བའི་ཆོས་དེ་འགའ་ཡང་མ་དམིགས་པའི་ཕྱིར་རོ།། བཀོད་པ་མཐའ་ཡས་གང་གིས་ཚེ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། ཆོས་འགའ་ཡང་མངོན་པར་རྫོགས་པར་ཐུགས་སུ་མ་ཆུད། མ་མཁྱེན་རྣམ་པར་མ་མཁྱེན་ཏོ།། ཆོས་དང་རྗེས་སུ་མཐུན་པའི་ཆོས་ཐམས་ཅད་ཀྱང་མི་དམིགས་ཏེ། གང་མི་དམིགས་པ་དེ་ལ་རྗེས་སུ་མཐུན་པའི་ཆོས་མི་དམིགས་སོ་སྙམ་དུ་རྣམ་པར་རྟོག་པར་ཡང་མི་མཛད་དོ། ། དེའི་ཚེ་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འདུ་ཤེས་སམ། ཆོས་མ་ཡིན་པའི་འདུ་ཤེས་ཀྱང་མི་འཇུག་ཅིང་ཀུན་ཏུ་མི་སྤྱོད་ལ། འདུ་ཤེས་ཡིད་ལ་བྱེད་པའང་མི་འབྱུང་ངོ་། ། དེའི་ཚེ་དེ་བཞིན་གཤེགས་པ་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་གནས་ཤིང་། མི་གནས་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་མཁྱེན་ཅིང་རྣམ་པར་ཕྱེ་མོད་ཀྱི། སུས་ཀྱང་མཁྱེན་པའང་མེད། རྣམ་པར་ཕྱེ་བའང་མེད་དོ།། བཀོད་པ་མཐའ་ཡས་དོན་དམ་པ་སྟོན་པའི་ཚིག་འདི་དག་ནི་དེ་བཞིན་གཤེགས་པའི་ཚིག་མེད་པའི་ཚིག་རྣམ་པར་དག་པའི་ཚིག་ཡིན་ཏེ། འདི་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་རྣམས་ཚིག་རྣམ་པར་དག་པ་ཤེས་པའི་ཚུལ་ཡིན་ནོ། ། གང་གིས་སྒོ་མཐའ་ཡས་པའི་ཚུལ་དང་། གཟུངས་ཀྱི་སྒོ་རྗེས་སུ་རྟོགས་པ་ནི་ཆོས་ཅུང་ཟད་ཀྱང་རྟོགས་པའང་མ་ཡིན། མ་རྟོགས་པའང་མ་ཡིན་ནོ།། བཀོད་པ་མཐའ་ཡས་ཚིག་ཅེས་བྱ་བ་ནི་ཚིག་ཏུ་གྱུར་པ་མེད་དེ། ཚིག་མེད་པ་ལ་འཇུག་པས་ཚིག་ཐམས་ཅད་རྗེས་སུ་རྟོགས་པར་བྱའོ། ། ཚིག་ཐམས་ཅད་ནི་འདོད་ཆགས་དང་བྲལ་བའི་ཚིག་ཡིན་ཏེ། འདི་ལྟར་ཚིག་དེ་ནི་ནོར་བའི་ཚིག་ཡིན་ནོ།། གང་ནོར་བའི་ཚིག་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ།། ཚིག་དེ་ཐམས་ཅད་ནི་སླུ་བའི་ཚིག་ཡིན་ནོ། ། གང་སླུ་བའི་ཚིག་ཡིན་པ་དེ་ནི་དེ་བཞིན་ཉིད་ཀྱི་ཚིག་གོ།། གང་དེ་བཞིན་ཉིད་ཀྱི་ཚིག་ཡིན་པ་དེ་ནི་མཐར་ཐུག་པའི་ཚིག་གོ།། གང་མཐར་ཐུག་པའི་ཚིག་ཡིན་པ་དེ་ནི་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པའི་ཚིག་གོ།། གང་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། མྱ་ངན་ལས་འདས་པའི་ཚིག་ཡིན་པ་དེ་ནི་མྱ་ངན་ལས་འདས་པའི་ཚིག་སྟེ། ཚིག་མེད་པའི་ཚིག། ཀུན་ཏུ་སྤྱོད་པ་མེད་པའི་ཚིག། གདགས་པ་མེད་པའི་ཚིག་ཡིན་ནོ།། བཀོད་པ་མཐའ་ཡས་ཚིག་གཅིག་ཅེས་བྱ་བ་ནི་ཆོས་ཐམས་ཅད་དགེ་བ་དང་མི་དགེ་བའི་ནང་དུ་ཡང་དག་པར་མི་འདུ་བ་ཡིན་ནོ། ། ཚིག་གཅིག་པུ་གང་ཞེ་ན། འདོད་ཆགས་དང་བྲལ་བའི་ཚིག་སྟེ། འདོད་ཆགས་དང་བྲལ་བ་ལ་ནི་ཚིག་འགའ་ཡང་མེད་དོ།། ། འདོད་ཆགས་དང་བྲལ་བ་ཇི་ལྟ་བར་ཚིག་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། འདི་ལྟར་ཚིག་རྣམ་པར་དག་པའི་ཕྱིར། ཚིག་ཐམས་ཅད་ནི་ཚིག་མེད་པ་ཡིན་ནོ།། ཚིག་རྣམ་པར་དག་པ་གང་ཡིན་པ་དེའང་མྱ་ངན་ལས་འདས་པ་རྣམ་པར་དག་པ་ཡིན་ལ། མྱ་ངན་ལས་འདས་པ་རྣམ་པར་དག་པ་གང་ཡིན་པ་དེའང་ཚིག་རྣམ་པར་དག་པ་ཡིན་ཏེ། འདི་ལྟར་ཚིག་ཐམས་ཅད་ནི་བརྗོད་དུ་མེད་པ་ཡིན་ནོ། ། ངག་གང་གིས་ཚིག་རྗོད་པར་བྱེད་པ་དེའང་ཕྱོགས་བཅུར་མི་དམིགས་ཏེ། གང་གིས་བརྗོད་པ་དང་། གང་ལ་བརྗོད་པ་དང་། གང་བརྗོད་པ་དང་། ཅི་བརྗོད་པ་དང་། ཇི་ལྟར་བརྗོད་པ་དེ་དག་ཐམས་ཅད་ཡོད་པ་མ་ཡིན་ནོ།། གང་ཡོད་པ་མ་ཡིན་པ་དེ་ལ་ནི་མེད་པའི་དོན་དུ་རློམ་པར་ཡང་མི་བྱ། སྤྲོས་པར་ཡང་མི་བྱ་སྟེ། ཚིག་ཐམས་ཅད་ནི་རློམ་སེམས་མེད་པའི་ཚིག། སྤྲོས་པ་མེད་པའི་ཚིག་ཡིན་ནོ།། དེའི་ཕྱིར་རྣལ་འབྱོར་པ་ཚིག་དེ་དག་ཐམས་ཅད་ཡོངས་སུ་ཚོལ་ཞིང་རྣམ་པར་རྟོག་ན་འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདའ་བར་འགྱུར་ཏེ། མྱ་ངན་ལས་འདས་པ་ནི་ཚིག་དེ་དང་ཐ་དད་པ་མ་ཡིན་ནོ།། ཚིག་དེ་ཉིད་ཀྱང་བརྗོད་དུ་མེད་པ་ཡིན་ཏེ། འདི་ལྟར་ཚིག་ཀྱང་གཞན་དག་ཀྱང་གཞན་ལ། ངག་གང་གིས་ཚིག་སྟོན་པའི་ངག་དེ་ནི་དབང་མེད་པ་གསོབ་འདྲིད་པ་སྟེ། སླུ་བའི་ཆོས་ཅན་ཡིན་ནོ།། ཚིག་རྣམ་པར་དག་པ་བསྟན་པ་ལ་མཁས་པར་བྱ་བའི་ཕྱིར། གདགས་པ་མེད་པས་ཚིག་རྣམ་པར་རིག་པར་བྱེད་དེ། གང་འདོགས་པ་མེད་པ་དེ་ནི་འདོགས་པ་ཡིན་ནོ།། གང་འདོགས་པ་དེ་ནི་ཚིག་ཐ་དད་པ་ཡིན་ནོ།། གང་ཚིག་ཐ་དད་པ་དེ་ནི་རྣམ་པར་མི་རྟོག་པའོ། ། གང་རྣམ་པར་མི་རྟོག་པ་དེ་ནི་རྟོག་པ་སྤངས་ཤིང་ཆོས་ཉིད་འདིའི་ནང་དུ་ཡང་དག་པར་འདུ་བ་ཡིན་ནོ།། དེ་ནི་རྣམ་པར་དཔྱོད་པ་མེད་པར་བྱ་བའི་ཕྱིར། གང་ལའང་ཐ་སྙད་ཀྱི་སྤྱོད་པ་ཀུན་ཏུ་མི་དཔྱོད་དེ། འདི་ལྟར་དེ་མི་དཔྱོད། རྣམ་པར་མི་དཔྱོད། ཡང་དག་པར་མི་དཔྱོད། ཉེ་བར་མི་དཔྱོད་དོ།། གང་དག་དེ་ལྟར་གནས་པ་དེ་དག་ནི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་ཐེག་པ་པའོ་ཞེས་གསུངས་ཏེ། ཆོས་ཅུང་ཟད་ཀྱང་མི་དཔྱོད་པར་བྱང་ཆུབ་སེམས་དཔའི་ས་ལ་ཀུན་ཏུ་དཔྱོད་པ་ཡིན་ནོ།། གང་དག་དེ་ལྟ་བུར་ཞུགས་པ་དེ་དག་ནི་གཟུངས་མཐའ་ཡས་པ་རྣམ་པར་སྦྱོང་བ་ལ་གནས་པ་ཡིན་ནོ། ། བཀོད་པ་མཐའ་ཡས་དེ་ལ་གཟུངས་ཀྱི་སྒོའི་ཚིག་གང་དག་གིས་བྱང་ཆུབ་སེམས་དཔའ་རྣམས་གཟུངས་སོ་སོར་ཐོབ་ནས། ཆོས་ཀྱི་གཏེར་མཐའ་ས་པ་རབ་ཏུ་སྟོན་པར་འགྱུར་བ་དང་། རྒོལ་བ་ཐམས་ཅད་ཚར་བཅད་ནས། རྩོད་པ་མེད་པའི་ས་ལ་གནས་པར་འགྱུར་བ་དང་། ཉེ་བར་ནི་བའི་ཆོས་རྒྱས་པར་བྱ་བ་ལ་འཇུག་པར་འགྱུར་བ་ནི་གཟུངས་ཀྱི་རྣམ་ཚིག་བསྟན་པར་བྱའོ། ། གཟུངས་ཀྱི་སྒོའི་ཚིག་དེ་དག་ཀྱང་གང་ཞེ་ན། སྱད་ཡ་ཐེ་དན་ཛ་ཡེ། བི་ཛ་ཡ། ཨུ་གེ། ཨུ་ཀ་བ་ཏི། ཨཱ་ལོ་ཀེ། ཨཱ་ལོ་ཀ་བ་ཏི། པྲ་བྷེ། པྲ་བྷ་བ་ཏི། ནི་དར་ཤ་ནེ། ནཽ་དར་ཤ་ན་བ་ཏི། ཨ་ར་ཐེ། ཨར་ཐ་བ་ཏི། ཤོ་དྷ་ནི། ཤོ་དྷ་ན་བ་ཏི། བ་རི་ཤོ་དྷ་ནེ། ཀྲྀ་ཡེ། བི་ཀྲི་ཡ་བ་ཏི། ཨུད་ཏར་ནི། ས་ར་ཎི། མ་ཧཱ་བི་ཛ་ཡེ། མ་ཧཱ་བི་ཛ་ཡ་བ་ཏི། ཨ་ནུ་སིནྡྷུ་ཨ་པྲ་ཏི་སིནྣ། ཡུག་བཱ་ཧི་ནད་དྷཱ། སིདྡྷི། སིདྡྷ་ར་ཐེ། སིད་དྷཱཿབ་ཏི། མ་ཏི་མ་ཏི། མ་ཏི་པྲ་དྷྭེ། ཨུད་ཏ་རི། ཨུད་ཏ་ར་བ་ཏི། བི་ཙི་ར། བི་ཙ་རཱ་ནུ་སན་དྷི། ས་རེ། ས་ར་བ་ཏི་ས་རཱ་ནུ་ག་ཏེ། ས་མེ། ས་མཱ་ར་བྷ་བ་ག་ཏེ། ག་ཏི། ཨ་ནི་ག་ཏེ། ཨ་པྲ་ཏི་ནི་བར་ཏེ། བི་ཤེ་ཥེ། བི་ཤེ། ཥ་བ་ཏི། ཨ་བཱ་ཧི་ནི། ནི་བཱ་ཧི་ནི། པྲ་བྷ་ཧི་ནི། ཨུ་ཧ་ཨུད་ཏ་ར་ནེ། མཱ་ལ་བ་ན་ཡེ། ཨ་ཤེ་ཥེ། ཨ་ནུ་པ་ཤེ་ཤེ། ཨ་ནུ་ག་མེ། ཨ་པྲ་ཏིག་མེ། ཨ་ག་ཏེ། ཨ་ནཱ་ག་ཏེ། ཨ་ནཱ་ག་ཏེ་བི་ཤོ་དྷ་ནི། @་རིག་དྷ་ནི། ཀཱང། ཚེད་ནི། ཡ་ཏེ། མ་ཏི་པྲ་ཏིཏ། མ་ཏན་ཤོདྷནི། ས་མན་ཏཱ་མུག་ཏེ། ས་མན་ཏ་པ་རི་བྷཱི་། ས་མན་ཏ་ཛ་ཤ་དྷནི། ཨ་ནུ་པ་ཀྲ་ཧི། ཨ་ནི་གྲ་ཧི་ཧཱི་ནཱ་ར་ཐེ། ཨ་ར་ཐ་བི་ཤུད་དྷི་པ་ར་མེ། ཧེ་ཏུ་ནི་དྷི་སན་ནེ། པྲ་ཏཱི་ཏེ། པྲ་ཏཱི་ཏ་བ་དྷི། བི་ནི་ཤྩ་ཡེ། བི་ནི་ཤྩ་ཡཱ་ནུ་ག་ཏེ། ཨ་ནན་ཏར་ཐེ། ཨ་ནན་ཏ་བི་གྲ་ཧེ། མ་དྷ་བི་ཤུད་དྷི། ཨ་ནུ་གྲ་ཧེ་ཨ་གྲ་ཧ། ཟི་ཤོ་དྷ་ནི། ཨ་དྷྱད་མ་བི་ག་ཏེ། བ་ཧ་བ་བི་ཤོ་དྷ་ནི། བིདྱཱ་ནུ་ག་ཏི། བིདྡྷཱ་ནུ་སན་དྷི། བཻ་རི་ཤོ་དྷ་ནི། བཀོད་པ་མཐའ་ཡས་གསང་སྔགས་ཀྱི་ཚིག་བསྟན་པ་འདི་དག་ནི་གཟུངས་ཡོངས་སུ་ཤེས་པར་འགྱུར་བ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཆོས་ཀྱི་གཏེར་མཐའ་ཡས་པ་རྗེས་སུ་དྲན་པར་འགྱུར། སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་པར་འགྱུར། མི་སླུ་བའི་ས་ལ་གནས་ཤིང་། དོན་དང་ཚིག་གི་ཚུལ་ཐམས་ཅད་ཀྱང་རྗེས་སུ་རྟོགས་པར་འགྱུར། སངས་རྒྱས་ཀྱི་ཆོས་རབ་ཏུ་དབྱེ་བ་རྒྱ་ཆེན་པོ་ཚད་མེད་པའང་རྟོམ་པབཔར་འགྱུར། ཇི་ལྟར་སྨོན་པའང་ཡོངས་སུ་རྫོགས་པར་འགྱུར་རོ།། བཀོད་པ་མཐའ་ཡས་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཟུངས་ཀྱི་ཚུལ་ལ་ཐབས་ལ་མཁས་པ་ལྷག་པར་རྟོགས་པར་འགྱུར་བ་དང་། རྗེས་སུ་རྟོགས་ནས་ཀྱང་ཚུལ་དང་མཐུན་པའི་དགོངས་པ་ལ་མཁས་པའི་ཚུལ་ཀུན་ཤེས་པར་འགྱུར་བ། གཟུངས་ཀྱི་ཚུལ་རབ་ཏུ་དབྱེ་བ་ཀུན་ཤེས་པ་ལ་མཁས་པ་བསྟན་པར་བྱའོ།། ཇི་ལྟར་ཀུན་ཤེས་པར་འགྱུར་ཞེ་ན། བཀོད་པ་མཐའ་ཡས་མིག་ནི་གཟུགས་ཀུན་ཏུ་འཛིན་པ་ཡིན་ལ། རྣ་བ་ནི་སྒྲ་ཀུན་ཏུ་འཛིན་པ་ཡིན། སྣ་ནི་དྲི་ཀུན་ཏུ་འཛིན་པ་ཡིན། ལྕེ་ནི་རོ་ཀུན་ཏུ་འཛིན་པ་ཡིན། ལུས་ནི་རེག་བྱ་ཀུན་ཏུ་འཛིན་པ་ཡིན། ཡིད་ནི་ཆོས་ཀུན་ཏུ་འཛིན་པ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་ལ་ཇི་ལྟར་ན་ནང་གི་ཆོས་དྲུག་པོ་དག་ཕྱིའི་ཆོས་རྣམས་འཛིན་པ་ཡིན་ཞེ་ན། བཀོད་པ་མཐའ་ཡས་གང་གི་ཚེ་བྱང་ཆུབ་སེམས་དཔའ་མིག་གིས་གཟུགས་མཐོང་བ་ན། དེ་ལ་མི་རྟག་པ་ཉིད་དུ་ཀུན་ཏུ་འཛིན་པར་བྱེད། སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་རབ་ཏུ་རྟོག་པར་བྱེད། དེ་ལ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་ཀུན་ཏུ་འཛིན་པར་བྱེད་དོ།། དེ་ཤེས་རབ་ཀྱི་སྟོབས་ཆགས་པ་མེད་པ། དྲན་པ་ལ་མཁས་པ། རྫབ་རྫུབ་མ་ཡིན་པས། ནང་གི་མིག་གི་ཁམས་ཀུན་ཏུ་འཛིན་པར་བྱེད་དེ། མིག་ལ་བདག་གམ། བདག་མེད་པར་ཉེ་བར་རྟོག་པ་ནི་མི་བྱེད་དོ།། དེ་མིག་གི་སྐྱེ་མཆེད་རྣམ་པར་དག་པ་ལ་མཁས་པ་ལ་གནས་ཏེ། གཟུགས་ལ་དམིགས་པ་རྗེས་སུ་གཟུང་བའི་ཕྱིར། གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བར་བྱེད་ཅིང་། ཕྱི་དང་ནང་གི་ཆོས་དེ་ལས་གཞན་པ་ཀུན་ཏུ་སྦྱོར་བར་འགྱུར་བ་དག་དང་བྲལ་བའི་སྒོ་ནས་ལྡོག་པར་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ། འགོག་པར་རྗེས་སུ་ལྟ་ཞིང་གནས་ལ་ཅུང་ཟད་ཀྱང་སྤྲོས་པར་མི་བྱེད་དོ།། དེ་སྤྲོས་པ་མེད་པ་ཀུན་འཛིན་པ་ལ་མཁས་པས་རློམ་སེམས་མི་འབྱུང་བའི་གནས་ལ་གནས་ཤིང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་ཆོས་རྣམས་བཏང་སྙོམས་སུ་འཇོག་ཅིང་རློམ་པར་མི་བྱེད་དོ།། ཇི་ལྟར་མཐོང་བ་རྣམ་པར་དག་པ་བཞིན་ཆོས་རྣམས་སྒྱུ་མ་དང་འདྲ་བ་ཉིད་དུ་རྗེས་སུ་དྲན་པར་ཡང་བྱེད་དོ། ། དེ་རྣམ་པར་ལྟ་བ་ཐུན་མོང་མ་ཡིན་པས་ཤེས་པ་དང་། ཤེས་བྱ་རྣམ་པར་དག་པ་ལ་མཁས་པ་ཀུན་ཏུ་འཛིན་པ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་རྒྱ་ཆེན་པོ་ཡོངས་སུ་འཛིན་པར་ཡང་འགྱུར་རོ། ། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཆོས་འཛིན་པའི་བར་དུའང་མཐུན་པར་སྦྱར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཡིད་ཀྱིས་ཆོས་རྣམ་པར་ཤེས་པ་ན། ཆོས་ལ་མི་རྟག་པར་ཀུན་ཏུ་འཛིན་པར་བྱེད། ཆོས་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་ལྟ་ཞིང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པར་ཀུན་ཏུ་འཛིན་པར་ཡང་བྱེད་དོ།། དེ་ཤེས་རབ་ཀྱི་སྟོབས་ཆགས་པ་མེད་པ། དྲན་པ་ལ་མཁས་པ། རྫབ་རྫུབ་མ་ཡིན་པས་རང་གི་ཡིད་ཀྱི་སྐྱེ་མཆེད་ཀུན་ཏུ་འཛིན་པར་བྱེད་དེ། བདག་གམ། བདག་མེད་པར་སྤྲོས་པར་ཡང་མི་བྱེད་ལ། སྣ་ཚོགས་སུ་ཀུན་འཛིན་པ་ལ་མཁས་པས་ཡིད་ཀྱི་རྣམ་པར་ཤེས་པའི་ས་ལ་རབ་ཏུ་རྣམ་པར་འབྱེད་དོ།། དེའི་འོག་ཏུ་ཡིད་ཀྱི་སྐྱེ་མཆེད་རྣམ་པར་དག་པ་ལ་མཁས་པ་ལ་གནས་ཏེ། ཆོས་ལ་དམིགས་པ་རྗེས་སུ་གཟུང་བའི་ཕྱིར་གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བར་བྱེད་ཅིང་། ཕྱི་དང་ནང་གི་ཆོས་དེ་ལས་གཞན་པ་ཀུན་ཏུ་སྦྱོར་བར་འགྱུར་བ་དག་དང་བྲལ་བའི་སྒོ་ནས་ལྡོག་པར་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ། འགོག་པར་རྗེས་སུ་ལྟ་ཞིང་གནས་ལ། ཅུང་ཟད་ཀྱང་སྐུར་པ་འདེབས་པ་འམ། སྤྲོས་པ་ནི་མི་བྱེད་དོ། ། དེ་སྤྲོས་པ་མེད་པ་ཀུན་ཏུ་འཛིན་པ་ལ་མཁས་པས། རློམ་སེམས་མི་འབྱུང་བའི་གནས་ལ་གནས་ཤིང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་བཏང་སྙོམས་སུ་འཇོག་ཅིང་སྤྲོས་པར་ཡང་མི་བྱེད། རློམ་པར་ཡང་མི་བྱེད་དོ།། ཇི་ལྟར་མཐོང་བ་རྣམ་པར་དག་པ་བཞིན། ཆོས་རྣམས་མཉམ་པ་ཉིད་དུ་རྗེས་སུ་དྲན་པར་ཡང་བྱེད། རྣམ་པར་ཤེས་བ་དང་། ཤེས་བྱ་རྣམ་པར་སྤོང་བ་ལ་མཁས་པ་ཀུན་འཛིན་པར་ཡང་བྱེད་ཅིང་། རྣམ་པར་ལྟ་བ་ཐུན་མོང་མ་ཡིན་པས་བསོད་ནམས་དང་། ཡེ་ཤེས་ཀྱི་ཕུང་པོ་རྒྱ་ཆེན་པོ་ཡོངས་སུ་འཛིན་པར་ཡང་འགྱུར་རོ། ། དེ་དེ་ལྟར་ཕྱི་དང་ནང་གི་ཆོས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཤེས་རབ་ཀྱི་སྟོབས་དོན་གྱི་རྗེས་སུ་སོང་བའི་བློ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པས། ཆོས་འགའ་ཡང་རྒྱུ་མེད་པར་ཡང་དག་བར་རྗེས་སུ་མི་ལྟ་ལ། རྒྱུ་དང་རྐྱེན་ལས་འབྱུང་བར་ཡང་ཡང་དག་པར་རྗེས་སུ་མི་ལྟ་སྟེ། ཆོས་ཐམས་ཅད་ཕན་ཚུན་མི་ལྡན་པར་ཤེས་པར་བྱས་ནས། ཆོས་རྣམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་འབྲང་ངོ་།། ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ཕན་ཚུན་ཀུན་འཛིན་པ་དང་། རྗེས་སུ་མཐུན་པ་འཛིན་པས་ཆོས་རྣམས་ཀྱི་རྟེན་གྱི་ཚུལ་དུ་ཉེ་བར་གནས་པ་ཡིན་གྱི། ཆོས་ཐམས་ཅད་བསྡུས་ནས་ཐུན་མོང་གི་ཚུལ་དུ་གནས་པ་ནི་མ་ཡིན་ནོ།། ཆོས་གང་དག་སྐྱེ་བ་མེད་ཅིང་ལྡོག་པ་མེད་པ་དེ་དག་ནི་བརྗོད་པར་བྱ་བ་མ་ཡིན་ནོ། ། ཆོས་གང་དག་དོན་དང་ལྡན་ཞིང་ཕན་ཚུན་སྐལ་བ་མཉམ་པ་དང་བྲལ་བ་དེ་དག་ཐམས་ཅད་ནི་ལྡན་པའང་མ་ཡིན། མི་ལྡན་པའང་མ་ཡིན་ནོ།། ཆོས་རྣམས་ནི་བྱེད་པ་པོ་མེད་པ་བྱེད་དུ་འཇུག་པ་པོ་མེད་པའོ། ། ཆོས་རྣམས་ནི་སྲོག་མེད་པ། སེམས་ཅན་མེད་པ། གང་ཟག་མེད་པའོ།། ཆོས་ཐམས་ཅད་ནི་ཚིག་མངོན་པར་སྒྲུབ་པ་ཇི་ལྟ་བ་བཞིན་རྗེས་སུ་འཛིན་པས་མྱ་ངན་ལས་འདས་པ་དང་མཉམ་པའོ། ། ཆོས་ཐམས་ཅད་ནི་ཆགས་པ་མེད་པ། ཆགས་པ་དང་མི་ལྡན་པ། ཆགས་པ་དང་བྲལ་བ་སྟེ། བཀོད་པ་མཐའ་ཡས་གཟུངས་རབ་ཏུ་དབྱེ་བ་ལ་མཁས་པ་བསྟན་པ་འདི་ནི། ང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱི་དང་ནང་གིས་ཆོས་དག་གིས་ཆོས་ཐམས་ཅད་ཉེ་བར་བརྟག་པར་བྱ་བ་དེ་ལྟར་བཤད་ན། བྱང་ཆུབ་སེམས་དཔའ་དེ་ནང་གི་གཞི་རྣམས་ཀྱང་རབ་ཏུ་སྤོང་ལ། ཕྱི་རོལ་གྱིའང་ལེན་པར་མི་བྱེད་དོ། ། དེ་འདི་ལྟར་རྣམ་པར་རྟོག་པར་ཡང་བྱེད་དེ། ཀྱེ་མ་འཇིག་རྟེན་གན་པ་འདི་ནི་འཁོར་བའི་འཁོར་ལོ་ཐོག་མ་དང་ཐ་མ་མེད་པར་ཞུགས་པ། མ་རིག་པས་འཛིན་པའི་རྗེས་སུ་སོང་བ། མ་རིག་པའི་སྒོ་ངའི་སྦུབས་སུ་ཆུད་ཅིང་འཁྱམ། རབ་ཏུ་འཁྱམ། ཀུན་ཏུ་རབ་ཏུ་འཁྱམ་པའོ།། འཁོར་བའི་འཁོར་ལོ་དེ་ཉིད་ཀུན་ཏུ་འགྱུར། རབ་ཏུ་འགྱུར་ཡང་། འདི་ལ་འཁོར་བར་དམིགས་པའང་མེད། མངོན་པའང་མེད་དེ། འཁོར་བའི་འཁོར་ལོ་ཡོངས་སུ་འགྱུར་བའི་རྗེས་སུ་འགྲོ་བ་ཡང་དག་པའང་ཡོད་པ་མ་ཡིན་ནོ།། འཇིག་རྟེན་གནས་པ་དེ་ལྟ་བུ་ཡིན་ཡང་། འདི་ལ་འཇིག་རྟེན་དུ་དམིགས་པའང་མེད།། འཇིག་རྟེན་དུ་མངོན་པའང་མེད་དོ།། སེམས་ཅན་འདི་རྣམས་ནི་ཆོས་འདི་ལྟ་བུ་དག་རབ་ཏུ་མི་ཤེས་པས་འདི་ཉིད་དུ་རྒྱུ། ཀུན་ཏུ་རྒྱུ། རྒྱུག། ཡོངས་སུ་རྒྱུག། རྗེས་སུ་རྒྱུག་གོ།། ཀྱེ་མ་སེམས་ཅན་འདི་དག་ནི་དེ་ཉིད་མི་ཤེས་ཤིང་ཡང་དག་པ་མ་ཡིན་པས་ཕྱིན་ཅི་ལོག་ཏུ་གྱུར་པ། སེམས་ཅན་མེད་པར་སེམས་ཅན་དུ་འདུ་ཤེས་པ་ལ་ཆགས་ཏེ། སེམས་ཅན་དུ་འདུ་ཤེས་པའི་འཆིང་བས་བཅིངས་པ་ཡིན་ནོ།། ཀྱེ་མ་སེམས་ཅན་འདི་དག་ནི་ཆོས་རྣམས་རབ་ཏུ་མི་ཤེས་པས་འཇིག་པ་དང་། རྣམ་པར་འཇིག་པ་དང་། རབ་ཏུ་འཇིག་པའི་རྗེས་སུ་སོང་བ་སྟེ། ཡང་དག་པ་མ་ཡིན་པའི་ཕྱིར་རྒོལ་བ་དང་གཡུལ་འགྱེད་པ། མུན་པའི་རྗེས་སུ་སོང་བ་ཡིན་ཡང་གང་དུའང་སོང་བ་མེད། གང་ནས་ཀྱང་འོང་བ་མེད་དོ།། ཀྱེ་མ་སེམས་ཅན་འདི་དག་ནི་ཀུན་ཏུ་ཆགས་པ་ལ་ཞེན་པ། ཀུན་ཏུ་ཆགས་པའི་འཆིངས་བས་བཅིངས་པ་སྟེ། ཐར་པ་རབ་ཏུ་མི་ཤེས་པ་ཡིན་པས། བདག་གིས་སེམས་ཅན་རྣམས་ལ་ཕན་གདགས་པ་དང་། རྗེས་སུ་གཟུང་བའི་ཕྱིར་ཆོས་ཀྱི་ཚུལ་འདི་བསྟན་པར་བྱ་གོར་མ་ཆག་སྙམ་མོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་ཆོས་རྣམས་དེ་ལྟར་རབ་ཏུ་རྣམ་པར་འབྱེད་ན། མྱུར་དུ་ཆོས་རྣམས་ལ་སྣང་བ་ཆེན་པོའང་ཐོབ་པར་འགྱུར། སྒོ་ཡོངས་སུ་དག་པའང་རྗེས་སུ་འཐོབ་པར་འགྱུར། སོ་སོ་ཡང་དག་པར་རིག་པའང་ཀུན་ཏུ་འཛིན་པར་འགྱུར། བཟོད་པ་ཆེན་པོ་སྣང་བར་བྱ་བ་ལའང་བརྩོན་པར་འགྱུར། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའང་འཛིན་པར་འགྱུར། དགོངས་པ་བསྟན་པ་ལའང་མཁས་པར་འགྱུར། ཚིག་གི་རྣམ་གྲངས་ཀྱང་ཀུན་ཤེས་པར་འགྱུར། ཚིག་ཚད་མེད་པའང་ཤེས་པར་འགྱུར། སྔོན་གྱི་གནས་ཀྱང་རྗེས་སུ་དྲན་པར་འགྱུར། ཕན་ཡོན་ཡང་ཀུན་ཏུ་སྟོན་པར་འགྱུར་ཡང་། ཆོས་འགའ་དང་ཡང་འགལ་བར་ཡང་མི་བྱེད་ལ། སེམས་ཅན་རྣམས་རྩོད་པ་མེད་པའི་ལས་ལའང་འཛུད་པར་ཡང་འགྱུར། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཚར་གཅོད་པར་ཡང་འགྱུར། སེམས་ཅན་རྣམས་མུན་པ་ལས་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཆོས་སྟོན་པར་ཡང་འགྱུར། ཕྱོགས་བཅུ་དག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆེད་དུ་བརྗོད་པར་ཡང་འགྱུར། ཆོས་ཀྱི་སྣང་བ་ཆེན་པོ་གཏོང་བར་ཡང་འགྱུར། ཆོས་བསམ་གྱིས་མི་ཁྱབ་པའི་སྦྱིན་བདག་ཏུའང་འགྱུར། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་གཏེར་ལ་རྣམ་པར་སྤྱོད་ཅིང་། ཀུན་ཏུ་རྨོངས་པར་ཡང་མི་འགྱུར་རོ།། སྨོན་ལམ་གྱི་བྱེ་བྲག་ཀུན་ཏུ་འཛིན་ཅིང་། ཇི་ལྟར་སྨོན་པའང་ཡོངས་སུ་རྫོགས་པར་འགྱུར་རོ།། ཐབས་མཁས་པ་བསམ་གྱིས་མི་ཁྱབ་པའང་ལྷག་པར་རྟོགས་ཤིང་། སེམས་ཅན་རྣམས་ཀྱི་བསམ་པ་སྒྲུབ་པའང་ཡང་དག་པར་སྐུལ་བར་འགྱུར་རོ། ། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་རྒྱུ་ཀུན་ཏུ་སྟོན་ཅིང་། འདས་པ་དང་མ་འོངས་པ་ལ་མཁས་པ་ངེས་པར་སྟོན་པར་ཡང་འགྱུར་རོ།། བཀོད་པ་མཐའ་ཡས་དེ་ལ་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་གྱི་སྒོ་བསྒྲུབ་པ་ལ་མངོན་པར་བརྩོན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་སྒོ་སྒྲུབ་པ་ལ་མཁས་པས་གཟུངས་ཀྱི་སྒོ་སྒྲུབ་པ་ལ་མཁས་པ་རྟོགས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་སྒོ་སྒྲུབ་པ་ལ་མཁས་པ་རྗེས་སུ་རྟོགས་པ་ནི་དགོངས་པའི་རྣམ་གྲངས་སྟོན་པ་ལའང་མཁས་པར་འགྱུར། ཡེ་ཤེས་ཀྱི་རྣམ་གྲངས་ལརང་འཇུག་པར་འགྱུར། ཆོས་ཟབ་མོའི་ཚུལ་ཡང་རྗེས་སུ་རྟོགས་པར་འགྱུར། བསྟན་པར་དགོད་པའང་ཤེས་པར་འགྱུར་ཞིང་། གང་ལ་ཡིད་གཉིས་སུ་མི་འགྱུར། གཞན་ལ་རག་མ་ལས་པའི་བཟོད་པ་ལ་གནས་ཤིང་། བརྩོན་འགྲུས་ཆེན་པོ་རྩོམ་མཁ་པབཔ་ལ་འཇུག་པར་ཡང་འགྱུར་རོ། ། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྙིང་བརྩེ་བས་ཆོས་ཐམས་ཅད་ཤེས་པ་ཡང་དག་པར་སྡུད་པ་ལ་མཁས་པ། ཀུན་ཏུ་ཚོལ་བ་ནི་ཐེག་པ་གང་ཡང་ཡང་དག་པར་མི་ཤེས་པ་མེད་དེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་འཐོབ་སླ་བར་འགྱུར། འཇིག་རྟེན་ཐམས་ཅད་ལ་མངོན་པར་འཕགས་པའི་ཤེས་པ་ཡེ་ཤེས་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཤིན་ཏུ་ལེགས་པར་སྦྱོང་བར་འགྱུར་རོ། ། བཀོད་པ་མཐའ་ཡས་གཟུངས་ཀྱི་ཚུལ་ལ་མཁས་པ་ཆོས་རིམ་པར་ཕྱེ་བ་བསྟན་པ་འདིར། ཆོས་གང་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་སྡུད་པར་འགྱུར་ཞིང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལས་རྒྱ་ཆེན་པོས་ཡང་དག་པར་འཛིན་ཅིང་། གསང་སྔགས་དང་། དགོངས་པ་དང་། བརྗོད་པའི་སྒྲ་དང་། ཡང་དག་པར་བརྗོད་པ་ཐམས་ཅད་ཀྱང་ཡོངས་སུ་རྟོགས་པར་ཡང་འགྱུར། བློའི་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པའང་ཁོང་དུ་ཆུད་པར་འགྱུར་བའི་ཆོས་དེ་དག་བསྟན་པར་བྱའོ།། ཆོས་དེ་དག་ཀྱང་གང་ཞེ་ན། བཀོད་པ་མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་གཞི་ལ་མཁས་པ་ཡོངས་སུ་དག་པ་ལ་གནས་ཤིང་། བདེན་པའི་བྱིན་གྱི་རླབས་ལ་མཁས་པ་ལ་གནས་པ་དང་། གཏོང་བ་ལ་མཁས་པ་ལ་གན་བའང་འཕེལ་བར་བྱེད་དོ། ། ངའི་མེད་པ་དང་ཡོངས་སུ་འཛིན་པ་མེད་པའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་ཞིང་ཐབས་ཀྱི་གནས་བསྒོམ་པར་བྱེད་པ་ནི། ཆོས་ཐམས་ཅད་ཀྱི་ཚུལ་ལ་མཁས་པའི་གནས་རྟོགས་པར་ཡང་འགྱུར་ལ། ཡོངས་སུ་ཉམ་ང་བའི་ཆོས་ཅན་དུའང་མི་འགྱུར་རོ།། དེ་ཕྱིར་མི་ལྡོག་པའི་ས་ལ་གནས་ཤིང་མྱུར་དུ་སྤོབས་པ་ཕུན་སུམ་ཚོགས་པས་མངོན་པར་འཕགས་པར་ཡང་འགྱུར། ཤེས་རབ་རྒྱ་མཚོ་ལྟ་བུས་རྣམ་པར་འཕེལ་བར་ཡང་འགྱུར་རོ། ། བཀོད་པ་མཐའ་ཡས་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཟབ་མོའི་ཚུལ་བསྟན་ན། དོན་དུ་གཉེར་ཞིང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་རྣམ་པར་དབྱེ་བར་འདོད་ཅིང་མོས་པ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། བསམ་པ་དགེ་བ། སེམས་བཟང་བ་དེ་དག་མ་གཏོགས་པར་གཞན་འགའ་ཡང་ཆོས་འདི་དག་ལེན་པར་འགྱུར་བ་མེད་དེ། ཆོས་ཀྱི་ཚུལ་འདི་ལ་བརྩོན་ཞིང་སློབ་པར་འཇུག་པ་དེ་དག་ནི་རྣམ་གྲངས་བསྟན་པའང་རྗེས་སུ་རྟོགས་པར་འགྱུར། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ཡང་རྗེས་སུ་རྟོགས་པར་འགྱུར་རོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་རྣམ་གྲངས་ཀྱི་ཆོས་སྟོན་པར་ཡང་མཛད་ལ། དེ་བཞིན་གཤེགས་པ་ཆོས་ཀྱི་རང་བཞིན་དང་འགལ་བར་ཡང་མི་མཛད་ཅིང་། ཆོས་ཀྱི་རང་བཞིན་དང་མི་འགལ་བར་བརྗོད་པ་འང་མཛད་དོ། ། ཆོས་ཐམས་ཅད་བྱས་པ་མེད་པར་ཡང་བརྗོད་ལ། ཆོས་རྣམས་ལ་བརྗོད་པ་འམ། རྗོད་པར་བྱེད་པའང་མི་སྟོན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་སྟོན་པ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའང་རྟོགས་ལ། དེ་བཞིན་གཤེགས་པས་ཆོས་འགའ་ཡང་རྟོགས་པའང་མེད། རྗེས་སུ་རྟོགས་པའང་མེད། ཡང་དག་པར་རྟོགས་པའང་མེད་དོ།། དེ་བཞིན་གཤེགས་པ་ནི་ཆོས་འགའ་ཡང་དོར་བར་བྱ་བའི་ཕྱིར་ཆོས་སྟོན་པར་མི་མཛད་དེ། ཆོས་འགའ་ཡང་སོ་སོར་སྤང་བར་བྱ་བའི་ཕྱིར་ཡང་མ་ཡིན། བསྐྱེད་པར་བྱ་བའི་ཕྱིར་ཡང་མ་ཡིན། ཐོབ་པར་བྱ་བའི་ཕྱིར་ཡང་མ་ཡིན། མི་ཐོབ་བར་བྱ་བའི་ཕྱིར་ཡང་མ་ཡིན་ནོ། ། དེ་བཞིན་གཤེགས་པ་ནི་མི་དམིགས་པ་ལ་གནས་པ་ཡིན་ཡང་། དེ་བཞིན་གཤེགས་པ་གནས་པའང་མ་ཡིན། མི་གནས་པའང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གང་གིས་ཀྱང་རྣམ་པར་གཞག་པར་བྱ་བ་མ་ཡིན་ནོ།། དེ་བཞིན་གཤེགས་པས་ནི་དེ་བཞིན་གཤེགས་པ་འདི་ལྟར་གནས་སོ།། དེ་ལྟར་གནས་སོ་ཞེས་མིང་དུ་བརྗོད་པ་གང་ཡིན་པ་དེའང་གཅིག་པ་ཉིད་ཀྱང་མ་ཡིན། ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་འགྲོ་བ་དང་འོང་བར་གདགས་པར་བྱ་བ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་སྤྲོས་པ་མེད་པ་སྟེ། སྤྲོས་པ་ལས་ཡང་དག་པར་འདས་པ་ཡིན་ཡང་། གང་ལས་ཀྱང་འདས་པ་མེད་དོ།། དེ་བཞིན་གཤེགས་པ་ལ་ལྷག་པར་འདས་པ་མེད་དེ། འདི་ལྟར་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ལ་ལྷག་པར་འདས་པ་མེད་པར་ཡང་མཁྱེན་ཏོ། ། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མཁྱེན་པའང་མེད་དོ།། དེ་བཞིན་གཤེགས་པ་ནི་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དུའང་མཁྱེན་པ་མེད་དོ། ། དེ་བཞིན་གཤེགས་པ་ནི་ཇི་ལྟར་ཆོས་ཅུང་ཟད་ཀྱང་ཀུན་ཏུ་མི་སྟོན་པ་དེ་ལྟར་དེ་བཞིན་གཤེགས་པ་ཉིད་དུ་སྟོན་པར་མཛད་ཅིང་། ངེས་པར་སྟོན་པར་ཡང་མི་མཛད། ཡང་དག་པར་སྟོན་པར་ཡང་མི་མཛད་དོ།། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པར་འགྱུར་བ་ཡིན་ཡང་། ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེན་གདགས་པར་བྱ་བ་མ་ཡིན་ནོ། ། ཆོས་རྣམས་ལ་ནི་རང་བཞིན་མེད་དེ། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་མ་བྱས་པ། འགྱུར་བ་མེད་པ། ཡང་དག་པར་མ་སྐྱེས་པ། མ་འགག། པ། མ་བྲལ་བའོ།། ཆོས་ཐམས་ཅད་ནི་ཤིན་ཏུ་རྣམ་པར་དག་པ་སྟེ། ཐོབ་པའང་མེད། ཡང་དག་པར་ཐོབ་པའང་མེད་དོ།། ཆོས་ཐམས་ཅད་ནི་དམིགས་སུ་མེད་པའོ་ཞེས་གསུངས་སོ།། ཆོས་ཐམས་ཅད་ནི་མངོན་པར་རྟོགས་པ་མེད་པ་སྟེ། འདི་ལྟར་ཆོས་འགའ་ཡང་ཐོབ་པ་མེད་དོ།། ཆོས་དེ་ནི་ཅུང་ཟད་ཀྱང་ཐོབ་པར་བྱ་བ་མ་ཡིན་ཏེ། ཉེ་བར་རྟོགས་པའི་ཆོས་ནི་ཆོས་ཀྱང་མ་ཡིན། གང་གིས་ཀྱང་ཉེ་བར་རྟོགས་པའང་མེད། ཐོབ་པའང་མེད་དོ།། སོ་སོར་ཐོབ་པའང་མེད་དོ།། དེ་ལྟ་བས་ན་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པས་ཉེ་བར་རྟོགས་པའང་མེད་པ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་མངོན་པར་སྒྲུབ་པ་རྣམ་པར་སྦྱང་བའི་ཕྱིར། འཕགས་པའི་ཆོས་སུ་གདགས་པར་བརྗོད་པར་འབྱུང་བ་བསྟན་པ་གང་ཡིན་པ་དེའང་འཕགས་པའི་ཆོས་ཅུང་ཟད་ཀྱང་ཐོབ་པ་མེད་དོ།། འཕག་པ་རྣམས་ནི་ཆོས་སམ། ཆོས་མ་ཡིན་པ་ཅུང་ཟད་ཀྱང་ཐོབ་པར་མེད་དོ།། ཆོས་ལའང་འཕགས་པ་འམ། འཕགས་པ་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ།། འདི་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་མངོན་པར་སྒྲུབ་པ་ནི་ཆོས་འགའ་ཡང་སྦྱོར་བའང་མེད། མི་སྦྱོར་བའང་མེད་པ་སྟོན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། ཐ་སྙད་ཀྱི་རྗེས་སུ་འབྲང་བར་བྱ་བ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཆོས་སུ་འདོགས་པར་ཡང་མཛད་ལ། ཆོས་རྣམ་པར་གནས་པ་འདོགས་པར་ཡང་མི་མཛད་དོ།། དེ་བཞིན་གཤེགས་པ་ནི་ཆོས་མ་ཡིན་པ་སྟོན་པར་ཡང་མཛད་ལ། ཆོས་མ་ཡིན་པ་རྣམ་པར་གནས་པའི་འདོགས་པར་ཡང་མི་མཛད་དོ། ། དེ་བཞིན་གཤེགས་པ་ནི་དགེ་བ་དང་མི་དགེ་བར་སྟོན་པར་ཡང་མཛད་ལ། དགེ་བ་དང་མི་དགེ་བ་རྣམ་པར་གནས་པར་འདོགས་པའང་མི་མཛད་དོ། ། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་སྟོན་པར་ཡང་མཛད་ལ། ཆོས་ཐམས་ཅད་རྣམ་པར་གནས་པར་འདོགས་པར་ཡང་མི་མཛད་དོ།། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་གདགས་པ་མེད་པར་སྟོན་པར་ཡང་མཛད་ལ། གདགས་པ་མེད་པར་རྣམ་པར་གནས་པ་འདོགས་པར་ཡང་མི་མཛད་དོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་འདི་ནི་ཤིན་ཏུ་ཟབ་སྟེ། ཆོས་ཟབ་མོ་ལའང་ཡོངས་སུ་སྦྱང་བ་མ་བྱས་པས་ཀུན་ཤེས་པར་ནུས་པ་མ་ཡིན་ནོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་འཁོར་བ་ལས་ཡེངས་སུ་འགྲོལ་བར་འདོད་པས། དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་མངོན་པར་སྒྲུབ་པ་བཤད་པ་རྗེས་སུ་རྟོགས་པར་བྱའོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་གང་གི་ཚེ། ཆོས་འདི་དག་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མེད་པར་རབ་ཏུ་རྣམ་པར་འབྱེད་པ་ན་ཆོས་འགའ་ཡང་ལེན་པར་ཡང་མི་བྱེད། འདོར་བར་ཡང་མི་བྱེད། ཆོས་འགའ་ཡང་སྐྱེད་པར་ཡང་མི་བྱེད། དག་པ་ཡང་མི་བྱེད། ཆོས་འགའ་ཡང་སྤྲོས་པར་ཡང་མི་བྱེད་དོ།། བདེན་པ་མངོན་པར་སྒྲུབ་པ་ལའང་ཉེ་བར་སྦྱོར་ལ། བདེན་པ་མངོན་པར་བསྒྲུབ་པ་བསྟན་པ་མངོན་པར་ཞེན་པའང་མི་བྱེད་དེ། དེ་ལྟར་ན་ཆོས་ཀྱི་སྒྲ་ཡང་སུ་དག་པ་ཀུན་ཤེས་པར་འགྱུར་ཞིང་། ཏིང་ངེ་འཛིན་གྱི་སྒོ་མངོན་པར་བསྒྲུབ་པས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ།། བཀོད་པ་མཐའ་ཡས་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ནི་སེམས་ཅན་བསོད་ནམས་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། གཞལ་མེད་ཁང་ལ་ཡོངས་སུ་ལོངས་སྤྱོད་པ་རྣམས་ཀྱི་གནས་སུ་འགྱུར་ཞིང་། སེམས་ཅན་དེར་སྐྱེས་པ་རྣམས་ཀྱང་རབ་ཏུ་དགའ་བར་འགྱུར་རོ།། དེ་བཞིན་དུ་ཆོས་རིན་པོ་ཆེ་ཀུན་ནས་བསྡུས་པ་འདིའང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་བསྐྱེད་པོ་རྣམས་ལ་སྟོན་པར་འགྱུར་ཏེ། རིན་པོ་ཆེ་དེས་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེ་འཐོབ་ཅིང་། ཆོས་བླ་ན་མེད་པ་ཤེས་པ་རིན་པོ་ཆེའི་རྗེས་སུ་འགྲོ་བར་ཡང་འགྱུར་རོ།། བཀོད་པ་མཐའ་ཡས་ཆོས་ཐམས་ཅད་ཡང་དག་པར་བསྡུས་པའི་མདོ་འདི་ནི། ཆོས་ཀྱི་གཏེར་གྱི་གཟུངས་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་འབྱུང་སྟེ། ཆོས་ཀྱི་གཟུངས་རྒྱ་ཆེན་པོ་འདི་རབ་ཏུ་འབྱུང་ཡང་ཉེ་བར་གནས་པ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་གང་ཡིན་པ་དེ་ཐམས་ཅད་ནི་སྒོ་མཐའ་ཡས་པའི་གཟུངས་ལས་འབྱུང་སྟེ། དེ་བཞིན་གཤེགས་པ་ནི་སྒོ་རྣམ་པར་སྦྱང་བ་དང་། མདོ་སྡེ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་ཆོས་རྣམས་ཀྱི་གཟུངས་ཀྱི་ཚུལ་འདི་སྟོན་པར་མཛད་དོ། ། མདོ་སྡེ་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པའི་གཟུངས་འདི་ནི་བྱེད་པ་མེད་པ། མི་འགྱུར་བ། མཐའ་མེད་པ། དབུས་མེད་པ། མཐར་ཐུག་པ་མེད་པ་སྟེ། གཟུངས་འདིན་རྣམ་པ་ཚད་མེད་པ་ཡིན་ནོ།། གཟུངས་ཀྱི་སྐྱེ་འདིན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྤྱོད་དེ། བཀོད་པ་མཐའ་ཡས་འདི་ནི་ཆོས་བསྟན་པ་འདི་ལ་གཟུངས་ཀྱི་སྒོ་རིམ་པར་ཕྱེ་བའི་དོན་གྱི་ཚུལ་བརྗོད་པ་དང་པོ་ཡིན་ནོ།། བཀོད་པ་མཐའ་ཡས་གང་དུ་ཆོས་ཐམས་ཅད་ཡང་དག་པར་འདུ་བར་འགྱུར་བ་དེ་ལ་ནི། བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་འདི་རྗེས་སུ་རྟོགས་པ། ཆོས་ཀྱི་རྒྱུན་རབ་ཏུ་མ་ཆད་པ་ལ་འཇུག་པར་འདོད་པ། ཆོས་ཐམས་ཅད་གནས་མེད་པའི་ཕྱག་རྒྱའི་རྗེས་སུ་འབྲང་བར་འདོད་པ། གསང་སྔགས་དང་དགོངས་པ་ཁོང་དུ་ཆུད་པ། ཉམས་པ་མེད་པ། བརྩོན་འགྲུས་ཆེན་པོ་རྩོམ་པའི་སྦྱོར་བ་ལ་ཞུགས་པ་ཆོས་འདི་ཡང་དག་པར་ཤེས་ཤིང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་རྟོགས་པ་རྣམས་ཀྱིས་བརྗོད་པ་དང་། བསྟན་པ་གང་གིས་ཀྱང་ཐ་སྙད་གདགས་པར་བྱ་བ་མ་ཡིན་ལ། གསང་སྔགས་དང་དགོངས་པ་ཐམས་ཅད་ཉེ་བར་གཟུངས་ནས་ཡང་དག་པར་རྟོགས་པར་བྱ་ཞིང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་ཡི་གེ་ཟུང་དུ་བརྗོད་པ་ཤེས་པ་ལ་རྗེས་སུ་འཇུག་པ། རྣམ་པར་དབྱེ་བའི་ཚུལ་བསྟན་པ་ཁོང་དུ་ཆུད་པ། ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ཤེས་པ་རྗེས་སུ་དྲན་པས་བག་ལ་ཉལ་གྱི་དོན་བསྟན་པ། དཔེ་དང་ཡང་དག་པར་སྦྱར་བར་བྱ། བསྡུ་བར་བྱའོ།། བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབེལ་བའི་གཏམ་བརྗོད་པ། ཆོས་སྟོན་པ་ལ་རབ་ཏུ་འཇུག་པ། བརྩེ་ཞིང་ཕན་འདོགས་པར་འདོད་པའི་སེམས་དང་ལྡན་པ། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ། ཆོས་གང་ལའང་མངོན་པར་ཆགས་པ་མེད་པ་ཀུན་ཏུ་ཆགས་པ་མེད་པའི་ས་ལ་གནས་པ། ཆོག་ཤེས་པ་དང་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པ། རྫབ་རྫུབ་མ་ཡིན་པ། ནང་ཤེས་པ་དང་ཕྱི་རོལ་ཤེས་པ་གཉིས་སུ་མི་སྟོན་པས། འཇིག་རྟེན་ལ་ཆོས་འོལ་བྱི་ཙམ་དུ་བསྟན་པར་མི་བྱའོ།། སྙོམས་ལས་མེད་པའི་བརྩོན་འགྲུས་ཀྱིས་གོང་ནས་གོང་དུ་ཆོས་ཡོངས་སུ་བཙལ་བ་མཁས་པ་ལ་མངོན་པར་བརྩོན་པར་ཡང་བྱ། ཚིག་ཐམས་ཅད་ཀྱང་ཅི་ནས་ཀྱང་མི་འགལ་བ་དེ་ལྟར་རྗེས་སུ་མཐུན་པར་ཡང་བྱ། བདག་དང་གཞན་ལ་ཕན་པ་ཉེ་བར་གནས་པར་ཡང་བྱ་ཞིང་། བདག་དང་གཞན་དུ་འདུ་ཤེས་པ་རྣམ་པར་གཞིག་པ་ལ་མཁས་པར་ཡང་བྱའོ།། ཆོས་ཐམས་ཅད་རྣམ་པར་དག་པའི་རྗེས་སུ་འབྲང་བས་ཆོས་རྣམས་བདག་མེད་པ་ལ་ཞུགས་ནས། བདག་རྣམ་པར་དག་པར་བྱ་བའི་ཕྱིར་མངོན་པར་འདོད་པར་ཡང་བྱ་བའོ།། དྲིས་ཀྱང་རུང་མ་དྲིས་ཀྱང་རུང་མཁྱུད་པ། མེད་པར་ཆོས་ཀྱི་ཚུལ་ཡང་དག་པར་རབ་ཏུ་བསྟན་པར་བྱའོ།། འདི་སྙམ་དུ་བདག་གིས་སེམས་ཅན་རྣམས་ལ་སྦྱིན་པའི་མཆོག་སྦྱིན་པའི་དམ་པ། འདི་ལྟ་སྟེ། ཆོས་བླ་ན་མེད་པ་རིན་པོ་ཆེའི་མཛོད་གཏོང་བར་བྱའོ། ། བདག་གིས་སེམས་རྣམས་བརྗོད་དུ་མེད་པའི་ཆོས་རིན་པོ་ཆེ་ལ་སྦྱར་བར་བྱའོ།། བདག་གིས་ཕན་མ་བཏགས་ཀྱང་སེམས་ཅན་འགའ་ལའང་ཆོས་ཀྱི་སེར་སྣ་བསྐྱེད་པར་མི་བྱའི། སེར་སྣ་མེད་པར་བྱའོ།། བདག་གིས་གཏོང་བ་དང་ལྡན་ཞིང་སྦྱིན་བདག་མཆོག་ཆོས་ཀྱི་སྦྱིན་བདག་དེ་བཞིན་གཤེགས་པའི་དོན་ཐམས་ཅད་མཁྱེན་པའི་མཛད་པའང་བྱའོ།། བདག་གིས་སེམས་ཅན་རྣམ་ཀྱི་ཁུར་ཆེན་པོའང་ཡོངས་སུ་དོར་བར་བྱའོ། ། བདག་གིས་སེམས་ཅན་རྣམས་ཆུ་བོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ཕྱིར་ཆོས་ཀྱི་གྲུ་བཅའ་བར་ཡང་བྱའོ།། བདག་གིས་སེམས་ཅན་རྣམས་བདེ་བ་ཐམས་ཅད་ཉེ་བར་བསྒྲུབ་པ་ལ་དགོད་པར་བྱའོ་སྙམ་དུ་སེམས་ཚད་མེད་པ་བསྐྱེད་པར་བྱའོ། ། དེ་ལྟར་ན་བྱང་ཆུབ་སེམས་དཔས་མྱུར་དུ་བྱམས་པས་མངོན་པར་བསྒྲུབས་པའི་བློས་ཆོས་ཁྱད་པར་ཅན་རྗེས་སུ་རྟོགས་པར་ཡང་འགྱུར། གཟུངས་རྣམ་པར་དབྱེ་བ་མངོན་པར་བསྒྲུབ་པ་བསྟན་པའི་མདོ་འདི་ལ་ཡོངས་སུ་སྨིན་པར་ཡང་འགྱུར། སྐྱེ་བ་ཟློག་པར་ཡང་འགྱུར། ཕལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོག་པར་ཡང་འགྱུར། བདུད་ཐམས་ཅད་ཕམ་པར་བྱས་ནས། ཕལ་གྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཚར་གཅོད་པར་ཡང་འགྱུར། རྩོད་པ་ཉེ་བར་ཞི་བ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ།། བཀོད་པ་མཐའ་ཡས་གཟུང་འདི་ནི་དེ་བཞིན་གཤེགས་པས་ལེགས་པར་ཡོངས་སུ་བཟུང་ཞིང་ཡིད་ལ་མཛད་པ་ཡིན་ནོ། ། བཀོད་པ་མཐའ་ཡས་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐམ་པ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། འཐབ་བྲལ་བ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་དབུས་དགའ་ལྡན་གྱི་གནས་ན་གནས་ཤིང་།། ལྷ་ཐམས་ཅད་ཀྱིས་ལྷག་པར་བགྲོད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་མངོན་པར་དགའ་བར་བྱ་བ་ཡིན། བསོད་ནམས་ཆེན་པོས་ཡོངས་སུ་ཟིན་པའི་དགེ་བའི་རྩ་བ་ཀུན་ཏུ་སྨིན་པ་ཡིན། སྲིད་པ་གཅིག་ལུས་པའི་བསོད་ནམས་ཀྱི་ཕུང་པོ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གཏོང་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་དང་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་ཡིན། དགེ་བའི་རྩ་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་རྣམས་ཀྱི་ནང་ནས། སེམས་ཅན་འགས་ཀྱང་ཟིལ་གྱིས་མི་ནོན་པ་ཡིན། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མཆོད་ཅིང་བསྔགས་པར་བྱ། བ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་ལའང་མངོན་དུ་ཕྱོགས་པ་ཡིན་ལ། དེ་གང་གི་ཚེ་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། དབུས་ཀྱི་འཛམ་བུའི་གླིང་དུ་སྐྱེ་བ་དེའི་ཚེ། ཡུལ་གྱི་དབུས་འཇིགས་པ་མེད་པ། སའི་དཀྱིལ། སའི་སྙིང་པོ་ས་ཕྱོགས་མཆོག་དམ་པ་ཁྱད་པར་དུ་འཕགས་པ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་སེམས་ཅན་ཐམས་ཅད་དང་ལྡན་པའི་ས་ཕྱོགས་སུ་སྐྱེ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ནང་དུ་འོངས་ཤིང་། སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་བྱ་བ་དང་། ཕྱག་བྱ་བ་དང་། མཆོད་པར་བྱ་བ་དང་། བཀུར་སྟིར་བྱ་བ་ཡིན་ནོ།། དེ་བཞིན་དུ་གཟུངས་ཀྱི་སྒོའི་མདོ་འདིའང་ཆོས་རྣམས་ཀྱི་ནང་དུ་འདུས་ཤིང་ཁོངས་སུ་གཏོགས་ལ། ཆོས་ཐམས་ཅད་ཟིལ་གྱིས་གནོན་པ་དང་། དངོས་པོ་མེད་པའང་ཡིན་ནོ།། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་སྨིན་པར་ཡང་འགྱུར། རྣམ་པར་འཕེལ་བར་ཡང་འགྱུར། མཆོག་ཐོབ་པར་ཡང་འགྱུར། ཆོས་ཐམས་ཅད་ཀྱི་བདག་པོར་ཡང་འགྱུར་རོ།། འདི་ལྟར་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་མི་རྣམས་ཀྱི་ནང་དུ་སྐྱེས་པ་ནི། ཆོས་ཐམས་ཅད་ཀྱི་སྤྱི་གཙུག་བལྟར་མི་མཐོང་བའི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ལ་རྣམ་པར་བལྟ་བར་ཡང་བྱེད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཡོངས་སུ་རྟོག་པར་ཡང་བྱེད་ཅིང་། ཤེས་རབ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ལེགས་པར་བྱིན་གྱིས་རླབས་པའི་སེམས་རྒྱ་ཆེན་པོས་ཆོས་ཀྱི་གཟུང་ཀྱི་སྙིང་པོའང་རྗེས་སུ་འཐོབ་པར་འགྱུར། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་མངོན་པར་དགའ་བ་མེད་ཅིང་ཆགས་པར་འགྱུར་བ་དང་། འདོད་པར་འགྱུར་བའི་རྒྱུད་ཐམས་ཅད་དོན་དུ་མི་གཉེར་བ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཤིན་ཏུ་རྣམ་པར་བལྟས་པའི་བློ་དང་ལྡན་ཞིང་། མཚན་མ་མེད་པ་ལ་མཁས་པ་རྗེས་སུ་ཐོབ་པ་ཡིན། ས་གང་ལའང་ཆགས་པ་མེད་ཅིང་ཁམས་གསུམ་ཐམས་ཅད་ལ་རོ་མྱང་བ་མེད་པ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་དང་། ཉེ་བར་ཞི་བ་དང་། མོས་པའི་ཁམས་ཀྱང་རྟོགས་ལ། དེ་ལའང་མངོན་པར་ཞེན་པ་མེད་ཅིང་། མི་གནས་པའི་སེམས་སྐྱེད་པར་ཡང་བྱེད་དོ། ། ཆོས་རྣམས་ལ་ཡོངས་སུ་རྟོག་ཅིང་ཀུན་འབྱུང་འགག་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་བསྐྱེད་ནས། དབང་པོ་ཡོངས་སུ་སྨིན་པ་རྣམས་ལ་ངེས་པར་འབྱུང་བའི་བློ་ཡང་དག་པར་སྐྱེད་པར་ཡང་བྱེད། ཤེས་རབ་མཆོག་གི་རྗེས་སུ་སོང་བའི་བློའི་ཚུལ་ལ་མཁས་པས་སེམས་ཅན་ཐམས་ཅད་ཀྱི་ཚུལ་ལ་མཁས་པའི་བདག་པོ་རྗེས་སུ་དྲན་ཞིང་། ཆོས་རྣམས་ལ་གཟུངས་ཀྱི་ཚུལ་ཉམས་པ་མེད་པ་ལ་མཁས་པའང་ཐོབ་པར་འགྱུར། ཆོས་ཐམས་ཅད་རབ་ཏུ་རྣམ་པར་དབྱེ་བ་ཤེས་པ་ལ་མཁས་པས་ལེགས་པར་རྣམ་པར་བལྟས་ནས། ཆོས་བསམ་གྱིས་མི་ཁྱབ་པའི་ཚུལ་རྣམ་པར་གཏན་ལ་དབབ་པ་ལ་རྟོག་ཅིང་། གཞོན་ནུའི་ཚེ་འདོད་པ་རྣམས་ལ་བརྩེ་ཞིང་ཀུན་ཏུ་སྐྱོ་བར་འགྱུར་བའི་སེམས་དབེན་པ་ལ་མངོན་དུ་ཕྱོགས་པས་ནོར་དང་། འབྲུ་དང་། གཉེན་ཐམས་ཅད་སྤངས་ཏེ། ཁྱིམ་ནས་ཁྱིམ་མེད་པར་མངོན་པར་འབྱུང་བར་ཡང་འགྱུར། རབ་ཏུ་བྱུང་ནས་ཀྱང་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་མཁས་པའི་བློ་དང་ལྡན་ཞིང་། ལས་ཇི་ལྟ་བ་བཞིན་དུ་ལེགས་པར་བྱས་པ་ཉེ་བར་བསགས་པའི་བྱང་ཆུབ་ཀྱི་སྙིང་པོར་སོང་ནས། སྨོན་ལམ་རྣམ་པར་བཀོད་པ་ཇི་ལྟ་བ་བཞིན་དུ་གཟུངས་ཀྱི་ཚུལ་ལ་མཁས་པ་བླ་ན་མེད་པའང་ཐོབ་པར་འགྱུར། གཟུངས་ལ་མཁས་པ་རྣམ་པར་དག་པ་ཕུལ་དུ་ཕྱིན་པ་དེས་ཆོས་ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་འགྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཏུ་འཛིན་པ་ལ་མཁས་པ་ཉམས་པ་མེད་པའང་འཐོབ་པར་འགྱུར། དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟུངས་རྗེས་སུ་ཐོབ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་ངེས་པ་ཤིན་ཏུ་སྦྱངས་པའང་འཐོབ་པར་འགྱུར། ཐམས་ཅད་མཁྱེན་པའི་ཡུལ་བླ་ན་མེད་པ་ལ་ལེགས་པར་གནས་ཤིང་། ཆོས་དང་མཐུན་པར་ཆོས་ཀྱི་འཁོར་ལོ་བླ་ན་མེད་པའང་སྐོར་བར་འགྱུར། ཆོས་ཐམས་ཅད་ཤེས་ཤིང་ངེས་པའི་ཚིག་སྟོན་པར་གྱུར་པས་ཤིན་ཏུ་མཛེས་པར་སྣང་ལ། ལྷ་དང་བཅས་པའི་འཇིག་རྟེན་ཡང་དབྱངས་ཀྱི་སྣང་བས་གོ་བར་བྱེད་པར་ཡང་འགྱུར་རོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟུངས་ཀྱི་ཕྱག་རྒྱ་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། གཟུངས་ཀྱི་སྒོ་བསྟན་དུ་མེད་པ་བསྐལ་པ་བྱེ་བ་ཕྲག་དུ་མར་དགེ་བའི་རྩ་བས་ཡང་དག་པར་སྒྲུབ་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་གཞན་དག་གིས་ཀྱང་ཀུན་ཤེས་པར་འགྱུར་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ། བྱང་ཆུབ་ཀྱི་ཆེད་དུ་ཆོས་ཟབ་མོ་ལ་བཟོད་པ་ཐོབ་ནས་ཡུན་རིང་དུ་ལོན་པ། ཚངས་པར་སྤྲད་ནས་ཡུན་རིང་བ། འདི་ལྟར་སེམས་ཅན་ཐམས་ཅད་ལ་ཡུན་རིང་མོ་ཞིག་ནས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་མངོན་པར་བསྒྲུབས་པའི་སེམས་དང་ལྡན་པ་ཁོ་ན་ལ་གཟུངས་ཀྱི་སྒོ་བདག་ཉིད་ཀྱིས་རྣམ་པར་དཔྱད་པའི་བློས་མངོན་དུ་འགྱུར་བར་ཟད་དེ། བཀོད་པ་མཐའ་ཡས་གཟུངས་ཀྱི་སྒོ་དེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། བཀོད་པ་མཐའ་ཡས་གཟུངས་ཀྱི་སྒོ་གང་ཞིག་ངས་ད་ལྟར་ཁྱེད་ལ་རྣམ་པར་རིག་པར་བྱར་མེད་པ་དེ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་ཡིན་ནོ།། དེའི་ཚེ་བྱང་ཆུབ་སེམས་དཔའི་གཟུངས་ཀྱི་སྒོ་ནི་སྒོ་མཐའ་ཡས་པ་དང་། རྒྱུའི་སྒོ་དང་། སྒོ་ཚད་མེད་པ་དང་། སྒོ་དཔེ་མེད་པ་ཡིན། སྒོ་དེ་ནི་བསྟན་དུ་མེད་པ་ཡིན། སྒོ་དེ་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཡིན། སྒོ་དེ་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་དང་ཐུན་མོང་དུ་མ་གྱུར་པ་ཡིན། སྒོ་དེ་ནི་ཆོས་ཀྱི་མཆོག་ཏུ་གྱུར་ཅིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པར་བྱེད་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་ནི་སྒོ་དེས་རང་གི་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད་དེ། རང་བྱུང་གི་ཡེ་ཤེས་ཐོབ་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་ཅིང་། རིམ་གྱིས་སེམས་ཅན་དཔག་ཏུ་མེད་པ་དག་ཆོས་ཀྱི་སྒོ་རྣམ་པར་སྤང་བ་དང་། མྱ་ངན་ལས་འདས་པའི་སྒོ་ཡོངས་སུ་དག་པར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ཉེ་བར་ལེན་དུའང་འཛུད། ཆོས་ཀྱི་ཚུལ་རྒྱུ་དུ་མ་དང་ལྡན་པ་ལ་མཁས་པའང་སྟོན། ཕུང་པོ་ཤེས་པ་ཀུན་འཛིན་པ་ལ་མཁས་པའང་ལེན་དུ་འཛུད། ཕུང་པོ་རྣམ་པར་དག་པ་ཤེས་པ་ཀུན་འཛིན་པ་ལ་མཁས་པའང་བརྗོད། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའང་སྟོན། སེམས་ཅན་རྣམས་ཀྱང་འཕགས་པའི་བདེན་པ་མངོན་པར་སྒྲུབ་པའི་སྒོ་ལ་འཛུད་པར་བྱེད། འཕགས་པའི་བདེན་པ་རྣམ་པར་དག་པ་ཀུན་འཛིན་པ་ལ་མཁས་པའང་སྐྱེད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཚུལ་ལ་མཁས་པ་ཀུན་འཛིན་པ་དང་རྣམ་པར་དབྱེ་བའང་སྐྱེད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཤེས་པ་རྣམ་པར་དག་པའང་ཡང་དག་པར་སྟོན། ཞི་གནས་དང་ལྷག་མཐོང་ཤེས་པ་ཀུན་འཛིན་པ་ལ་མཁས་པའང་བརྗོད། ཞི་གནས་དང་ལྷག་མཐོང་ཤེས་པ་རྣམ་པར་དག་པའང་ཀུན་ཏུ་སྟོན། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཤེས་པ་ལ་མཁས་པ་ཀུན་འཛིན་པའང་སྐྱེ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམ་པར་དག་པ་ཀུན་འཛིན་པ་ལ་མཁས་པའང་བརྗོད། རྨོངས་པ་དང་བྲལ་ཞིང་རྨོངས་པ་མེད་པ་ཀུན་འཛིན་པ་ལ་མཁས་པའང་སྟོན། རྨོངས་པ་དང་བྲལ་ཞིང་རྨོངས་པ་མེད་པ་ཤེས་པ་རྣམ་པར་དག་པ་ཀུན་འཛིན་པ་ལ་མཁས་པའང་སྟོན། ཟད་པ་དང་འདོད་ཆགས་དང་བྲལ་བ་དང་མི་སྐྱེ་བ་ཤེས་པ་ཀུན་འཛིན་པ་ལ་མཁས་པའང་སྟོན། ཟད་པ་དང་འདོད་ཆགས་དང་བྲལ་བ་དང་མི་སྐྱེ་བ་ཤེས་པ་རྣམ་པར་དག་པའང་སྟོན། རིག་པ་དང་རྣམ་པར་གྲོལ་བ་ཤེས་པ་ཀུན་འཛིན་པ་ལ་མཁས་པའང་སྟོན། རིག་པ་དང་རྣམ་པར་གྲོལ་བ་ཤེས་པ་རྣམ་པར་དག་པ་ཀུན་འཛིན་པ་ལ་མཁས་པའང་སྟོན། མྱ་ངན་ལས་འདས་པའི་སྒོ་རྣམ་པར་དག་པའང་བརྗོད། རྣམ་པར་དག་པ་ཚིག་ཐམས་ཅད་དང་བྲལ་བ་ཀུན་འཛིན་པ་ལ་མཁས་པའང་བརྗོད། རྣམ་གྲངས་དུ་མས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་སྒོ་རྣམ་པར་དག་པའང་བརྗོད། ཆོས་བླ་ན་མེད་པ་རྣམ་པར་ངེས་པ་དང་། སེམས་ཅན་རྣམས་ཀྱི་ཤེས་པ་རྣམ་པར་དག་པ་ལ་མཁས་པ་ཀུན་འཛིན་པའི་རྒྱུའང་ཡང་དག་པར་རབ་ཏུ་སྟོན་ཏོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟུངས་ལ་མཁས་པའི་སྟོབས་བསྐྱེད་པའི་ཕྱིར། སེམས་ཅན་རྣམས་ལ་ཇི་ལྟར་སྟོན་པ་བཞིན་དེ་འདྲ་བའི་སྤྱོད་པ་ཀུན་ཏུ་སྟོན་ཅིང་། བློའི་ཚུལ་ཇི་ལྟ་བ་བཞིན་དུ་རབ་ཏུ་དབྱེ་བར་མཁས་པ་ལའང་འཇུག་པར་མཛད། ཆོས་ཀྱི་གཏེར་གྱི་གཟུངས་བླ་ན་མེད་པའི་མཐུའང་སྟོན་པར་མཛད། ཆོས་ཀྱི་རྒྱུན་ཡང་གཏོང་བར་མཛད། ཆོས་ཀྱི་ཆར་ཡང་འབེབས་པར་མཛད། སེམས་ཅན་ཐམས་ཅད་ཀྱང་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་དོ། ། བཀོད་པ་མཐའ་ཡས་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པར་བྱ་ཞིང་། ཆོས་ཟབ་མོ་རྣམ་པར་ངེས་པ་འདི་ལའང་མཐུན་པར་གནས་པར་བྱའི། མི་མཐུན་པར་ནི་མི་བྱའོ། ། ཁྱེད་ཀྱིས་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་གཟུངས་ཆེན་པོ་འདི་ཀུན་ཏུ་ཟུང་ཞིག། གཟུངས་འདི་ལ་གནས་ནས་ཀྱང་ཇི་ལྟར་ངད་ལྟར་བྱེད་པ་བཞིན་སེམས་ཅན་རྣམས་ཀྱི་དོན་གྱིས་ཤིག། གཟུངས་ཀྱི་སྒོའི་མདོ་འདིའང་སྟོན་ཅིག། ཆོས་རྣམས་ཀྱི་རྣམ་པར་ངེས་པའང་རྣམ་གྲངས་དུ་མས་སྟོན་ཅིག། རབ་ཏུ་སྟོན་ཅིག། བཀོད་པ་མཐའ་ཡས་བྱང་ཆུབ་ཀྱི་སེམས་ཀྱི་བསམ་པའི་ཚོགས་ཆོ་ག་དང་མ་བྲལ་བས་མོས་པའི་སྟོབས་སྐྱེད་པར་འདོད་པར་བྱའོ། ། ཇི་ལྟར་མོས་པའི་སྟོབས་སྐྱེད་པར་འདོད་པར་བྱ་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་དང་མ་བྲལ་བར་བྱའོ། ། ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་ཚུལ་ལ་མཁས་པ་ལ་མོས་པར་བྱ་ཞེ་ན། ཆོས་རྣམས་ནི་སྐྱེ་བའང་མེད། འཆི་འཕོ་བའང་མེད། འབྱུང་བའང་མེད། འཕོ་བའང་མེད།། གཡོ་བའང་མེད། འོང་བའང་མེད། འགྲོ་བའང་མེད་དེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཡིན་པས། སྟོང་པ་ཉིད་དུའང་མངོན་པར་ཞེན་པར་མི་བྱ་ན། གཟུགས་ལ་སོགས་པའི་མཚན་མ་ལ་མངོན་པར་ཞེན་པར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མཚན་མར་འདུ་ཤེས་པ་ལ་ནི་རྗེས་སུ་མཐུན་པའི་བཟོད་པ་མེད་དོ།། སྟོང་པ་ཉིད་ལ་ནི་མཚན་མ་མི་འབྱུང་སྟེ། སྟོང་པ་གང་ཡིན་པ་དེ་ལ་ནི་མཚན་མ་རབ་ཏུ་རྒྱུ་བ་མེད་དོ། ། དེ་བཞིན་གཤེགས་པས་ཀྱང་འདུ་བྱེད་དུ་གཏོགས་པ་འདི་དག་ཐམས་ཅད་ནི་བདག་དང་། བདག་གི་དང་། སྲོག་དང་། སེམས་ཅན་དང་། ཤེད་ལས་སྐྱེས་པ་དང་། ཤེ་བུ་དང་། གང་ཟག་གིས་སྟོང་ངོ་ནས་གསུངས་ཏེ། སྟོང་པ་ཉིད་ལ་ནི་ཀུན་ཏུ་ཆགས་པའང་མེད། ཆགས་པ་དང་བྲལ་བའང་མེད་དོ།། སྟོང་པ་ཉིད་ལ་ནི་སྡང་བའང་མེད་སྡང་བ་དང་བྲལ་བ་མེད་དོ། ། སྟོང་པ་ཉིད་ལ་ནི་རྨོངས་པའང་མེད། རྨོངས་པ་དང་བྲལ་བའང་མེད་དོ།། སྟོང་པ་ཉིད་ལ་ནི་རྗེས་སུ་ཆགས་པའང་མེད། རྗེས་སུ་ཆགས་པ་དང་བྲལ་བའང་མེད་དེ། སྟོང་པ་ཉིད་ནི་སྟོང། པ་ཉིད་ལའང་མི་གནས། ཀུན་ཏུ་མི་གནས། རབ་ཏུ་མི་གནས་སོ།། སྟོང་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་ཡིན། དེ་ནི་འགོག་པ་དང་ཞི་བ་ཡིན་ཏེ། དེ་ལ་ནི་རྟོག་པའང་མེད། ཀུན་ཏུ་རྟོག་པའང་མེད། རྣམ་པར་རྟོག་པའང་མེད། ཡོངས་སུ་རྟོག་པའང་མེད་ལ། རྩོལ་བ་མེད་ཅིང་། ཉོན་མོངས་པ་མེད་པ་ཡིན་ཏེ། དེའི་ངོ་བོ་ཉིད་ཀྱི་རང་བཞིན་ནི་ལེན་པ་མེད་ཅིང་རྣམ་པར་དག་པ་ཡིན་ནོ། ། ཆོས་དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་ཡིན་ཏེ། དེ་ལྟར་མོས་པ་མངོན་དུ་བྱེད་པ་དེ་ནི་རྣམ་པར་གྲོལ་བ་འདྲེན་པར་འགྱུར་རོ།། རྣམ་པར་གྲོལ་ན་རྣམ་པར་གྲོལ་བའི་ཡེ་ཤེས་རྟོགས་པར་ཡང་འགྱུར། རྣམ་པར་གྲོལ་བ་ཡོངས་སུ་དག་པ་དྲི་མ་མེད་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཀྱང་ཡང་དག་པར་འགྲུབ་པར་འགྱུར་རོ།། དེ་ལ་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་གང་ཞེ་ན། ཚུལ་ཁྲིམས་རྣམ་པར་དག་པ་དང་། ཤེས་རབ་རྣམ་པར་དག་པ་དང་། ཏིང་ངེ་འཛིན་རྣམ་པར་དག་པ་དང་། རྣམ་པར་གྲོལ་བ་རྣམ་པར་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྣམ་པར་དག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ནོ།། གང་རྣམ་དག་པ་དེ་ནི་ཡོངས་སུ་དག་པ་ཡིན་ནོ།། གང་ཡོངས་སུ་དག་པ་དེ་ནི་སྒོ་དྲི་མ་མེད་པ་ཉིད་ཡིན་ཏེ། སེམས་ནི་རང་བཞིན་གྱིས་འོད་གསལ་བ། རྟག་ཏུ་ཉོན་མོངས་པ་ཅན་མ་ཡིན་པའོ།། ཉེ་བའི་ཉོན་མོངས་པ་གསུམ་ནི་གློ་བུར་བ། ཡང་དག་པ་མ་ཡིན་པ།། གསོབ་གསོག་སྟེ་ཡོད་པ་མ་ཡིན་ནོ།། སེམས་ནི་ཀུན་ནས་ཉོན་མོངས་པ་དང་འདྲེ་བའང་མ་ཡིན། རྣམ་པར་བྱང་བ་དང་འདྲེ་བའང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་གཉིས་སུ་མེད་དེ་གཉིས།། སུ་བྱར་མེད་དོ།། དེའི་རང་བཞིན་གང་ཡིན་པ་དེ་ནི་རྣམ་པར་དག་པའོ།། གང་གིས་དེ་ལྟར་ཤེས་པ་དེ་ནི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། སེམས་ནི་ནང་དང་། ཕྱི་རོལ་དང་།། གཉིས་ཀའི་བར་དུའང་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ་དམིགས་སུ་མེད་དེ། དམིགས་པ་དང་། རྒྱུ་དང་། རྐྱེན་ཚོགས་ནས་སེམས་སྐྱེ་བ་ནི་མ་གཏོགས་སོ།། འདི་ལས་སྐྱེ་བའང་ཡང་དག་པར་མི་སྣང་སྟེ། ཕྱོགས་བཅུར་ཡང་སེམས་ཀྱིས་སེམས་མི་ཤེས་སོ།། སེམས་ཀྱིས་སེམས་མི་མཐོང་ངོ་།། སེམས་དང་དམིགས་པ་འདྲེ་བའང་མ་ཡིན་ལ། དམིགས་པའང་སེམས་དང་འདྲེ་བ་མ་ཡིན་ནོ།། སེམས་ནི་རྒྱུ་དང་རྐྱེན་རྣམས་དང་ཀུན་ཏུ་སྦྱོར་བ་མ་ཡིན་ལ། རྒྱུ་དང་རྐྱེན་རྣམས་ཀྱང་སེམས་དང་ཀུན་ཏུ་སྦྱོར་བ་མ་ཡིན་ནོ།། ཆོས་ཐམས་ཅད་ནི་སེམས་ཙམ་སྟེ། སེམས་དང་མཚུངས་པར་ལྡན་པ་ཡིན་ནོ། ། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་དེ་དག་ཀྱང་ཕན་ཚུན་མི་ཤེས་མི་མཐོང་ན། གང་དག་སེམས་དང་མཚུངས་པར་མི་ལྡན་པ་དེ་དག་སྨོས་ཀྱང་ཅི་དགོས། དོན་དམ་པར་ནི་སེམས་དེ་གང་དང་མཚུངས་པར་ལྡན་པའང་མེད། མཚུངས་པར་མི་ལྡན་པའང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་འགའ་ཡང་ཆོས་གང་དང་ཡང་ལྡན་པ་འམ། མི་ལྡན་པ་མེད་དེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རབ་ཏུ་ཞི་བ་ཡིན་ནོ། ། ངོ་བོ་ཉིད་ནི་ལྡན་པའང་མ་ཡིན། མི་ལྡན་པའང་མ་ཡིན་ནོ།། ཆོས་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རང་བཞིན་ཡིན་ནོ།། རང་བཞིན་གང་ཡིན་པ་དེ་ལ་ནི་ངོ་བོ་ཉིད་མེད་དོ། ། འོན་ཀྱང་བཤད་པ་སྟོན་པས་འདི་སྐད་དུ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་རང་བཞིན་དུ་གྱུར་པའོ་ཞེས་ཐ་སྙད་འདོགས་ཏེ། ཆོས་རྣམས་ལ་ནི་ངོ་བོ་ཉིད་དང་རང་བཞིན་མེད་དོ། ། ཆོས་རྣམས་ཀྱི་རང་བཞིན་ནི་ངོ་བོ་ཉིད་མེད་ཅིང་སྟོང་པ་ཡིན་ནོ།། གང་ངོ་བོ་ཉིད་མེད་ཅིང་སྟོང་པ་དེ་ནི་མཚན་ཉིད་གཅིག་པ་སྟེ། དེ་ནི་མཚན་ཉིད་མེད་པས་མཚན་ཉིད་རྣམ་པར་དག་པར་གྱུར་པ་ཡིན་པས། མཚན་ཉིད་ཀྱིས་ངོ་བོ་མེད་པ་འམ། སྟོང་པར་གདགས་པར་བྱ་བ་མ་ཡིན་ནོ།། མཚན་ཉིད་ཀྱིས་ངོ་བོ་ཉིད་མེད་པ་འམ། སྟོང་པར་གདགས་པར་བྱ་བ་མ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མཚན་ཉིད་ཀྱིས་གདགས་པ་བྱ་བ་མ་ཡིན་ནོ། ། ངོ་བོ་ཉིད་མེད་པ་འམ། སྟོང་པ་ཉིད་ལ་ནི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་བ་མེད་དོ། ། ཆོས་རྣམས་ཀྱི་རང་བཞིན་ནི་དེ་ལྟ་བུ་ཡིན་ཏེ། ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་མི་གནས། ཀུན་ཏུ་མི་གནས། རབ་ཏུ་མི་གནས་སོ།། བཀོད་པ་མཐའ་ཡས་ཆོས་ཐམས་ཅད་མི་གནས། ཀུན་ཏུ་མི་གནས། རབ་ཏུ་མི་གནས་ན། སེམས་ཅན་དག་ཇི་ལྟར་ཀུན་ཏུ་རྨོངས་པར་འགྱུར། དེ་ལ་ཀུན་ཏུ་རྨོངས་པ་ཡོད་པ་མ་ཡིན་ན། ཀྱེ་མ་འཇིག་རྟེན་གནས་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྨོངས་པས་ཀུན་ཏུ་རྨོངས་པར་གྱུར་པ་ལ་ལྟོས། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཀུན་ཏུ་རྨོངས་པའི་འཁོར་ལོ་ཡང་དག་པ་མ་ཡིན་པ་ལ་ཞུགས་ཀྱང་། གང་དུའང་ཞུགས་པ་མེད་ལ། ཞུགས་པ་མེད་བཞིན་དུ་ནམ་མཁའི་འཆིང་བས་བཅིངས་པའོ།། ཀྱེ་མ་སེམས་ཅན་འདི་དག་ནི་ནམ་མཁའི་འཁོར་ལོ་ལ་ཀུན་ཏུ་ཞུགས་ཀྱང་། ནམ་མཁའ་ལ་ནི་འཁོར་ལོར་གདགས་པའང་མེད་དོ།། ཀུན་ཏུ་རྨོངས་པ་ཆེན་པོས་ཀུན་ཏུ་རྨོངས་པར་གྱུར་ཀྱང་། འདི་ལ་མ་རིག་པའང་མེད། ཀུན་ཏུ་རྨོངས་པའང་མེད་དོ།། བཀོད་པ་མཐའ་ཡས་སེམས་ཅན་རྣམས་མ་རིག་པའི་ལིང་ཏོག་དེས་ཆོས་འདི་དག་རབ་ཏུ་མི་ཤེས། མི་རྟོགས་ཤིང་རྩོད་པ་ལ་ཀུན་ཏུ་འཇུག་པ་ལ་ལྟོས། བཀོད་པ་མཐའ་ཡས་གང་སུ་དག་རྩོད་པ་ལ་ཀུན་ཏུ་ཞུགས་པ་དེ་དག་ནི་ཞུགས་པ་མེད་དེ། འདི་ལྟར་དེ་དག་ཀུན་ཏུ་རྨོངས་པས་མི་ཤེས་ཤིང་མ་མཐོང་བར་ཟད་དོ།། གང་དག་ཀུན་ཏུ་མ་ཞུགས་པ་དེ་དག་ནི་རྣམ་པར་དག་པར་ཡང་མི་འགྱུར་ལ། དགེ་བའི་རྩ་བ་རྣམ་པར་དག་པ་ལ་ཞུགས་པའང་མ་ཡིན་ཏེ། དེའི་ཕྱིར་དེ་དག་ཀུན་ཏུ་མ་ཞུགས་པ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པས་དགོངས་པ་བསྟན་པའི་རྣམ་གྲངས་ནི། ཁྱེད་ལྟ་བུ་ཡུན་རིང་པོ་ནས་དགེ་བའི་ཆོས་རྣམ་པར་དབེན་པ་ལ་སྤྱོད་སྤྱོད་པ་རྣམས་མ་གཏོགས་པ། གཞན་གྱིས་རྒྱས་པར་ཀུན་ཤེས་པ་མ་ཡིན་ནོ།། དེ་བཞིན་གཤེགས་པས་གང་དག་ཀུན་ཏུ་ཞུགས་པ་དེ་དག་ནི་རྣམ་པར་དག་པར་མི་འགྱུར་རོ་ཞེས་གསུངས་པ་གང་ལ་ཀུན་ཏུ་ཞུགས་པ་ཡིན་ཞེ་ན། མི་དགེ་བ་ལ་ཀུན་ཏུ་ཞུགས་པ་ཡིན་ནོ།། གང་ལ་མི་དགེ་བ་ཡོད་པ་དེ་ནི་ཡོད་པ་མ་ཡིན་ནོ།། གང་ཡོད་པ་མ་ཡིན་པ་དེ་ལ་ནི་ཀུན་ཏུ་ཞུགས་པའམ། ཀུན་ཏུ་མ་ཞུགས་པའི་རྣམ་གྲངས་སུ་འགྱུར་བ་མེད་དོ།། གང་དག་དགེ་བ་ལ་ཀུན་ཏུ་ཞུགས་པ་དེ་དག་ནི་རྣམ་གྲངས་སུ་གཏོགས་པ་མ་ཡིན་ནོ།། གང་དག་རྣམ་གྲངས་སུ་མ་གཏོགས་པ་དེ་དག་གིས་ནི་བསྟན་པ་ཁ་ན་མ་ཐོ་བ་མེད་པ་འདི་ཀུན་ཤེས་པར་འགྱུར་ཡང་། དེ་དག་རྣམ་པར་དག་པར་ནི་མི་འགྱུར་ཏེ། དེ་ནི་གནས་མེད་དོ།། བམ་པོ་གསུམ་པ། སེམས་ཅན་བྱིས་པ་སོ་སོའི་སྐྱེ་བོ་བློ་གྲོས་ངན་པ། ཉོན་མོངས་པ་ཆེན་པོ་ལ་ཀུན་ཏུ་ཞུགས་པ་རྣམས་ཀྱི་ཤེས་རབ་ཀྱིས་ནི་ཆོས་བསྟན་པ་འདིའི་རྗེས་སུ་མཐུན་པ་ཅུང་ཟད་ཀྱང་མི་ཤེས་ན། རབ་ཏུ་མཐུན་པ་ལྟ་སྨོས་ཀྱང་ཅི་དགོས། རྣམ་གྲངས་མང་པོ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས། གང་ཀུན་ཏུ་ཞུགས་པ་དེ་ནི་རྣམ་པར་དག་པའི་ཆོས་ཅན། ནོ་ཞེས་བྱ་བ་གང་ལ་ཀུན་ཏུ་ཞུགས་པ་ཡིན་ཞེ་ན། དགེ་བ་ལ་ཀུན་ཏུ་ཞུགས་པ་དང་། ངེས་པར་འབྱུང་བའི་ཁམས་ལ་ཀུན་ཏུ་ཞུགས་པ་ཡིན་ཏེ། ངེས་པར་འབྱུང་བ་ལ་ནི་ཁམས་ཀྱང་མེད་ཁམས་སུ་གདགས་པའང་མེད་དོ། ། གང་དག་མྱ་ངན་ལས་འདས་པའི་ཁམས་ལ་ཀུན་ཏུ་ཞུགས་པ་ཞེས་རྣམ་གྲངས་སུ་བརྗོད་པ་དེའང་། མྱ་ངན་ལས་འདས་པའང་ཅུང་ཟད་ཀྱང་མེད་ལ། མྱ་ངན། ལས་འདས་པ་ལ་ཞུགས་པའང་འགའ་ཡང་མེད་དོ།། གལ་ཏེ་འགའ་ཞིག་གིས་མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར་གྱུར་ན་ནི། དེ་བཞིན་གཤེགས་པ་ནོངས་ཕན་ཆད་མེད་པར་ཡང་འགྱུར་བ་ཞིག། ན། མྱ་ངན་ལས་འདས་པ་ནི་སུས་ཀྱང་ཐོབ་པར་མི་འགྱུར་རོ།། ངས་སེམས་ཅན་ཆོས་ཟབ་མོ་ལ་སྤྱད་པ་མ་སྤྱད་པ་རྣམས་ཀུན་ཏུ་རྨོད་པར་གྱུར་ན་མི་རུང་ཞེས། དེ་བཞིན་གཤེགས་པ་ནོངས་ཕན་ཆད་ཡོད་དོ། ། དེ་བཞིན་གཤེགས་པ་ནོངས་ཕན་ཆད་མེད་དོ་ཞེས་རྣམ་གྲངས་ཀྱིས་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་སོ།། གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཅན་དུ་གྱུར་ནའང་། དེ་བཞིན་གཤེགས། པ་ནོངས་ཕན་ཆད་མེད་པར་འགྱུར་ལ། གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཅན་མ་ཡིན་པར་འགྱུར་ནའང་། དེ་བཞིན་གཤེགས་པ་ནོངས་ཕན་ཆད་མེད་པར་འགྱུར་བས། དེ་ནི་གཉིས་ཀར་ཡོད་པ་འང་མ་ཡིན། མེད་པའང་མ་ཡིན་ནོ།། ཆོས་གང་ཞིག་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེ་ནི་ཤི་བན་ཆད་ཡོད་པ་འམ། མེད་པ་ཞེས་བྱ་བར་མི་འགྱུར་རོ།། དེ་བཞིན་གཤེགས་པའང་སྐྱེ་བའང་མེད། འགག་པའང་མེད་པས། དེའང་ནོད་ཕན་ཆད་ཡོད་དོ་ཞེའམ། མེད་དོ་ཞེས་བྱ་བར་མི་འགྱུར་རོ།། དེ་བཞིན་གཤེགས་པས་ཡོད་དོ་ཞེས་བྱ་བ་དང་། མེད་དོ་ཞེས་བྱ་བ་ནི་མཐའ་མེད་པའོ། ཞེས་གསུངས་ཏེ། གང་ལ་མཐའ་མེད་པ་དེ་ལ་ནི་དབུས་ཀྱང་མེད་དོ།། གང་ལ་དབུས་མེད་པ་དེ་ནི་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ནོ།། གལ་ཏེ་ཡོད་པ་དང་མེད་པ་ཡང་དག་པ་ཡིན་པར་གྱུར་ན་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ་བར་ཡང་མི་འགྱུར་བ་ཞིག་ན། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འགག་པ་མེད་པས། དེ་ལ་ཡོད་པ་དང་མེད་པ་མི་འགལ་བ་མི་རུང་ངོ་།། གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ལ་ནི། མཐའ་དང་དབུས་ཅུང་ཟད་ཀྱང་མེད་དོ།། བཀོད་པ་མཐའ་ཡས་གང་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་དེ་ལ་ཆོས་ཐམས་ཅད་ཅེས་ཇི་ལྟར་ཐ་སྙད་གདགས། ཡོད་པའང་མ་ཡིན་ཏེ། མེད་པའང་མ་ཡིན་པ་དེ་དག་ནི་ཇི་ལྟར་ཡང་ཐ་སྙད་གདགས་པར་མི་འགྱུར་རོ།། བཀོད་པ་མཐའ་ཡས་དེ་ལ་དེ་བཞིན་གཤེགས་པ་ནི་ཐབས་མཁས་པ་ཆེན་པོ་ལ་གནས་སེམས་ཅན་རྣམས་ཀྱི་མ་རིག་པའི་སྒོ་ངའི་སྦུབས་བཅག་པའི་ཕྱིར། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་ཆོས་རྣམས་ཀྱི་རང་བཞིན་དང་མི་འགལ་བར་རྗོད་པར་མཛད། སྟོན་པར་མཛད་དེ། གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁོངས་སུ་གཏོགས་པར་བྱས་པ་དེ་ལ་ནི་མཐའ་དང་དབུས་སུ་ཐ་སྙད་གདགས་པར་བྱ་བ་མ་ཡིན་ནོ།། གང་ཐ་སྙད་གདགས་སུ་མེད་པ་དེ་ལ་ནི་ཅུང་ཟད་ཀྱང་ཐོབ་པ་མེད་དོ། ། བཀོད་པ་མཐའ་ཡས་ཐབས་ཤེས་པ་ལ་མཁས་པ་དང་། ཆོས་རྣམས་ཀུན་འཛིན་པའི་བློ་ལ་མཁས་པས། དབུ་མའི་ལམ་ཆོས་རྣམས་ཀྱི་མཐའ་དང་བྲལ་བར་ཐ་སྙད་འདོགས་ཀྱང་། ཆོས་རྣམས་ཀུན་འཛིན་པར་བྱེད་པའང་མི་དམིགས་ལ། མི་དམིགས་པར་འདོགས་པའང་མེད་པ་ལ་ལྟོས། འདི་ལ་ཁྱོད་ཀྱིས་ཇི་ལྟར་འགྲོ་བ་མེད་པ་དང་འོང་བ་མེད་པ་དེ་ལྟར་རྟོགས་པར་བྱ། ཁོང་དུ་ཆུད་པར་བྱ་སྟེ། ཆོས་འདི་དག་ལ་སྙིང་པོར་གྱུར་པའི་སྐལ་བ་ཆད་པའང་འགའ་ཡང་མི་སྟོན་ཏོ།། ཆོས་རྣམས་ལ་ནི་སྐལ་བ་ཆད་པ་མེད་དེ། ཆོས་རྣམས་ཀྱི་སྐལ་བ་ནི་མ་ཆད། ཀུན་ཏུ་མ་ཆད་པར་འགྱུར་རོ།། ཆོས་ཐམས་ཅད་ནི་སྐལ་བ་མི་མཉམ་པ་མེད་པ། གཅིག་པ་ཉིད་མ་ཡིན་པ། ཐ་དད་པ་ཉིད་མ་ཡིན་པ། དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཡང་། ཆོས་ཐམས་ཅད་ནི་ཆོས་གང་གི་ཕ་རོལ་ཏུ་ཕྱིན་པའང་མེད་པར་མྱ་ངན་ལས་འདས་པར་གྱུར་པས། དེའི་ཕྱིར་དེ་དག་ནི་བརྗོད་པར་བྱ་བ་མ་ཡིན་ཏེ། དབུ་མ་ཡང་དག་པར་བསྟན་པའི་ཕྱིར། ཀུན་རྫོབ་ཏུ་སྟོན་པར་འགྱུར་བ་ནི་མ་གཏོགས་སོ།། དབུ་མའི་ལམ་གང་ཡིན་པ་དེ་ནི། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ཡིན་ཏེ། མྱ་ངན་ལས་འདས་པ་ནི་གང་དུའང་འགྲོ་བ་མེད་དོ། ། དེ་ལ་འགྲོ་བ་དང་འོང་བར་འགྱུར་བ་ཅུང་ཟད་ཀྱང་མེད་པས། དེའི་ཕྱིར་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་དང་མཉམ་པའོ་ཞེས་བསྟན་ཏེ། ཆོས་རྣམས་ཀྱི་མཉམ་པ་ཉིད་རབ་ཏུ་བརྗོད་པ་ཡིན་ནོ། ། བཀོད་པ་མཐའ་ཡས་དབུ་མའི་ལམ་འདི་ནི་སྒྲུབ་པའང་མ་ཡིན། མི་སྒྲུབ་པའང་མ་ཡིན་པས། ཉེ་བར་ལེན་པ་མེད་པའི་ཕྱིར་མཐའ་དང་བྲལ་བ་ཡིན་ཏེ། གང་ལ་མཐའ་མེད་པ་དེ་ལ་དབུས་ལྟ་ག་ལ་ཡོད། མཐའ་ནི་གནས་མེད་པ་ཡིན་ཡང་། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མཐའ་གནས་མེད་པ་ཉིད་དུ་ཀུན་ཏུ་མི་ཤེས་ཏེ། དེའི་ཕྱིར་དེ་དག་གནས་མེད་པ་ཡང་དག་པ་མ་ཡིན་པ་ལ་ཀུན་ཏུ་ཆགས་པས་ཡོངས་སུ་མ་གྲོལ་བ་ཡིན་ནོ། ། བཀོད་པ་མཐའ་ཡས་ཐབས་ལ་མཁས་པ་ཆེན་པོ་ལ་རྣམ་པར་ངེས་པའི་བློས། དབུ་མའི་ལམ་གནས་པ་མེད་ཅིང་རྟེན་པ་མེད་པ་དེ་ཇི་ལྟར་སྟོན་པ་ལ་ལྟོས་བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་རྣམས་ནི་ཆོས་སྟོན་པ་དག་ལ་ཐེ་ཙོམ་མི་མངའ། བསྙེལ་བ་མི་མངའ་བོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པ་སྟེ། ཏིང་ངེ་འཛིན་ལ་མངའ་བརྙེས་པས་རྟག་ཏུ་རྣམ་པར་གཟིགས་པ། རྟག་ཏུ་ལེགས་པར་མཉམ་པར་གཞག་པས་ཀུན་ཏུ་རྟོག་པ་མི་མངའ་ཞིང་། ཡེ་ཤེས་དཔག་ཏུ་མེད་པ་མཐོང་བ་ལ་རབ་ཏུ་གནས་པ་ཡིན་ནོ།། ས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་གནས། རྣམ་པར་མི་གནས་པའི་ཚུལ་གྱིས་ཤིན་ཏུ་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རབ་ཏུ་རྣམ་པར་དག་པའི་ཆོས་སྟོན་པ་དང་། ཉེ་བར་ཞི་བའི་ཆོས་སྟོན་པར་མཛད་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་སྟོན་པ་འབྱུང་བ་ལ་ནི་ལུས་པ་ཅུང་ཟད་ཀྱང་མེད་དོ།། བཀོད་པ། མཐའ་ཡས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ན་ནོར་བུ་རིན་པོ་ཆེ་སྣ་ཚོགས་པ་ཞེས་བྱ་བ་ཡོད་པས། ཆུའི་ཚོགས་ཆེན་པོ་བསྐམས་ན། ཆུའི་ཕུང་པོ་དེ་ལ་འཕེལ་བར་མི་འགྱུར་བས། རྒྱ་མཚོ་ཆེན་པོ་མི་ལྡུད་དོ་ཞེས་བྱ་ལ། དེར་འབབ་པའི་ཆུ་ཐམས་ཅད་ཀྱང་ཡོངས་སུ་གཏུགས་པར་འགྱུར་བས། དེའི་མེའི་ཕུང་པོ་ཆེན་པོ་ལྟ་བུ་ཡིན་ནོ།། དེ་བཞིན་དུ་དེ་བཞིན་གཤེགས་པའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཤེས་རབ་ཀྱི་སྣང་བ་ཆེན་པོ་དཔག་ཏུ་མེད་པས། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སྲེག་པར་མཛད། སྐེམས་པར་མཛད་དོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་གསུང་ཉིན་མཚན་དུ་བརྗོད་པ་དེ་དག་ཐམས་ཅད་ནི་རིམ་གྱིས་ཉོན་མོངས་པ་རྣམས་ངེས་པར་སྲེག་པར་འགྱུར་བས། གསུང་གི་འཕྲིན་ལས་དོན་ཡོད་པ་ཡིན་ནོ།། སང་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་དེའང་སྒྲོན་མ་ཆེན་པོ་ཡིན་ཏེ། ཉོན་མོངས་པ་རྣམས་ངེས་པར་སྲེག་པར་འགྱུར་བ་ཡིན་ནོ།། གང་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་དེའང་ངོ་ངག་གི་མྱ་ངན་ལས་འདའ་བའི་རྒྱུ་ཆེན་པོར་འགྱུར་རོ། ། བཀོད་པ་མཐའ་ཡས་འདི་ལྟ་བུ་ནི་སེམས་ཅན་དེ་བཞིན་གཤེགས་པའི་ཕྱིར་ཞུགས་པ་རྣམས་ཀྱི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཆོས་ཀྱི་ཆར་འབེབས་པ་ཡིན་ནོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་རྗོད་པའང་མུན་པ་དང་བྲལ་བར་འགྱུར་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པའང་མུན་པ་དང་བྲལ་བར་འགྱུར་རོ། ། འདི་ལྟར་དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི་ཡང་དག་པ་ཇི་ལྟ་བ་དེ་ཁོ་ན་བཞིན་ཏེ། གཞན་དུ་འགྱུར་བའང་མེད། ཕྱིན་ཅི་ལོག་ཀྱང་མ་ཡིན་མོད་ཀྱི། ཡང་དག་པ་ལ་ནི་བཤད་པ་དང་། རབ་ཏུ་བཤད་པ་ཅུང་ཟད་ཀྱང་མེད་དོ།། ཆོས་རྣམས་ལའང་ཡང་དག་པ་འམ། ཡང་དག་པ་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་སྟེ། ཡང་དག་པ་ལ་གནས་ནས་གཟུངས་ཀྱི་སྒོ་རིམ་པར་ཕྱེ་བ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་སྟོན་པར་མཛད་དོ།། བཀོད་པ་མཐའ་ཡས་གང་དག་གིས་འདི་ཀུན་ཤེས་པར་མི་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་བདེན་པ་མཐོང་བ། ལྟ་བ་ཕུན་སུམ་ཚོགས་པ། ཆོས་ཟབ་མོ་ལ་ཡོངས་སུ་སྦྱང་བ་བྱས་པ་ལ་མ་གཏོགས་པ་རྣམས་ཀྱིས་ཀུན་ཤེས་པར་མི་འགྱུར་རོ།། བཀོད་པ་མཐའ་ཡས་དོན་གྱི་ཚུལ་འདི་ཁོང་དུ་ཆུད་པར་བྱ་སྟེ། ཆོས་འདི་ལ་བདག་ཉིད་ཀྱི་དྲན་པས་མངོན་སུམ་དུ་གཏད་པར་བྱའི། གང་ལའང་དད་པས་ནི་འགྲོ་བར་མི་བྱའོ།། བྱང་ཆུབ་སེམས་དཔས་ནི་གཞན་ལ་རག་མ་ལས་པའི་ཡེ་ཤེས་འདོད་པར་བྱ་ཞིང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་ཆོས་འདི་ལ་རྗེས་སུ་མཐུན་པའི་བཟོད་པ་བསྐྱེད་པར་བྱ་སྟེ། གང་དག་དེ་ལ་རྗེས་སུ་མཐུན་པའི་བཟོད་པ་སྐྱེད་པར་འགྱུར་བ་དེ་དག་ནི་མི་མཐུན་པར་གནས་པར་མི་འགྱུར་རོ། ། བཀོད་པ་མཐའ་ཡས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། མི་མཐུན་པར་གནས་པ་ནི་ཆོས་འདུལ་བ་འདི་ཀུན་ཤེས་པར་མི་འགྱུར་རོ། ། གཞན་ཡང་ཆོས་ཀྱི་ཚུལ་འདི་ནི་གང་དག་ལྟ་བ་གཞན་སྤྱོད་ཡུལ་བ། ལམ་གཞན་ལ་ཞུགས་པ། ལམ་ལོག་པ་དང་ལྡན་པ། དགེ་བ་མ་སྤྲད་པ། སྤྱོད་ཡུལ་གཞན་སྟེན་པ་དེ་དག་གི་རྣ་ལམ་དུ་གྲག་པའི་གོ་སྐབས་མེད་དོ། ། བཀོད་པ་མཐའ་ཡས་ཆོས་ཀྱི་གཏེར་ཆོས་ཀྱི་སྣང་བ་སྒྲིབ་པ་མེད་པ་འདི་བཤད་ན། བྱིས་པ་ཐོས་པ་དང་མི་ལྡན་པ་རྣམས་མ་རབས་ཀྱི་སེམས་མ་འདུལ་བ། ཡང་དག་པར་མ་བསྡམས་པ་རྣམས་རིང་དུ་སྤོང་བར་འགྱུར་བ་ལ་ལྟོས། བྱིས་པ་སོ་སོའི་སྐྱེ་བོ་ལུས་རབ་ཏུ་མ་བསྒོམས་པ། ཆོས་འདུལ་བ་འདི་ལས་རིང་དུ་གྱུར་པ་དེ་དག་ཐམས་ཅད་ལ་ཆོས་འདི་ལྟ་བུ་ལ་རྗེས་སུ་མཐུན་པའི་བཟོད་པ་སྐྱེ་བའང་མེད་ན། ཟག་པ་མེད་པའི་བཟོད་པ་ཐབས་དང་ལྡན་པ་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། བཀོད་པ་མཐའ་ཡས་འཁོར་འདིའི་ནང་དུ་ཆོས་བསྟན་པ་འདི་འཇུག་པ་ནི། གང་དུའང་ཆགས་པ་མེད་ཅིང་། ཉམ་པ་མེད་པ་དང་། དོན་ཡོད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་དག་ཐམས་ཅད་ནི་སྒྲིབ་པ་མེད་པའི་ས་ལ་གནས་པ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་སྒྲིབ་པ་མེད་པའི་ཆོས་སྟོན་པ་ལ་མཁས་པ་རྣམ་པར་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཐུགས་བརྩེ་བའི་ཕྱིར། དེ་དག་གི་དགེ་བའི་རྩ་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གཟུངས་ཀྱི་སྒོ་མང་འདིང་སྟོན་པར་མཛད་དོ། ། བཀོད་པ་མཐའ་ཡས་གང་ལ་ལ་ཞིག་དམ་པའི་ཆོས་བསྟན་པ་འདི་ལ་འཇུག་པར་འགྱུར་བ་དེ་ནི་ཡང་དག་པར་འཇུག་པ་ཡིན་པར་རིག་པར་བྱ་སྟེ། ནི་བྱང་ཆུབ་སེམས་དཔའི་ས་ལ་གནས་ཤིང་རིང་པོ་མི་ཐོགས་པར་ལེན་པ་མེད་པའི་བཟོད་པའང་འཐོབ་པར་འགྱུར། རིང་པོ་མི་ཐོགས་པར་ལུང་བསྟན་པའང་ཐོབ་པར་འགྱུར་རོ།། བཀོད་པ་མཐའ་ཡས་ཆོས་ཟབ་མོའི་འདུལ་བ་འདི་ལ་མོས་པར་གྱིས་ཤིག། བཀོད་པ་མཐའ་ཡས་འདི་ནི་ལྟ་བ་མི་དམིགས་པ་རྣམས་ཀྱི་ས་ཡིན་པས་དམིགས་སུ་མེད་པའི་སའོ།། འདི་ནི་མི་དམིགས་པའི་བཟོད་པ་དང་ལྡན་པ་རྣམས་ཀྱིས་ཡིན་ནོ། ། འདི་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། ཡུན་རིང་པོ་ནས་སེམས་རབ་ཏུ་སྦྱངས་པ། ལུས་ལེགས་པར་བསྡམས་པ། ངག་ལེགས་པར་བསྲུངས་པ། ཡིད་ལེགས་པར་དུལ་བ། རྣམ་པར་ཤེས་པ་མཉམ་པ་ཉིད་དུ་རྗེས་སུ་དྲན་པ། སེམས་མི་དམིགས་པ་ལ་གནས་པ་རྣམས་ཀྱི་ཡུལ་ཡིན་ཏེ། དེ་དག་ནི་ཆོས་འདི་ལྟ་བུ་བླང་བའི་ཕྱིར། ལུས་དང་སྲོག་ཀྱང་ཡོངས་སུ་བཏང་ནས། མདོ་འདི་ལ་འཇུག་པར་འགྱུར་རོ།། དེ་ལ་ཕྱི་མའི་དུས་ན་སེམས་ཅན་གང་དག་ཐ་ན་ཆོས་འདི་ལྟ་བུ་མཉན་པའི་ཕྱིར་བརྩོན་པར་འགྱུར་བ་དེ་དག་ཀྱང་དཀོན་ན། ཡི་གེར་འདྲི་བ་དང་། ཀློག་པ་དང་། འཆང་བ་དང་། ཁ་ཏོན་བྱེད་པ་དང་། གཞན་དག་ལ་རྒྱས་པར་སྟོན་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། གང་དག་ཆོས་ཀྱི་རྣམ་གྲངས་འདི་འཕེལ་བར་བྱེད་ཅིང་། གཞན་ལ་སྟོན་པ་དེ་དག་རིང་པོ་མི་ཐོགས་པར་གཟུངས་ཀྱི་སྒོའི་ཆོས་འདི་རྣམ་པར་སྦྱོང་བར་འགྱུར་ཞིང་། མྱུར་དུ་རྣམ་པར་དག་པའི་ཡེ་ཤེས་ཐོབ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་གྱི་རྗེས་སུ་འབྲང་བར་འགྱུར་རོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ཆོས་ཀྱི་གཏེར་འདི་ཡང་དག་པར་རབ་ཏུ་སྟོན་ཏོ།། འདི་ལས་གང་མི་སྟོན་པ་དེ་ཅུང་ཟད་ཀྱང་མེད་དེ། ཉོན་མོངས་པ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཅིང་རྣམ་པར་དག་བསྐྱེད་པར་ཡང་མཛད། ཆོས་ཀྱི་སྒོ་ཡོངས་སུ་དག་པར་རབ་ཏུ་སྟོན་པར་ཡང་མཛད་དོ།། ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའོ་ཞེས་བྱ་བ། ཇི་ལྟར་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན་ཞེ་ན། ནམ་མཁའ་དང་མཉམ་པ་སྟེ། ནམ་མཁའ་ཡང་གང་དང་ཡང་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་ནོ། ། ཇི་ལྟར་ན་ནམ་མཁའ་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་ནོ།། ཇི་ལྟར་ནམ་མཁའ་གང་དུའང་མ་གཏོགས་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་གང་དུའང་མ་གཏོགས་སོ།། ཆོས་རྣམས་ལ་མཐའ་མི་དམིགས་ཏེ། མཐའ་དམིགས་སུ་མེད་པ་ལ་མཐའ་ཡོད་པ་མ་ཡིན་ནོ།། མཐའ་ཡོད་པ་མ་ཡིན་པ་ལ་མཐར་གདགས་པའང་མེད་དོ།། གང་དག་འདི་ལྟ་བུ་ལ་གནས་པ་དེ་དག་ནི་དེ་བཞིན་གཤེགས་པའི་ཚུལ་ལ་གནས་པ་སྟེ། དེ་དག་ནི་བརྗོད་དུ་མེད་པ་ཡིན་ནོ།། གང་དག་བརྗོད་དུ་མེད་པ་དེ་དག་ནི་གདགས་པ་མཉམ་པ་ཉིད་དུ་རྟོགས་པར་བྱའོ། ། དེའི་ཕྱིར་དེ་དག་ཀུན་ཏུ་མི་སྤྱོད་ཅིང་། མཐའི་རྗེས་སུ་འབྲང་བར་མི་འགྱུར་ཏེ། མཐའ་ལ་མི་རྟེན་པ་རྣམས་ནི་དབུ་མ་དང་ཡང་ཕྲད་པར་འགྱུར། མཐའ་དང་དབུས་ཀྱི་ཕུང་པོ་ཐམས་ཅད་ཀྱང་སོ་སོར་སྤོང་བར་འགྱུར་རོ།། དེ་སོ་སོར་སྤོང་ཞེས་བྱ་བ་ནི་འགྲོ་བར་གདགས་པ་མེད་པ་སྟེ། འདི་ལྟ་བུ་ནི་ཡེ་ཤེས་རྣམ་པར་དག་པ་ཐོབ་པར་བྱེད་པ་ཡིན། ནོ།། གང་ཞིག་ཆོས་སྐྱེད་པར་མི་བྱེད་པ་དེ་ནི་སོ་སོར་འབྲང་བར་མི་འགྱུར་ཏེ། ཆོས་ཐམས་ཅད་ནི་ཉེ་བར་འགྲོ་བ་མེད་ཅིང་། འཇིག་པ་མེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་བདག་གི་ངོ་བོ་ཉིད་ཀྱི་རང་བཞིན་མེད་པའི་ཕྱིར། བདག་མེད་ཅིང་། བདག་མི་དམིགས་པ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཇི་ལྟར་འདུས་བྱས་ཐམས་ཅད་མི་རྟག་པར་སྟོན་པ་དེ་བཞིན་དུ་རྣམ་པར་འགྱུར་བའི་དོན་སྟོན་པར་མཛད་དོ། ། དེ་བཞིན་གཤེགས་པ་ནི་ཇི་ལྟར་སྡུག་བསྔལ་གྱི་དོན་སྟོན་པ་དེ་བཞིན་དུ་འགོག་པའི་དོན་དང་། འདོད་ཆགས་དང་བྲལ་བའི་དོན་སྟོན་པར་མཛད་དོ།། དེ་བཞིན་གཤེགས་པ་ནི་ཇི་ལྟར་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྟོན་པ་དེ་བཞིན་དུ་ཕུང་པོ་ཐམས་ཅད་ངེས་པར་སྤོང་བའི་དོན་སྟོན་པར་མཛད་དེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པའི་སྒོ་ནས་ཆོས་ཀྱི་སྒོ་ཡོངས་སུ་དག་པ་སྟོན་ཏོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་མངོན་པར་སྒྲུབ་པ་འདི་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་རྗོད་པར་བྱེད་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཆོས་འདི་དག་རྣམ་གྲངས་དུ་མ་དང་། སྒོ་དུ་མ་དང་། བསྟན་པ་མངོན་པར་སྒྲུབ་པ་དུ་མས་བསྟན་ཏེ། ཐ་སྙད་དུ་བརྗོད་ཀྱང་དེ་བཞིན་གཤེགས་པ་ཆོས་རྣམས་ཐ་དད་པ་ཉིད་དམ། གཅིག་པ་ཉིད་དུ་འདོགས་པར་ནི་མི་མཛད་དོ།། ཆོས་ཐམས་ཅད་ནི་གཉིས་སུ་མེད་པ་སྟེ། གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་གྱི། བསྟན་དུ་མེད་པའི་ཁོངས་སུ་འདུས་པ་ཡིན་ནོ།། ཆོས་ཐམས་ཅད་ནི་མཚན་མ་དང་མཚན་མ་མེད་པའི་ཕྱིར། ནམ་མཁའི་ངོ་བོ་ཉིད་ཀྱི་ཚུལ་ཅན་ཡིན་ནོ།། བཀོད་པ་མཐའ་ཡས་གཟུངས་ཀྱི་སྒོ་ངོ་བོ་ཉིད་ཀྱི་ཡོངས་སུ་དག་པའི་རང་བཞིན་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བར་འགྱུར་བ་ཡིན་ནོ།། ཅི་ཞིག་འདུལ་བར་འགྱུར་ཞེ་ན། འདོད་ཆགས་དང་ཞེ་སྡང་འདུལ་བར་འགྱུར་རོ།། མ་རིག་པ་འདུལ་བར་འགྱུར་རོ། ། འདི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གདུལ་བར་བྱ་བ་ནི་ཡོད་པ་མ་ཡིན་ཞིང་ཤིན་ཏུ་མི་དམིགས་སོ།། གང་མི་དམིགས་པ་དེ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀྱང་མ་ཡིན་ཏེ། ཚུལ་བཞིན་དུ་བཙལ་ན་རྙེད་པར་མི་འགྱུར་རོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ནི་ཡོད་པ་མ་ཡིན་པས། གསོབ་སླུ་བའི་ཆོས་ཅན། བྱིས་པ་འདྲིད་པ། སླུ་བར་ཉེ་བར་གནས་པ་ཡིན་ཏེ། འདི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དེ་དག་གང་ལས་སྐྱེ་བའི་གཞི་མེད་ཅིང་མི་རྙེད་པས། དེ་ཉིད་དུ་འབྲལ་བར་འགྱུར་རོ།། དེ་དག་འབྲལ་བའང་ཡང་བལྟ་བར་བྱའོ། ། ཇི་ལྟར་བལྟ་བར་བྱ་ཞེ་ན། ཇི་ལྟར་མ་སྐྱེས་པ་དེ་ལྟར་བལྟ་སྟེ། འདི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དེ་དག་ནི་ཡང་དག་པ་མ་ཡིན་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ལས་སྐྱེས་པ་དང་། གང་གིས་སྐྱེས་པ་དེ་ཐམས་ཅད་གསོབ་སྟེ། སླུ་བའི་ཆོས་ཅན་ཡིན་ནོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། འདི་ལྟར་མ་རིག་པའི་མུན་པས་མི་ཤེས་པ་དང་། མངོན་པར་མ་རྟོགས་པ་ནི་དེ་དག་གི་སྔོན་དུ་འགྲོ་བ་ཡིན་ནོ།། གང་དག་གིས་དེ་ལྟར་མཐོང་བ་དེ་དག་ལ་ནི་སྒོ་ཡོངས་སུ་དག་པ་བསམ་གྱིས་མི་ཁྱབ་པའང་སྐྱེ་བར་འགྱུར། གཟུངས་ཀྱང་ཐོབ་པར་འགྱུར་ཏེ། རྣམ་པར་ཤེས་པ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་འདི་ནི་ཤེས་རབ་ཀྱི་ལས་ཡིན། འདི་ནི་གཟུངས་ཐོབ་པའི་ལས་ཡིན། འདི་ནི་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་སྦྱོང་བར་བྱེད་པ། འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པའི་ས་ཡིན། འདི་ནི་བག་མེད་པ་འདུལ་བའི་ས་ཡིན། འདི་ནི་ཚུལ་ཁྲིམས་དང་། ལྟ་བ་དང་། ཆོ་ག་ཉམས་པ་མེད་པ་ཡིན། འདི་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་ཡིན། འདི་ནི་བདག་མེད་པའི་ཡེ་ཤེས་མཚན་ཉིད་མེད་པའི་རྗེས་སུ་འགྲོ་བ་ཡིན།། འདི་ནི་འདུ་ཤེས་སྤངས་པ་དང་མ་བྲལ་བ་ཡིན། འདི་ནི་ཐབས་ལ་མཁས་པ་མཐའ་ཡས་པས་མངོན་པར་བསྒྲུབས་པ་ཡིན་ནོ།། གང་དག་ཆོས་འདི་ལྟ་བུ་ལ་ཚུལ་བཞིན་དུ་རྣམ་པར་རྟོག་ཅིང་སྦྱོར་བར་བྱེད་པ་དེ་དག་ནི་ཆོས་འདི་ལ་སྒྲུབ་པས་ངེས་པར་འབྱུང་བར་འགྱུར་རོ། ། བཀོད་པ་མཐའ་ལས་ཆོས་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་ཀྱང་བརྗོད་ལ། ཆོས་ཀྱི་རྣམ་གྲངས་འདི་དག་ཀྱང་སྟོན་ཅིང་རབ་ཏུ་སྟོན་པར་བྱེད། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་དུ་སྟོན་ཀྱང་། སྟོན་པ་པོར་འདོགས་པའང་མེད་ལ། གང་བསྟན་པ་དེའང་མི་མངོན་པ་ལ་ལྟོས། བཀོད་པ་མཐའ་ཡས་བསྟན་པའི་སྒོ་ལ་འཇུག་པའི་ཚིག་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི། བློ་རྒྱ་མཚོ་ལྟ་བུའི་སྟོབས་ཀྱིས་རིང་དུ་འགྲོ་བར་ཡང་འགྱུར། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པར་ཡང་འགྱུར། ཡེ་ཤེས་ཀྱི་རྣམ་པ་རྗེས་སུ་འཐོབ་པར་ཡང་འགྱུར། གཞན་ལ་རག་མ་ལས་པའི་ཡེ་ཤེས་སྟོན་པ་ལ་མཁས་པའང་རྟོགས་པར་འགྱུར། དོན་མཉམ་པ་ཉིད་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ལ་མཁ་པའང་རྟོགས་པར་འགྱུར་ཞིང་། དོན་ལ་མཁས་པ་དེས་མིང་མེད་ཅིང་མཚན་མ་མེད་པའི་ཆོས་རྣམས་སྟོན་པ་རྗོད་པར་ཡང་བྱེད་ལ། དེ་སྟོན་པར་བྱེད་པའང་མེད་དོ།། སངས་རྒྱས་ཞེས་བྱ་བ་དང་། ཐམས་ཅད་མཁྱེན་པ་ཞེས་བྱ་བ་དང་། རང་བྱུང་ཞེས་བྱ་བ་སྟོན་པའང་ཉེ་བར་གནས་ཤིང་མིང་དང་མཚན་མ་རྣམ་པར་དག་པའང་འཐོབ་པར་འགྱུར་རོ།། མྱུར་དུ་དབྱངས་ཀྱི་རྣམ་པ་མང་པོ་འཐོབ་པར་འགྱུར་ཏེ། ཡིད་དུ་འོང་བའི་དབྱངས་དང་། སྙན་ཞིང་འཇེབས་པའི་དབྱངས་དང་། དབྱངས་རྣམ་པར་དག་པ་ཕུན་སུམ་ཚོགས་པའང་འཐོབ་པར་འགྱུར་རོ།། ཚིག་བཙུན་པར་ཡང་འགྱུར་རོ།། མངོན་དུ་འགྲོ་བར་བྱ་བ་དང་། ཡོངས་སུ་དྲི་བར་བྱ་བར་ཡང་འགྱུར་རོ།། སེམས་ཅན་རྣམས་ཀྱི་ཤེས་རབ་རྣམ་པར་ངེས་པ་ལ་མཁས་པ་སྒྲུབ་པའང་ཤེས་པར་འགྱུར། འདོད་པ་སྨྲ་བ་དང་། རིགས་པ་སྨྲ་བ་དང་། ཕན་པར་སྨྲ་བར་ཡང་འགྱུར། ཕན་པའི་ཚིག་དང་། ལེགས་པར་སྨྲ་བའི་ཚིག་དང་། དོན་གཏན་ལ་འབེབས་པའི་ཚིག་ཅན་དུརང་འགྱུར། དོན་གཅིག་བསྟན་པས་དོན་མང་པོ་རྣམ་པར་གཏན་ལ་འབེབས་པའང་ཀུན་ཤེས་པར་འགྱུར་རོ། ། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་ཆོས་འདི་ལ་སྤྱོད་པ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་བའི་ཡོན་ཏན་གྱི་ཚོགས་ཇི་སྙེད་ཅིག་དང་ལྡན་པ་ལ་ལྟོས། དེ་ནི་རྗེས་སུ་འཆགས་པ་དང་། ཁོང་ཁྲོ་བ་དག་གིས་རྗེས་སུ་འཆགས་པ་དང་། ཁོང་ཁྲོ་བ་སྤངས་པ་ལ་གནས་པ་འཕྲོགས་པར་མི་འགྱུར་ཞིང་། ཆགས་པར་འགྱུར་བ་དང་། སྡང་བར་འགྱུར་བ་དང་། རྨོངས་པར་འགྱུར་བའི་ཆོས་དག་གིས་ཀྱང་འཕྲོགས་པར་མི་འགྱུར་རོ།། ཡོངས་སུ་སྦྱང་བ་བྱས་པར་ཡང་འགྱུར་རོ།། ཐབས་དང་ཤེས་རབ་ལ་མཁས་པ་དང་། ཚིག་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པར་ཡང་འགྱུར་རོ། ། ཐམས་ཅད་དུ་ལེགས་པར་བསླབས་པའི་བཟོད་པ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ།། ཆོས་ཚད་མེད་པ་དང་ལྡན་ཞིང་བསམ་པ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ། ། བཟོད་པ་ཕུན་སུམ་ཚོགས་པ་ལ་གནས་ཤིང་འཇུག་པ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ།། གསོང་པོར་སྨྲ་བ་རྣམ་པར་དག་པར་ཡང་འགྱུར་རོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་ཆོས་འདི་ལ་མངོན་པར་མི་བརྩོན་ཞིང་། མི་ཤེས་ལ་རབ་ཏུ་མི་སྦྱོར་བ་དེ་དག་ལ་ནི་ཡོན་ཏན་གྱི་ཁྱད་པར་འདི་དག་ཅུང་ཟད་ཀྱང་མེད་དོ།། བཀོད་པ་མཐའ་ཡས་སེམས་ཅན་གང་དག་ཆོས་འདི་ལ་མངོན་པར་བརྩོན་པར་འགྱུར་བ་དེ་དག་ནི་ཉུང་ཤིན་ཏུ་ཉུང་ངོ་། ། སེམས་ཅན་གང་དག་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འདོད་ཅིང་། སྨོན་ལམ་ཇི་ལྟ་བ་དང་། འཇུག་པ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ་ཡོངས་སུ་རྫོགས་པར་འགྱུར་བའང་དཀོན་རབ་ཏུ་དཀོན་ནོ།། གང་དག་ཆོས་འདི་ལ་བཟོད་པ་སྤྱོད་པ་རྣམ་པར་རྟོག་ཅིང་། ཆོས་འདི་ལས་ངེས་པར་འབྱུང་བ་དེ་དག་ནི་མངོན་པར་ཤེས་པ་དང་མི་ཤེས་པ་དང་། ཡེ་ཤེས་ཆེན་པོ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། ཡེ་ཤེས་ཚད་མེད་ཅིང་མཐའ་ཡས་པའང་ཐོབ་པར་འགྱུར་རོ། ། བཀོད་པ་མཐའ་ཡས་དེ་ལ་གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཆོས་རིམ་པར་ཕྱེ་བ་བསྟན་པའི་སྒོར་འཇུག་པ་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་སྟེ། འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སྙིང་པོ་ལའང་ཉེ་བར་འགྱུར། སེམས་ཅན་རྣམས་ལའང་སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པར་འགྱུར། སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་མངོན་པར་བསྒྲུབ་པས་ཉེ་བར་གནས་པར་ཡང་འགྱུར། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངོན་པར་བསྒྲུབ་པར་ཡང་འགྱུར་རོ།། བཀོད་པ་མཐའ་ཡས་གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཚེ་རིམ་པར་ཕྱེ་བ་བསྟན་པའི་སྒོར་འཇུག་པ་དེ་གང་ཞེ་ན། བཀོད་པ་མཐའ་ཡས་འདི་ལ་ཆོས་ཐམས་ཅད་ཡི་གེ་མངོན་པར་བསྒྲུབ་པའི་ཕྱག་རྒྱ་ཞེས་བྱ་བ་གང་དུ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཡིན་ནོ། ། ཇི་ལྟར་ཡང་དག་པར་འདུ་ཞེ་ན། ཆོས་འདི་དག་ཐམས་ཅད་ནི་མཉམ་པ་ཉིད་དུ་ཡང་དག་པར་འདུའོ།། མཉམ་པ་ཉིད་ཀྱིས་ནི་མཉམ་པ་ཉིད་ཡང་དག་པར་མི་མཐོང་། རབ་ཏུ་མི་ཤེས། ཉེ་བར་མི་དམིགས་སོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་རྣམ་པར་མི་རྟོག་ན། འདིར་ཆོས་ཐམས་ཅད་ཡང་དག་པར་འདུ་བར་གྱུར་པས། འདུས་བྱས་དང་འདུས་མ་བྱས་དང་བྲལ་བའི་སྒོ་ནས་ཡང་དག་པར་འདུ་བར་འགྱུར་བ་ཡིན་ནོ། ། ཡི་གེ་མངོན་པར་སྒྲུབ་པ་བསྟན་པ་དང་། ངག་གིས་ལས་སུ་བརྗོད་པ་གང་དག་གིས་འདུས་བྱས་སྟོན་པར་འགྱུར་བ་དེ་ལའང་ཡི་གེ་མངོན་པར་སྒྲུབ་པ་བསྟན་པ་གང་ཡིན་པ་དང་། ངག་གི་ལས་སུ་བརྗོད་པ་གང་ཡིན་པ་འདི་གཉིས་ཀའང་ཆོས་ཉིད་ཇི་ལྟ་བ་བཞིན་རང་བཞིན་གྱིས་མཉམ་པ་ཉིད་ཡིན་པས་ཡོད་པ་མ་ཡིན་ནོ།། ཡོད་པ་མ་ཡིན་པ་ལ་བརྗོད་པའང་ཡང་དག་པ་ཉིད་དུ་མི་འགྱུར་ལ། ཡི་གེར་གདགས་པའང་ཡང་དག་པ་ཉིད་མ་ཡིན་ནོ།། ངག་གི་ལས་སུ་བརྗོད་པ་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་དབྱེར་མེད་པའི་ཚིག་བླ་དགས་ཡིན་ནོ། ། ལྷག་པ་མེད་དོ་ཞེས་བྱ་བ་འདི་ནི་སྒྲོ་འདོགས་པ་མེད་པའི་ཚིག་བླ་དགས་ཡིན་ནོ།། ཆོས་ཀྱི་ཚུལ་འདི་ནི་བསྟན་དུ་མེད་པ་ཡིན་ལ། ཆོས་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན། ཡང་དག་པ་མ་ཡིན་པའང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ཉེ་བར་ཞི་བའི་རང་བཞིན་ཡིན་ནོ།། ཡི་གེས་བསྟན་པ་དང་། ཚིག་ཏུ་བརྗོད་པ་དང་། མཐོང་བ་དང་། དམིགས་པའི་ཆོས་དེ་དག་ནི་རང་བཞིན་མེད་པ་སྟེ། འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ། མཉམ་པ་མེད་པ། མི་མཉམ་པ་མེད་པ། མ་ཞི་བ། ཉེ་བར་མ་ཞི་བ། རབ་ཏུ་མ་ཞི་བའོ།། ཆོས་རྣམས་ནི་ཞི་བའི་མཚན་ཉིད་དང་། ཉེ་བར་ཞི་བའི་མཚན་ཉིད་དུ་ཉེ་བར་མི་གནས། རབ་ཏུ་མི་གནས་སོ།། ཆོས་ཐམས་ཅད་ནི་འགྱུར་བ་མེད་པ་ཡིན་པས། དེ་དག་གང་དུའང་རྣམ་པར་གཞག་པར་མི་འགྱུར་རོ།། ཆོས་རྣམས་ནི་རྣམ་པར་མི་གནས་པའི་ཕྱིར་གང་དུའང་བགྲང་བ་མ་ཡིན་ན། ཆོས་སུ་བགྲང་བར་སྟོན་པའི་བརྗོད་པ་གང་གིས། བགྲང་བར་འགྱུར། ངག་གི་ལས་ཡི་གེར་གདགས་པ་ཐམས་ཅད་ནི། ཡུལ་ན་མི་གནས། ཕྱོགས་ན་མི་གནས་པ་སྟེ། ཡི་གེ་དང་ངག་གི་ལས་ནི་གང་ནས་ཀྱང་མི་འོང་། གང་དུའང་མི་འགྲོ་ལ། ཆོས་གང་གི་མཐར་གཏོགས་པའང་མ་ཡིན། དབུས་སུ་གཏོགས་པའང་མ་ཡིན་ནོ།། ཡི་གེའི་ལས་ཐམས་ཅད་ནི་ལས་མེད་པ། ཡི་གེ་མེད་པ། རྩོལ་བ་མེད་པའོ།། ངག་གི་ལས་ཐམས་ཅད་ཀྱང་ཡི་གེ་མེད་པ། རྩོལ་བ་མེད་པའོ།། ཡི་གེ་ཐམས་ཅད་ནི་ཡི་གེའི་རང་བཞིན་གྱིས་སྟོང་པ་ཡིན་ལ། ངག་གི་ལས་ཀྱང་ངག་གི་ལས་ཀྱི་རང་བཞིན་གྱིས་སྟོང་པ་ཡིན་ཏེ། བདག་གི་ངོ་བོ་ཉིད་དང་། གཞན་གྱི་ངོ་བོ་ཉིད་དང་། བདག་དང་གཞན་གྱི་ངོ་བོ་ཉིད་ཀྱིས་ཀྱང་སྟོང་པ་ཡིན་ནོ།། གང་སྟོང་པ་དེ་ནི་དབེན་པ་ཡིན་ནོ།། གང་དབེན་པ་དེ་ནི་ཉེ་བར་ཞི་བ་སྟེ། ཆོས་ཐམས་ཅད་ནི་ཉེ་བར་ཞི་བའི་སྒོ་ཅན་ཡིན་ནོ། ། སྒོ་གང་དང་གང་གིས་ཆོས་ཀྱི་མིང་སྟོན་པ་དང་། ཡི་གེ་སྟོན་པ་དང་། ཚིག་གི་ལས་སྟོན་པར་འགྱུར་བ་དེ་དག་ཐམས་ཅད་ནི་སྒོ་མེད་པ་སྟེ། ཡོད་པ་མ་ཡིན་པའི་ཕྱིར་སྒོ་རྣམ་པར་སྦྱོང་བ་ཡིན་ནོ། ། སྒོ་གང་དང་གང་གིས་ཆོས་བརྗོད་པར་འགྱུར་བའི་སྒོ་དེ་དང་དེར་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་འདུ་བར་འགྱུར། འདི་ལྟར་ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བའོ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན་ཞེ་ན། འདོད་ཆགས་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། རང་བཞིན་གང་ཡིན་པ་དེ་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ།། ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དེ་ལ་ནི་འདོད་ཆགས་ཀྱང་མེད། འདོད་ཆགས་སུ་གདགས་པའང་མེད་དེ། ཆོས་འདི་དག་ཐམས་ཅད་ནི་གཡོ་བ་མེད་པ། རློམ་པ་མེད་པ། སྤྲོས་པ་མེད་པ་ཡིན་ནོ།། འདི་ནི་གཟུངས་ཀྱི་སྒོ་རྣམ་པར་དག་པའི་ཕྱག་རྒྱ་སྟོན་པའི་ཆོས་རིམ་པར་ཕྱེ་བའི་སྒོར་འཇུག་པ་ཡིན་ཏེ། སྒོར་འཇུག་པ་དེས་བྱང་ཆུབ་སེམས་དཔའ་མ་རིག་པའི་མུན་པའི་རབ་རིབ་བསལ་ནས། རིག་པ་དང་མཐུན་པའི་ཆོས་ཀྱི་རིགས་རྗེས་སུ་དྲན་པར་འགྱུར་རོ། ། ཇི་ལྟར་རྗེས་སུ་དྲན་ཞེ་ན། ཆོས་ཐམས་ཅད་ལ་སྣང་བ་རྣམ་པར་དག་པ་ཡིན་ཏེ། དེས་ན་ཆོས་ཀྱི་མིག་གཟུངས་ཀྱི་སྒོ་ལ་འཇུག་པའང་ཐོབ་པར་འགྱུར། ཆོས་ཀྱི་སྒོ་རིམ་པར་ཕྱེ་བ་ཡི་གེ་རྣམ་པར་སྒྲུབ་པའང་རྟོགས་པར་འགྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ཤིན་ཏུ་རྣམ་པར་དག་པའང་ཀུན་འཛིན་པར་འགྱུར། དེ་བཞིན་གཤེགས་པ་རྣམས་དང་ཡང་ཉེ་བར་འགྱུར། མུ་སྟེགས་ཀྱི་གནས་ཐམས་ཅད་ཀྱང་ཆོས་དང་མཐུན་པས་ཚར་གཅོད་ནུས་པར་འགྱུར། བདུད་ཀྱི་ཕྱོགས་ཀྱང་ཕམ་པར་བྱེད་པར་འགྱུར། སེམས་ཅན་རྣམས་ལའང་དགེ་བའི་རྩ་བ་ཡོངས་སུ་བསྡུ་བའི་ཕྱིར་ཉེ་བར་གནས་པར་འགྱུར། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཐམས་ཅད་མཚམས་སྦྱོར་བ་ལའང་འཇུག་པར་འགྱུར། གཟུངས་ཀྱི་སྒོ་འདི་ལྟ་བུའང་ཐོབ་པར་འགྱུར་ཞིང་། གཟུངས་ཀྱི་སྒོ་དེས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཆོས་ཀྱི་སྣང་བ་ཆེན་པོ་ཐོབ་ནས། མྱུར་དུ་དེ་བཞིན་གཤེགས་བའི་སྟོབས་སྒྲུབ་པར་ཡང་འགྱུར་རོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་སྟོབས་བསྐྱེད་པ་ཐོབ་པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ། སྟོབས་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་སྟོབས་ཀྱིས་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོག་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ལ་གཟུངས་ཀྱི་སྒོ་རྣམ་པར་དག་པ་རྣམ་པར་དབྱེ་བའང་སྟོན་པར་མཛད། རབ་ཏུ་སྟོན་པར་མཛད་དོ། ། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ། སྟོབས་ཆེན་པོ་སྟོབས་ཆགས་པ་མེད་ཅིང་། ཚད་མེད་པ་གང་དག་གིས་སྟོན་ཞེ་ན། བཀོད་པ་མཐའ་ཡས་འདི་ལ་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་བླ་ན་མེད་པས་གནས་པ་དང་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་དང་པོ་ཡིན་ཏེ། སྟོབས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན། ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་ལྷ་དང་བཅས་པའི་འཇིག་རྟེན་ན། འདི་ལས་ཕྱི་རོལ་དུ་གྱུར་པའི་ལྷ་འམ། མི་སུས་ཀྱང་སྔོན་མ་བསྐོར་བའང་སྐོར་བར་མཛད་དོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་ལ། མ་ཆགས་མ་ཐོགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དགེ་བ་དང་། མི་དགེ་བ་དུ་མ་སྤྱད་པ་དང་། ལས་ཡང་དག་པར་ལེན་པའི་རྒྱུའང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་གཉིས་པ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ། མ་ཆགས་མ་ཐོགས་པས་སེརྨ། ཅན་ཐམས་ཅད་ཀྱི་སྤྱོད་པ་རྣམ་པ་དུ་མ་མ་ལུས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་གསུམ་པ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བའི་སྟོབས་བླ་ན་མེད་པས་སེམས་ཅན་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་དང་། ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་སྤྱད་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་བཞི་པ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གནས་པ་འདིའི་ཁམས་དུ་མ་དང་། ཁམས་སྣ་ཚོགས་དང་། སྐྱེ་མཆེད་དུ་མ། དང་། སྐྱེ་མཆེད་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། འདི་ནི་ལྔ་པ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་རྒྱུ་རྐྱེན་ཤེས་པ་མཐོང་བར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་དྲུག་པ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་ལྷའི་སྤྱན་གྱིས་སྒྲིབ་པ་མེད་པའི་ཡེ་ཤེས་གཟིགས་ཤིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་བླ་ན་མེད་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་བདུན་པ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་བརྒྱད་པ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་དགུ་པ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་ཟག་པ་ཟད་པ་མཁྱེན་པ་མངོན་དུ་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། འདི་ནི་བཅུ་པ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་སྟོབས་ཚད་མེད་ཅིང་བླ་ན་མེད་པ་འདི་དག་དང་ལྡན་པ་ཡིན་ནོ། ། བཀོད་པ་མཐའ་ཡས་ཆོས་ཀྱི་གཏེར་འདི་ནི་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་སྐྱེད་པ་དང་། ཆོས་ཤེས་པ་རྣམ་པར་དག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་བསྟན་པ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ་ཇི་ཙམ་དུ་ཟབ་པ་དང་། ཇི་ཙམ་དུ་རྟོགས་དཀའ་བ་ལ་ལྟོས། ཆོས་གང་དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་སྟོན་པར་བྱེད་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པར་སྦྱོང་བ་སྟེ། དེ་བཞིན་གཤེགས་པའི་ཆོས་ནི་དམིགས་སུ་མེད་ཅིང་གདགས་སུ་མེད་དོ།། བཀོད་པ་མཐའ་ཡས་སྟོབས་ཞེས་བྱ་བ་ནི་བརྫི་བ་མེད་པའི་ཆོས་ཅན་ཡིན་ནོ། ། འདི་ནི་ཆོས་ཀྱི་སྒོ་བླ་ན་མེད་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྒོ་ཡིན་ཏེ། ཐམས་ཅད་མཁྱེན་པའི་སྒོ་དེ་ལ་གནས་ནས་ཆོས་ཀྱི་ཚུལ་འདི་བརྗོད་པར་བྱེད་ཅིང་། ཆོས་ཐམས་ཅད་སྟོབས་སྐྱེད་པ་མེད་པ་དང་། ཡང་དག་པར་འཕགས་པ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། ངོ་བོ་ཉིད་དང་བྲལ་བའི་ཆོས་ཀྱི་ཚུལ་འདི་དཔག་ཏུ་མེད་ཅིང་མཐའ་ཡས་པར་སྟོན་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་སྟོབས་མཐའ་ཡས་པ་དང་ལྡན་ཞིང་། ཆོས་ཀྱི་སྒོ་མཐའ་ཡས་པ་ལ་མཁས་པ་བརྙེས་པ་ཡིན་ནོ། ། བཀོད་པ་མཐའ་ལས་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་ཡིན་ཏེ། ཆོས་ཀྱི་སྒོ་གནས་ནས་དེ་བཞིན་གཤེགས་པའི་སྟོབས་བཅུའ་རྗོད་པར་མཛད། དེ་བཞིན་གཤེགས་པའི་སྟོབས་རྣམ་པར་དག་པ་དང་། ཡོངས་སུ་དག་པའང་སྟོན་པར་མཛད་དོ།། བཀོད་པ་མཐའ་ཡས་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་རྣམ་པར་དག་པར་བྱ་བའི་ཕྱིར། གཟུངས་ཀྱི་སྒོའི་ཕྱག་རྒྱ་སྟོན་པའི་ཆོས་བརྗོད་པར་བྱས་ཉོན་ཅིག། ཕྲ་མོ་ཅ་ནི། བི་པྲ་མུན་ཙཏ། ཨ་ཙ་ལེ། ཨ་བྱཱ་ཐ་ནི། པྲ་བྷཱ་ནུ་ག་ཏེ། ཏེ་ཛེ། མ་ཧཱ་ཏེ་ཛེ། ཨ་པྲདྦྷ་བ་ར་ཎི། ཨ་ནུ་བ་ར་ཎཽ། ཨ་བ་ར་ཎ། བཻ་ཤོ་དྷ་ནི། བི་དྷཱ་ན་པྲ་བི་ཤ་ནི། དྷུར། ཨ་ནི་ཀྲྀ་བ་ནི། བལ་གུ། བལ་གུ་སྭ་རཱི། སྭ་ར་བི་ཤོ་དྷ་ནི། མུད་ཏྲེ། མུརྡྷ་རྦི་ཤ~ཾ་དྷ་ནི། པ་རི་བི་རེ། ས་མན་ཏཱ་པ་རི་བཱ་རེ། ཨགྣ་ནུ་མ་ཏི། ཨར་ཐསྭཱདྷ་ནི། སང་གྲ་མ་ཙྪེད་ནོ།། རེ། ཤྭཱ་བྷྲྀཿ། ཨ་ཧ་རཎི། ཨཱ་བ་ན་མ་ཏི། ནི་རིག་ནི། ས་མན་ཏ་པ་རི་ཕུལ་ལྕག་ཏེ། ཏཱརཱ་ནྱ་ག་ཏེ། ཨ་ནཱི་བི་ཤ་ནི། ཨ་ས་ན་ནི་བི་ཤནི། དྷཱ་ར་ནཱི། ག་ཎྜི་ནོ་ཛྙཱན་པ་རི་ཤོ་དྷ་ནི། ཨ་ནུད་དྷ་ར་བི་བ་ས་ནི། བྷད་ཏྲེ། བྷད་ཏྲ་བ་ཏཾ། མུ་ཁ་མུ་ཁ་བ་ཏི། སན་དྷ་ར་ནི། ཨུ་པ་དྷཱ་རི་ནི། ཨ་ནན་ཏ་པྲ་བེ། པྲ་བྷུ་ཏ་པ་རི་བཱ་རེ། ས་ཤརྨཱ། པ་རི་སཱ་ཤ་ནི། མཧཱ་བ་ཀཱ་ཤེ། ཨཱ་ཀཱ་ཤཱས་མོ་ས་རཎ། བི་ཏི་མི་ར་ཀཱ་ར་ཎི། སར་བ་དྷཱ་པཐ། ཐི་ཤོ་དྷ་ནི། ནི་གྷཱཿ། བརྦ་སན་དྷ་རི་ག་ནི། བཀོད་པ་མཐའ་ཡས་འང་ནི་བསྟན་པ་གང་དུ་ཆོས་ཐམས་ཅད་ཡང་དག་པར་འདུ་བར་འགྱུར་བའི་གཟུངས་ཀྱི་སྒོའི་ཕྱག་རྒྱ་བསྟན་པ་ཡིན་ནོ། ། བཀོད་པ་མཐའ་ཡས་ཆོས་རིམ་པར་ཕྱེ་བའི་སྒོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་ཐོས་པའི་རྗེས་སུ་འབྲང་བར་འགྱུར། བློའི་རབ་ཏུ་དབྱེ་བ་ལ་མཁས་པས་སྤོབས་པ་ཕུན་སུམ་ཚོགས་པའང་ཀུན་ཤེས་པར་འགྱུར། གཟུངས་ཀྱི་ཚིག་མངོན་པར་བསྒྲུབ་པའི་གཞིའང་ཀུན་ཤེས་པར་འགྱུར་རོ། ། ཚིག་མངོན་པར་བསྒྲུབ་པའི་གཞིའང་གང་དག་ཡིན་ཞེ་ན། སཱ་ག་ར་ཨ་བརྱན་ཏ། སུ་མེ་རུ་ར་ཏེ་ན་ས་ག་ར་སན་ནི་ཙ་ཡ། ཨ་བྷཱི་ཏ་ནི། ཨ་སམཾ། བྷཱི་ཏ་ནི་ཨ་པི་བ་རེ། བཛྲ་སན་ནི། ནིར་བེ་ཤེ་ནི། ཨཀྵོ་བ་ནི། ཨ་སང་ཀྵོ་བ་ནཾ། ཨཀྵ་ཡ། ཨ་བྱ་ཡི། ཀྵ་ཡ་ཨ་བརྱན་ཏེ། ཨཀྵིཎ། ཀྵ་ཡཱན་སན་ཏྲི་ཤེ། ཨ་པ་རི་ཀྵ་ཡེ། ཨ་བྷིཀྵ་བྷི་ནི། ཨ་བི་ག་ལེ། ཨ་བི་ག་ལ་ཛྙཱ་ན་ཧ་ར་ནི། བཀོད་པ་མཐའ་ཡས་འདི་ནི་ཚིག་མངོན་པར་བསྒྲུབ་པའི་གཞི་ཡིན་ཏེ། འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་རྒྱ་མཚོ་ལྟ་བུ་མི་འཁྲུགས་པ་འཕེལ་བར་འགྱུར་ཞིང་རྣམ་པར་ལྟེ་བ་ཆེན་པོས་ལྟ་བར་ཡང་འགྱུར་རོ། ། ཇི་ལྟར་ལྟ་བར་འགྱུར་ཞེ་ན། བདག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པ་མཐའ་ཡས་པས་ཁྱབ་པར་བྱས་ནས། སེམས་ཅན་རྣམས་དབུགས་དབྱུང་བར་བྱའོ།། བདག་གིས་ཁྱེད་ལ་སྨན་ཆེན་པོ་རབ་ཏུ་སྦྱར་ཞིང་། དེས་མ་རིག་པའི་མུན་པའི་རབ་རིབ་བསལ་བར་བྱའོ། ། བདག་གིས་ཁྱེད་ཐོག་མ་དང་ཐ་མ་མེད་པའི་འཁོར་བ་ན་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། མྱ་ངན་གྱི་ཟུག་རྔུ་བསལ་བར་བྱའོ།། བདག་གིས་ཁྱེད་སྲེད་པའི་འཆིང་བ་ལས་དགྲོལ་བར་བྱའོ། ། བདག་གིས་ཁྱེད་འཁོར་བའི་འདོད་པ་ལས་བསྒྲལ་ཞིང་ཆོས་ཀྱི་སྣང་བ་ཆེན་པོ་བྱའོ།། སེམས་ཅན་གང་དག་མི་དགེ་བའི་རྩ་བ་ལ་སྦྱོར་བ་དེ་དག་ཀྱང་གདོན་མི་ཟ་བར་དྲང་བར་བྱའོ་སྙམ་སྟེ། སྐྱེས་བུ་དམ་པ་དེད་དཔོན་གྱི་མཆོག་དེ་དག་ནི་ཅི་ནས་ཀྱང་སེམས་ཅན་འགའ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་འདི་ལས་ཉམས་པར་མི་འགྱུར་བ་དེ་ལྟར་རྣམ་པར་ལྟ་བ་ཆེན་པོས་ལྟ་བར་འགྱུར་ཞིང་། ངེས་པར་འབྱིན་པར་འགྱུར་རོ།། དེ་ལྟར་ན་དེ་དག་སེམས་ཅན་རྣམས་ལ་བྱམས་པས་ཁྱབ་པར་བྱེད་ཅིང་། ཆོས་ཀྱི་སྒོ་དོན་དང་ལྡན་པ་སྔོན་མ་ཐོས་པ་འགོག་པ་དང་། འདོད་ཆགས་དང་འབྲལ་བ་དང་།། མི་སྐྱེ་བ་ཤེས་པ་དང་ལྡན་པ་རྣམས་ཀྱང་སྣང་བར་བྱེད་པ་ཡིན་ནོ། ། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་གང་གི་ཚེ། ཆོས་ཀྱི་འབེལ་བའི་གཏམ་བྱེད་པར་འདོད་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། གཟུངས་དང་གསང་སྔགས་མངོན་པར་སྒྲུབ་པའི་ཚིག་འདི་དག་མངོན་དུ་བྱས་ལ། ཆོས་ཀྱི་ཚུལ་ལ་མཁས་པ་མི་འཆབ་པའི་ཡིད་ལ་བྱེད་པས་སེང་གེའི་ཁྲི་ལ་འདག་སྟེ། བློ་མཐའ་ཡས་པས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་ཅིང་། ཐབས་ལ་མཁས་པའི་སྟོབས་བསྐྱེད་པ་དང་། ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཆེན་པོ་ཡངས་པས་ཆོས་ཀྱི་ཚུལ་ཤིན་ཏུ་རྣམ་པར་ངེས་པ་རབ་ཏུ་བསྟན་ཅིང་དྲང་བ་ལ་མཁས་པའི་ས་རྣམ་པར་སྦྱང་བའི་ཕྱིར། སེམས་ཅན་གང་དག་ཆོས་ཀྱི་འབེལ་བའི་གཏམ་ལ་འདུས་པར་གྱུར་པ་དེ་དག་ལ་སྙིང་རྗེ་ཆེན་པོའང་བསྐྱེད། བྱམས་པ་ཆེན་པོའང་བསྐྱེད་ནས། སེམས་དང་ཡེ་ཤེས་ལ་མཁས་པོ་ཆེན་པོས་སེམས་ཅན་རྣམས་ཀྱི་བསམ་པ་མངོན་པར་བསྒྲུབ་པ་རྟོགས་པར་བྱ་སྟེ། ཆོས་ཀྱི་ཚུལ་ཤིན་ཏུ་རྣམ་པར་ངེས་པ་རབ་ཏུ་བསྟན་པ་ཇི་ལྟ་བ་བཞིན་ལྷག་ཆད་མེད་ཅིང་ངག་གི་ལས་གསལ་ལ། ཚིག་དང་ཡི་གེ་ལེགས་པར་རྗོད་པ་དང་། ངག་གིས་ལས་ལེགས་པར་གཏན་ལ་དབབ་པས་ཆོས་ཀྱི་འབེལ་བའི་གཏམ་ཚད་མེད་པ་བྱའོ།། ཆོས་ཀྱི་འབེལ་བའི་གཏམ་དེས་བདག་ཉིད་ཀྱི་དགེ་བའི་རྩ་བའང་འཕེལ་བར་འགྱུར་ལ། སེམས་ཅན་རྣམས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའང་སྡུད་པར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་དཔེ་དུ་མ་དང་ཉེ་བར་དགོད་པ་དུ་མས་ཆོས་ཡང་དག་པར་བསྡུ་བ་འདི་དང་། གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་འདི་རྗོད་ཅིང་སྟོན་པར་མཛད་དོ།། དེ་ལྟ་བས་ན་ཁྱེད་ཀྱིས་ཆོས་ཀྱི་འབེལ་བའི་གཏམ་བླ་ན་མེད་པའང་གྱིས་ཤིག། ཁྱེད་ཀྱིས་སེམས་ཅན་རྣམས་ལའང་སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པར་གྱིས་ཤིག། མྱུར་དུ་དེ་བཞིན་གཤེགས་པའི་མི་འཇིགས་པའང་ཡོངས་སུ་རྫོགས་པར་གྱིས་ཤིག། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ལས་ཆེན་པོས་མངོན་པར་ཤེས་པ་སྒྲུབ་པའི་ལས་ལ་སློབ་པ་ནི། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ།། དེ་ལ་མངོན་པར་ཤེས་པ་སྒྲུབ་པའི་ལས་གང་ཞེ་ན། བཀོད་པ་མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་རྐང་པ་ལ་གནས་ཤིང་ཡང་དག་པའི་འགྲོ་བ་ཤིན་ཏུ་རྣམ་པར་ཕྱེ་བ་ཆེན་པོ་ནམ་མཁའ་ལྟར་རྟེན་མེད་པའི་འདུ་ཤེས་ཡིད་ལ་བྱེད་པས། སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་ཞིང་། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བའི་སྟོབས་དཔག་ཏུ་མེད་པ་དང་ཡང་ལྡན་ལ། ཤེས་རབ་དང་ཡེ་ཤེས་ལ་མཁས་པའི་སྟོབས་མཐའ་ཡས་པས་ཆོས་ཐམས་ཅད་ཤེས་པ་ལ་མཁས་པའི་རྣམ་པར་ངེས་པ་ཐོབ་ཀྱང་། ཆོས་ཅུང་ཟད་ཙམ་ཐོབ་པའང་མེད། དམིགས་པའང་མེད་དོ།། དེ་བཞིན་གཤེགས་པ་ནི་མི་དམིགས་པ་ལ་གནས་པ་དང་། མི་མཉམ་པ་དང་མཉམ་པ་ལ་གནས་པ་ཡིན་ཡང་། དེ་བཞིན་གཤེགས་པ་ཆོས་གང་གིས་ཀྱང་གནས་པ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་དགོན་པ་ལ་གནས་པ་དང་།། ཆག་པ་མེད་པར་གནས་པ་དང་། རྣམ་པར་དག་པའི་ཡེ་ཤེས་མཐོང་བ་གནས་པ་ཡིན་ཡང་། དེ་བཞིན་གཤེགས་པ་ལ་མི་མཁྱེན་པ་འམ། མི་གཟིགས་པ་ཅུང་ཟད་ཀྱང་མི་མངའ་སྟེ། དེ་བཞིན་གཤེགས་པ་ནི་རང་བྱུང་གི་ཡེ་ཤེས་མཐོང་བ་མཐའ་ཡས་པ་ལ་གནས་ཤིང་། ཕྱིན་ཅི་ལོག་གི་མུན་པ་དང་བྲལ་བས་སྒྲིབ་པ་མེད་པ་ཡིན་ནོ།། དེ་ལྟ་བས་ན་དེ་བཞིན་གཤེགས་པས་ཆོས་འདི་དག་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྒྱུ་མའི་རང་བཞིན་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། སྣང་བརྙན་ལྟ་བུ་དང་། མིང་མེད་པ་དང་། འདུ་ཤེས་མེད་པར་བསྟན་པ་ཡིན་ནོ།། དེ་བས་ན་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པར་བྱ་སྟེ། དེ་བཞིན་གཤེགས་པ་དེ་ནི་ཡེ་ཤེས་ཐོགས་པ་མེད་པ་སྟོན་ཅིང་། སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ལ་མཁས་པ་ཡིན། དེ་བཞིན་གཤེགས་པ་དེ་ནི་ཡེ་ཤེས་ཐོགས་པ་མེད་པ་སྟོན་ཅིང་། ཤེས་པ་ཐམས་ཅད་ལ་མཁས་པ་ཡང་དག་པར་རབ་ཏུ་སྟོན་པ་ཡིན་པས། བྱང་ཆུབ་སེམས་དཔའ་འདི་དག་ལ་མངོན་པར་ཤེས་པ་སྒྲུབ་པའི་ལས་བརྫི་བ་མེད་ཅིང་མི་མཉམ་པ་དང་མཉམ་པའང་སྟོན་པར་མཛད་དོ། ། མངོན་པར་ཤེས་པ་སྒྲུབ་པའི་ལས་དེས་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པའི་སྒོའི་རྫུ་འཕྲུལ་ཡང་སྒྲུབ་པར་བྱེད། བདེན་པའི་བྱིན་གྱི་རླབས་ཀྱི་སྟོབས་ཀྱང་སྒྲུབ་པར་བྱེད་ཅིང་། ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་བསྐྱེད་པ་ལའང་གནས། ཏིང་ངེ་འཛིན་དང་། ཤེས་རབ་རྣམ་པར་དག་པ་དང་། ཡེ་ཤེས་རྣམ་པར་དག་པའི་སྟོབས་བསྐྱེད་པ་ལའང་གནས། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་སྟོབས་བསྐྱེད་པ་ལའང་གནས། གཏོང་བ་རྣམ་པར་དག་པའི་སྟོབས་བསྐྱེད་པ་ལའང་གནས། ཆོས་ཤེས་པའི་སྟོབས་བསྐྱེད་པ་ལའང་གནས་སོ།། བྱང་ཆུབ་སེམས་དཔའ་སྟོབས་བསྐྱེད་པ་འདི་ལ་གནས་ནས་དབེན་པའི་བྱིན་གྱི་རླབས་ཀྱི་སྟོབས་བསྐྱེད་པའང་ཐོབ་པར་འགྱུར་ཞིང་། དེས་ཀྱང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་ཡང་འགྱུར། རྫུ་འཕྲུལ་གྱི་བྱ་བ་དུ་མའང་ཉམས་སུ་མྱོང་བར་འགྱུར། ཆོས་ཀྱི་རྔ་རྣམ་པ་དུ་མའང་རྡུང་བར་འགྱུར། སེང་གེའི་ཁྲི་ལ་འདུག་ནས་འཁོར་རྣམས་ཀྱང་ཆོས་ཀྱིས་ཚིམ་པར་བྱེད་པར་འགྱུར། སེམས་ཅན་ཐམས་ཅད་ལའང་ཕན་པ་ཉེ་བར་སྒྲུབ་པས་གནས་པར་འགྱུར་རོ།། ། བཀོད་པ་མཐའ་ཡས་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་འཁོར་ཡུག་ཆེན་པོ་ནི་སེམས་ཅན་རྣམས་ཀྱིས་དམྱལ་བ་པའི་དྲི་ང་བའི་མི་མཐུན་པ་ཚོར་བ་དང་། དམྱལ་བ་པའི་སྒྲ་ཐོས་པ་དང་། དམྱལ་བ་བ་མཐོང་ན་མི་རུང་བས། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་འཇིག་རྟེན་གྱི་ཁམས་འདི་འཁོར་ཡུག་ཏུ་བསྐོར་ནས་འདུག་གོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཆོས་ཉེ་བར་བསྒྲུབ་པར་བྱ་ཞིང་། སེམས་ཅན་རྣམས་ཆོས་ཐམས་ཅད་ཟག་པ་མེད་པ་ལ་གཟུང་བར་ཡང་བྱའོ།། བྱང་ཆུབ་སེམས་དཔའ་གང་ཞིག་ཆོས་བསྟན་པ་འདི་ལ་ཤེས་རབ་ཀྱི་སྟོབས་རྡོ་རྗེ་ལྟ་བུ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་སློབ་པ་ནི། ཆོས་ཟབ་མོས་ངེས་པར་འབྱུང་ཞིང་མི་དམིགས་པར་གནས་ལ། བདུད་རྩིས་དབང་བསྐུར་བར་ཡང་འགྱུར་རོ།། ཇི་ལྟར་བདུད་རྩིས་དབང་བསྐུར་བར་འགྱུར་ཞེ་ན། ཉོན་མོངས་པའི་བདུད་ཀྱིས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། ཕུང་པོའི་བདུད་དང་། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་ཀྱི་དབང་དུའང་ཉེ་བར་མི་གནས་ལ། འཆི་འཕོའོ་འདུ་ཤེས་ཀྱང་མི་འཇུག་གོ།། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་ནི་སྟོང་པ་ཉིད་ཀྱིས་གནས་ཤིང་། མཚན་མ་མེད་པ་ལེགས་པར་ཡིད་ལ་བྱེད་པས་གང་དུའང་སྨོན་པ་མི་བྱེད་དོ། ། དེ་ལྟར་ན་ཆོས་འགའ་ཡང་སྐྱེ་བའང་མེད། འཆི་འཕོ་བའང་མེད། འོང་བའང་མེད། འགྲོ་བའང་མེད། གནས་པའང་མེད། ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར། སྟོབས་དང་ལྡན་པར་ཡང་མི་འགྱུར། ཉམས་པར་ཡང་མི་འགྱུར་ཏེ། ཆོས་ཐམས་ཅད་ནི་མི་དམིགས་པ་ཡིན་པས། ཆོས་ཅུང་ཟད་ཀྱང་རློམ་པར་མི་བྱེད་ཅིང་། རྒྱགས་པ་དང་། ང་རྒྱལ་དང་། བསྙེམས་པ་སྤངས་ནས། དམན་པའི་སེམས་ཀྱིས་ནང་ཡང་དག་པར་ཤེས་པར་བྱ་བ་ལ་རྨོངས་པ་མེད་ཅིང་། ཕྱི་ཡང་དག་པར་ཤེས་པར་བྱ་བ་ལ་ལེགས་པར་ཡོངས་སུ་ཤེས་པ་ཡིན་ནོ།། དེ་དག་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པའི་ཆོས་རྣམས་ཀྱིས་འཕྲོགས་པར་མི་འགྱུར་ཏེ། སྐྱེས་བུ་དམ་པ་དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཐམས་ཅད་ནི་ནམ་མཁའ་དང་འདྲ་བའོ་ཞེས་གསུངས་པའི་དེ་བཞིན་ཉིད། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་ལ་གནས་པ་ཡིན་ན།། འདིན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རལ་ཏུ་ཕྱིན་པ་ལ་འཇུག་པ་ཡིན་ཏེ། གང་དག་འདི་ལྟ་བུ་ལ་གནྡ་པ་དེ་དག་ནི་ཤེས་རབ་མཐའ་ཡས་པ་མངོན་པར་སྒྲུབ་པར་འགྱུར་ཞིང་། ཤེས་རབ་ཀྱི་སྟོབས་དེས་ཀྱང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའང་ཁོང་དུ་ཆུད་པར་འགྱུར། དགོངས་པ་བཤད་པ་ལའང་འཇུག་པར་འགྱུར་རོ།། དེ་དག་གིས་ནི་ཆོས་ཐམས་ཅད་ཤེས་པར་འགྱུར་ཏེ། བྱང་ཆུབ་དང་མཚམས་མེད་པའང་མཉམ་པར་རྟོགས་ལ། བྱང་ཆུབ་ཀྱང་རྗེས་སུ་རྟོགས་པར་འགྱུར་རོ། ། དེ་དག་གིས་ནི་མཚམས་མེད་པ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་བསམ་གྱིས་མི་ཁྱབ་པ་དང་། མཚམས་མེད་པ་རྣམ་པར་མི་རྟོག་པས། བྱང་ཆུབ་རྣམ་པར་མི་རྟོག་པར་ཡང་ཁོང་དུ་ཆུད་པར་འགྱུར་རོ། ། དེ་དག་གི་བྱང་ཆུབ་དང་མཚམས་མེད་པ་གཉིས་ཀ་དམིགས་སུ་མེད་པར་ཤེས་པས། མཚམས་མེད་པ་དང་མི་མཐུན་པར་ཡང་མི་བྱེད། བྱང་ཆུབ་དང་མཐུན་པར་ཡང་མི་བྱེད་དེ། མཚམས་མེད་པའང་མི་བྱེད། མི་འཇིག། བྱང་ཆུབ་ཀྱང་མི་བྱེད། མི་འཇིག་གོ།། གང་དག་དོན་གྱི་རྣམ་གྲངས་བསྟན་པ་འདི་ལ་ཡོངས་སུ་སྦྱང་བ་བྱས་པ་དེ་དག་ནིལས་དང་རྣམ་པར་སྨིན་པ་ལ་མངོན་པར་ཞེན་པར་མི་འགྱུར། རློམ་པར་མི་འགྱུར་རོ།། དེ་དག་གིས་ལས་དང་རྣམ་པར་སྨིན་པ་མེད་ཅིང་མཉམ་པ་ཉིད་དུ་ཤེས་ཏེ། ལས་དང་རྣམ་པར་སྨིན་པ་ནི་མཉམ་པ་ཡིན་གྱི། མི་མཉམ་པ་མ་ཡིན་ནོ།། དེ་དག་ནི་ལས་དང་རྣམ་པར་སྨིན་པར་མི་དམིགས། མི་རློམ། མངོན་པར་ཞེན་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པའི་རྒྱུ་ཀུན་ནས་མི་ལྡང་བར་བསྲབས་པའི་ཕྱིར་རོ།། དེ་དག་ཆོས་ཐམས་ཅད་ཀྱི་སྒོ་བསྟན་པ་དང་། གཟུངས་ཀྱི་སྒོའི་ཆོས་ཐམས་ཅད་ཀྱི་སྒོ་བསྟན། པ་དང་། གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་འདི་ལ་སྣང་བ་ཐོབ་པར་ཡང་འགྱུར་རོ།། དེ་དག་ཆོས་ཀྱི་སྒོ་རྣམ་པར་དག་པ་འདི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སྤྱོད་ཅིང་། སྤྱོད་པ་རྣམ་པར་དག་པའང་རྗེས་སུ་ཐོབ་པར་འགྱུར་རོ། ། དེ་དག་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཁེངས་པར་ཡང་མི་འགྱུར། ཡི་ཤི་བར་ཡང་མི་འགྱུར་ལ། བསོད་ནམས་ཀྱི་ཞིང་ཡོན་གནས་སུ་འགྱུར་བར་སྤྲོད་ཅིང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངོན་དུ་བགྲོད་པར་བྱ་བ་ཡིན་ནོ།། བཀོད་པ་མཐའ་ཡས་ང་ནི་ས་བརྒྱད་པ་ལ་གནས་པའི་རིགས་ཀྱི་བུ་ལའང་ཡོན་གནས་དཔག་ཏུ་མེད་ཅིང་ཚད་མེད་པ་ཡིན་ནོ་ཞེས་སྨྲ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་ལྟ་བུ་ལ་གནས་པ་ལྟ་སྨོས་ཀྱང་ཅི་དགོས། གང་དག་བྱང་ཆུབ་དང་། སེམས་ཅན་དང་། ཆོས་དང་། སྣང་བ་དང་། འཇིག་རྟེན་གྱི་ཆོས་མི་དམིགས། མི་རློམ། སྤྲོས་པར་མི་བྱེད་ཅིང་། ཆོས་བསྟན་པ་འདི་ཀུན་ཤེས་ལ། ཆོས་ཇི་ལྟ་བ་བཞིན་སྒྲུབ་པ་ལ་གནས་པ་དེ་དག་ནི་ཡོན་ཡོངས་སུ་སྤོང་བ་བླ་ན་མེད་པ་ཡིན་བས། དེ་བཞིན་གཤེགས་པས་ཡོན་གནས་མཆོག་ཏུ་གསུངས་སོ།། བཀོད་པ་མཐའ་ཡས་ཆོས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཕུན་སུམ་ཚོགས་པ་འམ། བསྙེན་བཀུར་མི་རྙེད་པ་ཅུང་ཟད་ཀྱང་མེད་དེ། དེ་དག་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་ཞིང་། འཇིགས་པ་དང་། སྤྱི་བུང་ཞེས་བྱེད་པ་དང་། སྐྲག་པ་དང་བྲལ་བ་ཡིན་ནོ། ། དེ་དག་ལུས་དང་སྲོག་ཀྱང་ཡོངས་སུ་བཏང་སྟེ། ངའི་ཆོས་ངེས་པར་བསྟན་པ་རྒྱ་ཆེན་པོ་འདི་ཡོངས་སུ་འཛིན་པར་འགྱུར་ཞིང་། ཆོས་གང་ལའང་ཡོངས་སུ་འཛིན་པ་མེད་པར་འགྱུར་རོ།། དེ་དག་སེང་གེའི་ཁྲི་ལ་འདུག་སྟེ། སེང་གེའི་སྒྲ་ཆེན་པོས་སྒྲོག་པར་ཡང་འགྱུར་རོ།། དེ་དག་མུ་སྟེགས་ཅན་རྣམས་ཆོས་དང་མཐུན་པས་ཕམ་པར་བྱེད་པར་ཡང་འགྱུར་རོ།། དེ་དག་བདུད་སྡིག་ཅན་སྡེ་དང་བཅས་པ་ཟིལ་གྱིས་གནོན་པར་ཡང་འགྱུར་རོ། ། དེ་དག་སེམས་ཅན་རྣམས་སྒྲིབ་པ་མེད་པ་ལ་འཛུད་ཅིང་། ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་ཡང་འགྱུར་རོ།། དེ་དག་སེམས་ཅན་རྣམས་ལམ་མཐུན་པ་ལ་འགོད་ཅིང་། འཕགས་པའི་བདེན་པ་དང་མི་མཐུན་པར་ཡང་མི་བྱེད་དོ།། དེ་དག་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱིས་དབུགས་འབྱིན་པར་ཡང་བྱེད་དོ།། དེ་དག་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་བྱེད་ཅིང་། ཆོས་རབ་ཏུ་ཁོང་དུ་ཆུད་པར་ཡང་བྱེད་དོ།། བཀོད་པ་མཐའ་ཡས་གང་དག་གཟུངས་ཀྱི་སྒོ་སྟོན་པའི་ཆོས་རིམ་པར་ཕྱེ་བ་འདི་ལ། བཟོད་པ་སྒྲུབ་པར་གནས་པ་དེ་དག་ནི་བྱང་ཆུབ་ཀྱི་ཕྱིར་ལུང་བསྟན་ཟིན་པ་དང་འདྲ་སྟེ། སྐྱེས་བུ་དམ་པ་དེ་དག་ནི་བདག་ཉིད་ཀྱིས་བདག་ལ་ལུང་སྟོན་ལ་རག་གོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་འདི་ནས་པ་སྙམ་དུ་དེ་བཞིན་གཤེགས་པག་སུབ་པ་ག་འི་རྒྱམ་མོས་བདག་ཅག་ས་ཆོས་འཛིན་མ་པར་གཏད། ཙམ་གྱི་རྫིང་གན་འ་ན་བད། གཟུངས་ཀྱི་ཕྱག་རྒྱ་ལནི་མ་ཀྱི་སྒོ་འདི་ལ་ནི་བཙུད་པས། དེ་བཞིན་གཤེགས་པ་དེས་བདག་ཅག་ལ་ཕན་གདགས་པའི་དམ་པས་ཕན་བཏགས་ཏེ། དེ་བཞིན་གཤེགས་པ་དེ་ནི་བདག་ཅག་ལ་རྗེས་སུ་བརྩེ་བའི་ཕ་ཡིན་ནོ་སྙམ་དུ་སེམས་ཤིང་། ངལ་བའི་འདུ་ཤེས་ཉེ་བར་འཇོག་པར་འགྱུར་རོ།། བཀོད་པ་མཐའ་ཡས་དེ་དག་ཐམས་ཅད་ནི་ཇི་ལྟར་ང་ད་ལྟར་དེ་བཞིན་གཤེགས་པའི་གྲངས་སུ་འགྲོ་བ་དང་འདྲ་བར་གྲངས་སུ་འགྲོ་བར་འགྱུར་ཏེ། འདི་ནི་གཟུངས་ཀྱི་སྒོ་སྟོན་པའི་ཆོས་རིམ་པར་ཕྱེ་བ་གཉིས་པ་ཡིན་ནོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་རྣམ་པར་གཟིགས་ནས། རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པ་འདུ་བྱས་པས། འཁོར་དེར་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་མཐོང་ཞིང་ཆོས་བསྟན་པའང་ཐོས་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པས། རྫུ་འཕྲུལ་མངོན་པ་འདུ་མཛད་པ་ལ་ལྟོས། དེ་བཞིན་གཤེགས། པའི་སྟོབས་དེ་ལྟ་བུ་ནི་གྲངས་དང་བྲལ་ཞིང་། གྲངས་མེད་ལ། གྲངས་ཀྱིས་དབེན་པ་ཡིན་ནོ།། དེ་བཞིན་གཤེགས་པ་དང་མི་འཇིགས་པའང་གཅིག་པའང་མ་ཡིན། ད་པའང་མ་ཡིན་ལ། དེ་བཞིན་གཤེགས་པ་ཉིད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་ནོ།། དེ་བཞིན་གཤེགས་པ་ཉིད་ཀྱང་མ་ཡིན། དེ་ཁོ་ན་ཉིད་མ་ཡིན་པའང་མ་ཡིན། ངོ་བོ་ཉིད་ཀྱང་མ་ཡིན། ངོ་བོ་ཉིད་མེད་པའང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་འདི་ལྟར་རྗེས་སུ་མཐུན་པའི་ཆོས་ཀྱང་མི་དམིགས་པ་དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ།། གང་དག་གིས་དེ་བཞིན་གཤེགས་པ་དེ་ལྟ་བུར་ཤེས་པ་དེ་དག་གིས་ནི་ཅུང་ཟད་ཀྱང་ཤེས་པ་མེད་དོ།། གང་དག་ཅུང་ཟད་ཀྱང་མི་ཤེས་པ་དེ་དག་ནི་ཉོན་མོངས་པ་མེད་ཅིང་ལེན་པ་མེད་དོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཡོད་པ་དང་མེད་པ་ལས་ལོག་པ་ཡིན་ཡང་། དེ་བཞིན་གཤེགས་པ་ནམ་ཡང་ཅུང་ཟད་ཀྱང་ལོག་པ་མེད་དེ། ཆོས་ཐམས་ཅད་ནི་ནམ་མཁའི་ངོ་བོ་ཉིད་ཀྱི་རང་བཞིན་ཡིན་ནོ། ། བཀོད་པ་མཐའ་ཡས་དེ་ལྟ་བུར་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤོབས་པ་མཐའ་ཡས་པ་ལ་གནས་པར་འགྱུར་ཞིང་། ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་ཡང་འགྱུར་རོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་དག་གིས་བསྙེངས་པ་མི་མངའ་ཞིང་། ཐོབ་པ་མེད་པའི་ཚུལ་གྱིས་མི་འཇིགས་པ་མཆོག་གིས་བརྙེས་ཀྱང་ཆོས་འགའ་ཡང་འདྲེན་པར་ཡང་མི་མཛད། ཆོས་འགའ་ཡང་འཕེལ་བར་ཡང་མི་མཛད། ཉམས་པར་ཡང་མི་མཛད། ཡོངས་སུ་ཉམས་པར་ཡང་མི་མཛད་དོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་མེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་པ་གང་ཡིན་པ་དེ་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་གནས་པ་དང་། ཆོས་ཀྱི་དབྱིངས་གནས་པ་དང་། ཆོས་སྐྱོར་མེད་པ་ཉིད་ཡིན་ནོ།། བཀོད་པ་མཐའ་ཡས་ཆོས་ཐམས་ཅད་ནི་སྐྱོན་མེད་པར་འགྱུར་བ་ཡིན་ཏེ། འདི་ལྟར་སྐྱོན་ནི་ཡང་དག་པ་མ་ཡིན་པ་ལས་ཀུན་བཏགས་པ་ཡིན་ནོ།། ཆོས་ཐམས་ཅད་ནི་ལས་དང་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་མེད་པ་ཡིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ལས་མེད་པ་དང་། རྣམ་པར་སྨིན་པ་མེད་པའི་སྒོར་ཡང་དག་པར་འདུ་བ་ཡིན་ནོ།། ཆོས་རྣམས་ནི་ཆོས་ཉིད་ཇི་ལྟ་བ་བཞིན་ཏེ། ལས་རྣམས་ཀྱང་མེད། རྣམ་པར་སྨིན་པའང་མེད། རྒྱུ་འགོག་པའང་མེད། རྒྱུ་འགོག་པར་འགྱུར་བའི་ལམ་ཡང་མེད་དོ།། དེ་བཞིན་གཤེགས་པ་ནི་རྒྱུ་ཚོགས་པ་ལ་ཆོས་ཐམས་ཅད་སྟོན་པར་ཡང་མཛད་ལ། རྒྱུ་ཡོད་པ་མ་ཡིན་ཞིང་། རྒྱུའི་དབང་དུ་མ་གྱུར་པའི་ཕྱིར། ཆོས་ཐམས་ཅད་རྒྱུ་མེད་པར་ཡང་བརྗོད་དེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མི་འཇིགས་པའི་ས་ཡིན་ནོ།། ངས་ནི་སྤོབས་པ་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པས་དེ་བཞིན་གཤེགས་པའི་མི་འཇིགས་པའི་ས་ཐུགས་སུ་ཆུད་དོ། ། མི་འཇིགས་པའི་སའང་གང་ཞེ་ན། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་རྣམས་ཀྱི་མི་འཇིགས་པ་གང་དག་རང་སངས་རྒྱས་ལའང་མེད་ན། ཉན་ཐོས་དང་འཇིག་རྟེན་པ་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་བཞི་པོ་འདི་དག་ཡིན་ནོ།། མི་འཇིགས་པ་བཞི་པོ་དེ་དག་ཀྱང་གང་ཞེ་ན། ངས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན། ཐམས་ཅད་གཟིགས་པ་ལ། ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ། ཞེས་ལྷ་དང་བཅས་པའི་འཇིག་རྟེན་འདི་ན་འགའ་ཡང་ང་ལ་རྩོད་པར་འགྱུར་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་།། ངས་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མི་འཇིགས་པའི་མཆོག་བརྙེས་ཏེ། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ཤིང་། ཆོས་འདུལ་བ་ཟབ་མོ་རྒྱ་ཆེན་པོ་ཚད་མེད་པ་བླ་ན་མེད་པ་འདིརང་སྟོན་པར་མཛད། རབ་ཏུ་གསལ་བར་མཛད་དོ།། ངས་ཟག་པ་ཟད་པ་རབ་ཏུ་མཁྱེན་པ་ལ་ཟག་པ་འདི་དག་ཡོངས་སུ་མ་ཟད་དོ། ། ཞེས་འདི་ན་འགའ་ཡང་ང་ལ་རྩོད་པར་འགྱུར་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་།། ངས་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བར་གནས་ཤིང་། ཆོས་ཀྱི་གཞི་བླ་ན་མེད་པ་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཡང་དག་པར་བསྒྲུབས་པ་འདིའང་རྣམ་པར་འབྱེད་པར་མཛད་དོ།། ངས་ཆོས་གང་ངེས་པར་འབྱིན་པ་དང་། ངེས་པར་འབྱེད་པ་དང་། སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པར་འགྱུར་བར་བཤད་པ་གང་ཡིན་པ་དེ་ལ་ངེས་པར་འབྱིན་པ་དང་། སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་གནས་མེད་དེ། དེ་ཕྱིར་ལྷ་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་ན་འགའ་ཡང་ང་ལ་རྒོལ་བར་འགྱུར་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། ། ངས་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བར་གནས་པའི་མཆོག་བརྙེས་ཏེ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་། སེམས་ཅན་རྣམས་ལ་ཆོས་ཀྱི་ཚུལ་འདིའང་སྟོན་པར་མཛད་དོ།། ངས་ཆོས་གང་དག་བར་དུ་གཅོད་པར་འགྱུར་བར་བཤད་པ་དེ་དག་བསྟེན་ན། བར་དུ་གཅོད་པར་མི་འགྱུར་བ་འདི་ནི་གནས་མེད་དེ། དེའི་ཕྱིར་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་འགའ་ཡང་ང་ལ་རྩོད་པར་འགྱུར་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། ། ངས་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བར་གནས་པའི་མཆོག་རྙེས་ཏེ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་། ལྷ་དང་བཅས་པའི་འཇིག་རྟེན་ན་འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་གང་གིས་ཀྱང་རབ་ཏུ་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདིའང་སྐོར་བར་མཛད་དོ། ། བཀོད་པ་མཐའ་ཡས་འདི་དག་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཡིན་ཏེ། དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་དེ་བཞིན་གཤེགས་པའི་མི་འཇིགས་པའི་ས་ཐོབ་པར་འགྱུར་ཞིང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོག་ཏུའང་འགྱུར་རོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་འདུ་ཤེས་ནམ་མཁའ་ལྟ་བུ་ཡོངས་སུ་བསྒོམས་པ་རྣམས་ཀྱིས་སྒོ་ཡོངས་སུ་དག་པ་བསམ་གྱིས་མི་ཁྱབ་པ་ཀུན་ཤེས་པར་འགྱུར་ཏེ། སྒོ་ཡོངས་སུ་དག་པ་དེས་ཆོས་ཐམས་ཅད་རྟོགས་པར་བྱ་བ་དང་པོའང་ཐོབ་པར་འགྱུར་རོ། ། ཆོས་ཐམས་ཅད་ནི་རྟོགས་པར་བྱ་བའང་མ་ཡིན་ཏེ། ཆོས་ནི་ནམ་མཁའ་ལྟ་བུར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཆོས་ལ་མ་གཏོགས་པའང་ནམ་མཁའི་རྗེས་སུ་འཇུག་པ་མེད་ལ། ནམ་མཁའ་ལ་མ་གཏོགས་པའང་ཆོས་ཀྱི་རྗེས་སུ་འཇུག་པ་མེད་དེ། ནམ་མཁའ་རྣམ་པར་སྒོམ་པས་ཆོས་ཐམས་ཅད་སྒོམ་པར་བྱེད་ཀྱང་། ནམ་མཁར་རློམ་པར་ཡང་མི་བྱེད། སྤྲོས་པར་ཡང་མི་བྱེད་དོ། ། དོན་བྱ་བ་ལ་མཁས་པ་རྗེས་སུ་འཐོབ་ཀྱང་ཆོས་ཀྱི་དབྱིངས་ནི་ཅུང་ཟད་ཀྱང་གང་ནས་ཀྱང་འོང་བའང་མེད། གང་དུའང་འགྲོ་བའང་མེད་ཅིང་། ཡང་དག་པར་འགྲུབ་པ་མེད་པས། ཆོས་ཐམས་ཅད་ཡང་དག་པར་གྲུབ་པ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པར་ཡོངས་སུ་རྟོག་གོ།། ཆོས་ཐམས་ཅད་ལ་ཆོས་ཀྱི་སྣང་བའང་གསལ་བར་བྱེད་དེ། ཆོས་ཀྱི་སྣང་བ་དེས་ཀྱང་སེམས་ཅན་རྣམས་ལ་ཆོས་ཀྱི་སྣང་བ་བྱེད་པར་འགྱུར་རོ། ། བཀོད་པ་མཐའ་ཡས་ཆོས་ཀྱི་རྣམ་གྲངས་འདི་དག་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པར་འགྱུར་བ་དང་གཅེས་སྤྲས་བྱེད་པ་ཡིན་ཏེ། སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་ཐོབ་པར་བྱེད་པར་འགྱུར་ཡང་། ཆོས་འགའ་ཡང་ཉམས་པ་དང་། ཉེ་བར་ཉམས་པར་ཡང་མི་འགྱུར་བ་ལ་ལྟོས། བཀོད་པ་མཐའ་ཡས་དོན་རྟོགས་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཡང་སྟོན། ཆོས་ཐམས་ཅད་བླ་གབ་མེད་པ་དང་འདྲ་བར་ཡང་སྟོན། ལས་དང་། བྱ་བ་དང་། རྒྱུ་དང་བླ་གབ་མེད་པ་དང་འདྲ་བར་སྟོན་ཅིང་། ཆོས་འདི་དག་བརྗོད་མོད་ཀྱི། འདི་ལ་དོན་ནི་འགའ་ཡང་མི་དམིགས་སོ།། བཀོད་པ་མཐའ་ཡས་ཆོས་འདུལ་བ་ཟབ་མོ་འདི་ནི་འཇིག་རྟེན་ཐམས་ཅད་མི་མཐུན་པ་ཡིན་ཏེ། འདི་ལྟར་འཇིག་རྟེན་ནི་འཇིག་པ་དང་རྣམ་པར་འཇིག་པའི་ཆོས་ཕྱིན་ཅི་ལོག་ལ་ཡང་དག་པར་ཞུགས་པའི་ཆོས་ཅན་ཡིན་པས། དེའི་ཕྱིར་ཆོས་འདུལ་བ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཡིན་ནོ། ། འཇིག་རྟེན་གྱིས་ནི་འཇིག་རྟེན་གྱི་ཆོས་ཤེས་པའང་མེད་དེ། འདི་ལྟར་འཇིག་རྟེན་གྱི་ཆོས་ཐམས་ཅད་ནི་ཆོས་མ་ཡིན་པ་ངེས་པར་འབྱུང་བ་མེད་པའི་ཆོས་ཡིན་ནོ།། འཇིག་རྟེན་གནས་པ་ཐམས་ཅད་ནི་ཐ་ན་ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེན་ན་ཡང་། ཆོས་གང་ཡང་མངོན་པར་ཞེན་པ་མེད། ཀུན་ཏུ་ཞེན་པ་མེད་པ་ཡིན་ན་ནི། དེ་དག་ནི་ཆོས་ཐམས་ཅད་ལ་ཆོས་སུ་མངོན་པར་ཞེན་པའི་འདུ་ཤེས་བླངས་ནས་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་དང་ལྷན་ཅིག་རྩོད་པར་བྱེད་ཅིང་རྩོད་པར་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་མ་སྐྱེས་པ་ནི་མི་ཤེས་སོ། ། དེ་དག་རབ་ཏུ་མི་ཤེས་ཤིང་མ་རིག་པ་དེའི་ཕྱིར། ཆོས་འདུལ་བ་ཟབ་མོ་མཁས་པ་ཞིབ་མོས་རབ་ཏུ་ཤེས་པ་འདི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་གྱུར་པ་ཡིན་ནོ། ། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཆོས་འདུལ་བ་ཟབ་མོ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་གྱུར་པ་འདི་ཡང་དག་པར་གསུང་ཡང་།། གསུང་བའང་མེད་དེ། དེ་བཞིན་གཤེགས་པས་ལམ་ཐམས་ཅད་ངེས་པར་སྤངས་པའི་ཕྱིར། རྩོད་པ་ཉེ་བར་ཞི་བའི་ཆོས་སྟོན་པར་མཛད་ཀྱང་། འདི་ལ་ལམ་ཡང་མི་དམིགས་ན། ལམ་དེ་ནི་མི་ཟད་པར་འདོགས་པ་ལྟ་སྨོས་ཀྱང་ཅི་དགོས། བཀོད་པ་མཐའ་ཡས་སྲིད་པ་ཐམས་ཅད་ཅེས་བྱ་བ་འདི་ནི་ཆོས་དགེ་བ་དང་མི་དགེ་བ་རྣམས་ཀྱི་ཚིག་བླ་དགས་ཡིན་ཏེ། ཆོས་ཐམས་ཅད་ནི་ཆོས་དགེ་བ་དང་མི་དགེ་བ་དག་དང་ལྡན་པར་འདོགས་པ་ཡིན་ནོ། ། དེ་ལ་དགེ་བའང་སྟོང་ལ། མི་དགེ་བའང་སྟོང་། དགེ་བའང་རྣམ་པར་དབེན་ལ། མི་དགེ་བའང་རྣམ་པར་དབེན། དགེ་བའང་མི་དགེ་བ་དང་མི་འདྲེ་ལ། མི་དགེ་བའང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་ཡང་མེད་དོ།། དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་ལུང་དུ་མ་བསྟན་པ་ཉིད་དུ་བསྟན་ཏེ། དགེ་བ་ནི་ཡང་དག་པར་ཡོད་པ་མ་ཡིན་ནོ།། གང་དག་ཡོད་པ་མ་ཡིན་པ་དེ་དག་ནི་ལུང་དུ་མ་བསྟན་པ་སྟེ། དེ་ལ་ནི་རྒྱུའང་མེད། རྒྱུར་སྟོན་པའང་མེད་དོ།། བཀོད་པ་མཐའ་ཡས་ཆོས་དེ་ལྟ་བུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ལུང་དུ་མ་བསྟན་ཅིང་བསྟན་དུ་མེད་པར་བསྟན་པ་ལ་ལྟོས། ཆོས་ཐམས་ཅད་ལུང་དུ་མ་བསྟན་ཅིང་བསྟན་དུ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཀྱི་སྒོ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། ། ཆོས་དགེ་བ་དང་མི་དགེ་བ་ཐམས་ཅད་ནི་ཇི་ལྟར་སྣང་བ་བཞིན་རྗེས་སུ་འགྲོ་བ་མེད་དེ། དེ་དག་ནི་ལུང་དུ་མ་བསྟན་པའི་སྒོར་རྗེས་སུ་འགྲོ་བཔ་ཡིན་ནོ། ། གང་ལུང་དུ་མ་བསྟན་པའི་སྒོ་དེ་ནི་སྒོ་མེད་པ་ཡིན་ནོ།། གང་ལ་སྒོ་མེད་པ་དེ་ལ་ནི་སྒོར་དམིགས་སུ་མེད་དོ།། གང་སྒོར་དམིགས་སུ་མེད་པ་དེ་ནི་སྒོ་རྣམ་པར་དག་པ་ཡིན་ནོ།། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་སྒོ་ལ་འཇུག་པའི་ཆོས་རྣམ་པར་སྤྱོད་པ་ཡིན་ཏེ། སྒོ་དེས་དེ་དག་ཆོས་ཐམས་ཅད་ལ་སྣང་བ་ཐོབ་ནས། ཆོས་རྣམས་ལ་རྨོངས་པ་འམ། ཐེ་ཙོམ་མམ། ཡིད་གཉིས་སུ་མི་འགྱུར་ཞིང་། ཐོག་པ་མེད་པར་ཆོས་ཤེས་པ་ལ་མཁས་པ་རྟོགས་པར་འགྱུར་རོ།། །། བམ་པོ་བཞི་པ་སྟེ་ཐ་མའོ།། །། བཀོད་པ་མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་མིག་རྣམ་པར་དག་པ་དོད་པར་བྱའོ། ། ཇི་ལྟར་དོད་བར་བྱ་ཞེ་ན། ཆོས་ཐམས་ཅད་ཉེ་བར་ལེན་པ་མེད་པས་ཁས་མི་ལེན་པ་དང་། ཤིན་ཏུ་ཡོངས་སུ་བཏང་བས་གན་ལས་ཡང་དག་པར་འདས་པ་དང་། ཆོས་དགེ་བ་དང་མི་དགེ་བ་ཐམས་ཅད་དོན་དུ་མི་གཉེར་བས་འདུས་བྱས་སུ་གཏོགས་པ་ཐམས་ཅད་ལ་མི་ལྟ་བ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མི་ལྟ་བ་དང་བག་ཡོད་པའི་ས་དང་། བླ་ན་མེད་པའི་ས་དང་། མི་དམིགས་པའི་ས་ལ་མི་གནས་པ་དང་། ཆོས་གང་ཡང་མི་ལེན་མི་འདོར་བ་དང་། ཆོས་གང་ལའང་མ་ཞུགས། ཀུན་ཏུ་མ་ཞུགས་པ་འདི་ནི། ཤེས་རབ་ཀྱི་མིག་ཅེས་བྱ་སྟེ། མིག་རྣམ་པར་དག་པ་ཡིན་ནོ།། ཤིན་ཏུ་ཡོངས་སུ་གཏོང་བར་བྱེད་པ་དང་། ཤིན་ཏུ་འདོར་བར་བྱེད་པ་དང་། ལེན་པ་མེད་པར་བྱེད་པ་དང་། ཤིན་ཏུ་ངེས་པར་སྤོང་བའི་ངོ་བོ་ཉིད་ཀྱིས་རང་བཞིན་ལ་རྟོག་པ་འདི་ནི་ཤེས་རབ་ཀྱི་མིག་ཅེས་བྱའོ།། ཤེས་རབ་ཀྱི་མིག་ཅེས་བྱ་བ་ནི་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་ཤེས་པ་དང་། མི་སྐྱེ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་ཡིན་ཏེ། འདི་ནི་ཞི་བ་དང་། ཉེ་བར་ཞི་བ་དང་། རབ་ཏུ་ཞི་བའི་ས་ཡིན། འདི་ནི་མཚམས་སྦྱོར་བ་མེད་པ་དང་། སོ་སོར་མཚམས་སྦྱོར་བ་མེད་ཅིང་། མཚམས་སྦྱོར་བ་ཉེ་བར་གཅོད་པ་ཡིན། འདི་ནི་གཅོད་པ་མེད་ཅིང་ཉེ་བར་གཅོད་པ་མེད་པར་ཤེས་པ་མ་ཉམས་པ་ཡིན། འདི་ནི་། ཡེ་ཤེས་འཆབ་པ་མེད་པ་ཡིན་ནོ།། སྤྲོས་པ་མེད་པའི་ས་འདི་ལྟ་བུ་ནི་ཤེས་རབ་ཀྱི་མིག་ཡིན་ཏེ། ཤེས་རབ་ཀྱི་མིག་དེ་དང་ལྡན་པ་ནི་སེམས་ཅན་རྣམས་ཀྱི་སྤྱོད་པ་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེཆེན་པོས་ཟིན་པའི་སེམས་བསྐྱེད་པའང་ཐོབ་པར་འགྱུར། དེ་སེམས་ཅན་ལ་དམིགས་པའི་སྦྱོར་བས་ཡོངས་སུ་གཏུགས་ཏེ་གནས་པར་ཡང་འགྱུར། ཆོས་ཐམས་ཅད་སེམས་ཅན་མེད་པ་དང་སྲོག་མེད་པར་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། དེས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གདོན་མི་ཟ་བར་ཆོས་ཀྱི་གཏེར་བླ་ན་མེད་པ། གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བའི་ཆོས་ཀྱི་ལེའུ་རིམ་པར་ཕྱེ་བ་འདིའང་ཡང་དག་པར་བསྟན་པར་བྱ་ཞིང་། ཆོས་ཀྱི་ཕྱག་རྒྱ་འདིའང་གཏད་པར་བྱའོ།། བཀོད་པ་མཐའ་ཡས་གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་འདི་ནི་དེ་བཞིན་གཤེགས་པའི་གདུང་གི་ཚུལ་རྒྱུན་མི་གཅད་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡིན། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་ཡིན། ཆོས་ཀྱི་སྒོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་སྤྱོད་ཅིང་རབ་ཏུ་བསྟེན་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ཀྱང་གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་འདི་སྟོན་པར་མཛད། སྟོན་པར་མཛད་པར་འགྱུར་རོ།། ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་རབ་ཏུ་སྟོན་པ། རྣམ་པར་སྦྱོང་བར་འགྱུར་བ་ཡིན་ཏེ། དེས་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། དུས་གསུམ་གྱི་ཆོས་རྣམས་ཡང་དག་པར་ཇི་ལྟ་བ་བཞིན་དུ་འཇུག་པར་འགྱུར་རོ། ། ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་རྣམ་པར་དག་པ་ཀུན་འཛིན་པར་འགྱུར་རོ།། དེ་དག་ལ་དུས་ཀྱི་། འདུ་ཤེས་ཀྱང་མི་འཇུག་ལ། མི་དགེ་བ་ཐམས་ཅད་ཀྱང་འཇོམས་པར་འགྱུར། དགེ་བའི་རྩ་བ་སྣ་ཚོགས་ཀྱང་རྗེས་སུ་འཐོབ་པར་འགྱུར། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་ལ་གནས་པར་ཡང་འགྱུར། ཡེ་ཤེས་རྣམ་པར་དག་པ་ཀུན་གཟུང་བའི་ཕྱིར་སྒོ་ཚད་མེད་པ་ཡོངས་སུ་སྤོང་བར་ཡང་འགྱུར། ཆོས་ཀྱི་ཚུལ་དམིགས་སུ་མེད་པ་ལའང་སྤྱོད་པར་འགྱུར། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཡང་རྗོད་པར་འགྱུར། ཤེས་རབ་རྣམ་པར་དག་པ་ཀུན་ཏུ་བསྟན་པ་དང་རབ་ཏུ་བསྟན་པའི་ཕྱིར། ཤེས་རབ་ཀྱི་སྣང་བ་ཆེན་པོ་ནམ་མཁའི་མཐས་གཏུགས་པའང་སྟོན་པར་འགྱུར། ཆོས་ཐམས་ཅད་ནམ་མཁའི་ངོ་བོ་ཉིད་དུ་རྟོགས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་རྣམ་པར་དག་པར་བྱ་བ་དང་། ལམ་རྣམ་པར་དག་པས་བྱང་ཆུབ་ཇི་ལྟ་བ་བཞིན་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བདེན་པ་མངོན་པར་ཤེས་པ་ལའང་མཁས་པར་འགྱུར། བདེན་པ་དབྱེར་མེད་པ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་སྟོན་པར་འགྱུར་རོ།། བཀོད་པ་མཐའ་ཡས་དོན་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཆོས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཀྱང་རྣམ་པར་སྤོང་བར་འགྱུར་རོ། ། དེ་བྱང་ཆུབ་ལས་རིང་བར་མི་འགྱུར་ཏེ། ཉེ་བར་གནས་པར་གྱུར་ཀྱང་ཆོས་འགལ་བ་དང་རིང་བ་འམ། ཆོས་བསྟན་པ་འདི་དང་ཉེ་བར་གྱུར་པ་ཅུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། བྱང་ཆུབ་ནི་ཆོས་དང་ཆོས་མ་ཡིན་པ་གང་གིས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བྱང་ཆུབ་རྣམ་པར་རིག་པར་བྱ་བ་མ་ཡིན་པར་ཤེས་ཤིང་། རྣམ་པར་རིག་པ་མཉམ་པ་ཉིད་དང་། རྣམ་པར་རིག་པ་མེད་པར་རྗེས་སུ་རྟོག་པར་འགྱུར་རོ།། ཆོས་རྣམས་ལ་ཞི་བའི་དོན་དུ་རྣམ་པར་ལྟ་བ་ནི། བྱང་ཆུབ་ཏུ་རྟོགས་པར་ཡང་མི་བྱེད་དེ། ཞི་བས་ཀྱང་ཞི་བ་མི་མཐོང་ལ། ཞི་བ་ལ་མ་གཏོགས་པས་ཀྱང་ཞི་བ་མི་མཐོང་ངོ་།། ཅུང་ཟད་ཀྱང་མི་མཐོང་ཡང་ཐམས་ཅད་དུ་ལྟ་བ་རྣམ་པར་སྤོང་བར་ཡང་བྱེད་ལ། ཅུང་ཟད་ཀྱང་རྣམ་པར་སྤོང་བའང་མེད་དོ།། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྣམ་པར་དག་པའི་སྒོ་ཡིན་ཏེ། སྒོ་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་གཏེར་མཐའ་ཡས་པའང་རྗེས་སུ་དྲན་པར་འགྱུར་རོ། ། སེམས་ཅན་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱས་ནས། ཆོས་ཀྱི་གཏེར་འདིའང་སྟོན་པར་འགྱུར། ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཡོངས་སུ་དག་པའང་རྗེས་སུ་དྲན་པར་འགྱུར་རོ། ། དེ་འདོད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ལྷག་པའི་བསམ་པའི་སྨོན་ལམ་ལའང་འཇུག་པར་འགྱུར་ལ། སྨོན་ལམ་རྣམ་པར་དག་པ་ལ་མཁས་པའང་རྗེས་སུ་དྲན་པར་འགྱུར་ཞིང་། མྱུར་དུ་ཆོས་ཐམས་ཅད་ལ་དབང་ཐོབ་ནས། དེ་བཞིན་གཤེགས་པའི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའང་ཀུན་ནས་འཛིན་ཅིང་མངོན་དུ་གྱུར་པར་བྱེད་དོ།། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ལ་མཁས་པ། ཆོས་ཀྱི་སྣང་བ་ཚད་མེད་ཅིང་མཐའ་མེད་པ་སྟོན་པར་བྱེད་ཅིང་། བདག་ཉིད་ཀྱང་སངས་རྒྱས་ཀྱི་ཡུལ་ལ་ངེས་པར་འབྱུང་བར་འགྱུར་རོ།། བཀོད་པ་མཐའ་ཡས་ཚད་མེད་ཅིང་དཔག་ཏུ་མེད་པ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན་ཞེ་ན། བཀོད་པ་མཐའ་ཡས་ཚད་མེད་ཅིང་དཔག་ཏུ་མེད་པ་ཞེས་བྱ་བ་ནི། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཐམས་ཅད་ཚད་མེད་པའི་ཕྱིར་རོ།། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་གྱི་ཁམས་ཚད་མེད་པ་ཡིན་ཡང་། སེམས་ཅན་ཡོད་པ་མ་ཡིན་པས། སེམས་ཅན་ཅུང་ཟད་ཀྱང་མི་དམིགས་ཏེ་གདགས་སུ་མེད་དོ།། དེ་བཞིན་དུ་ཁམས་ཡོད་པ་མ་ཡིན་པས། ཁམས་མི་དམིགས་ཏེ་གདགས་སུ་མེད་དོ། ། དེའི་ཕྱིར་ཆོས་འདི་དག་ཐམས་ཅད་ནི་མྱ་ངན་ལས་འདས་པའི་ཁམས་སུ་ཡང་དག་པར་འདུ་བ་ཡིན་ནོ།། ཆུའི་ཁམས་ནི་མྱ་ངན་ལས་འདས་པའི་ཁམས་ཀྱི་ཚུལ་ཅན་ཡིན་ལ། ཆོས་ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་ཚུལ་ཅན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའི་རྣམ་པ་ཡིན་ནོ།། མྱ་ངན་ལས་འདས་པའི་ཁམས་ལ་ནི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། ། མྱ་ངན་ལས་འདས་པའི་ཁམས་ནི་སྒྲིབ་པ་དག་པར་དག་པའི་ཕྱིར་མ་བསྒྲིབས་པ་ཡིན་ནོ།། མྱ་ངན་འདས་པའི་ཁམས་ནི་དག་ཅིང་རྣམ་པར་དག་པ་ཡིན་ཏེ། འདི་ལྟར་ཆུའི་ཁམས་དེ་ནི་ཁམས་དང་བྲལ་བ་ཡིན་ནོ། ། ཁམས་ཡོད་པ་མ་ཡིན་པས། ཁམས་དེ་ཁམས་ལས་ཡང་དག་པར་འདས་པར་བསྟན་པས་བརྗོད་པ་ཡིན་ནོ།། བརྗོད་པ་གང་ཡིན་པ་དེ་ནི་ཁམས་ཀྱང་མ་ཡིན། ཁམས་མ་ཡིན་པས་ཀུན་ནས་བསླང་བའང་མ་ཡིན་ཏེ། བརྗོད་པ་ལ་ནི་ཁམས་ཡོད་པ་མ་ཡིན་ནོ།། ཆོས་ཐམས་ཅད་ནི་ཐ་སྙད་ཀྱི་སྒོ་ནས་བརྗོད་པས་དེའི་ཕྱིར་འདི་བརྗོད་དུ་མེད་པ་ཡིན་ཏེ། འདི་ལྟར་འདི་དག་ལ་ནི་རྗོད་པར་བྱེད་པའང་མི་དམིགས་ཤིང་མི་མངོན་ནོ།། བརྗོད་པ་ཐམས་ཅད་ནི་བརྗོད་པ་མེད་པ་ཡིན་ཏེ། འདི་ལྟར་བརྗོད་པ་ཐམས་ཅད་ནི་ནམ་མཁའི་ངོ་བོ་ཉིད་ཡིན་ཞིང་། ནམ་མཁའ་ཡང་དག་པར་འདུ་བ་ཡིན་ནོ།། སའི་ཁམས་ཀྱང་བརྗོད་དུ་མེད་ཅིང་བརྗོད་པར་ནུས་པ་མ་ཡིན་ལ། ཆུའི་ཁམས་ཀྱང་མ་ཡིན། མེའི་ཁམས་ཀྱང་མ་ཡིན། རླུང་གི་ཁམས་ཀྱང་མ་ཡིན་ཞིང་། ནམ་མཁའི་ཁམས་ཀྱང་མ་ཡིན་ཏེ། ནམ་མཁའི་ཁམས་ཀྱི་བར་དུའང་བརྗོད་པར་ནུས་པ་མ་ཡིན་ནོ།། རྣམ་པར་ཤེས་པའི་ཁམས་གང་གིས་ཆོས་ཐམས་ཅད་ཐ་སྙད་དུ་སྟོན་པས་སྟོན་པར་བྱེད་པའི་རྣམ་པར་ཤེས་པའི་ཁམས་དེའང་ཆུའི་ཁམས་ལྟ་བུ་སྟེ། རྣམ་པར་ཤེས་པའི་ཁམས་གང་ཁམས་ཀྱི་ནང་དུ་ཡང་དག་པར་འདུ་བར་འགྱུར་བ་ནི་མེད་དོ།། ཁམས་ནི་ལྡན་པའང་མ་ཡིན་ཞིང་། ནམ་མཁའ་ལས་རབ་ཏུ་འབྱུང་བས་རྣམ་པར་ཤེས་པའི་ཁམས་ཀྱང་ནམ་མཁར་ཡང་དག་པར་འདུ་བ་ཡིན་ནོ།། རྣམ་པར་ཤེས་པའི་ནང་དང་ཕྱི་རོལ་དང་གཉིས་ཀའི་བར་ནའང་མི་དམིགས་ཏེ། རྣམ་པར་ཤེས་པའི་ཁམས་རྐྱེན་དང་ལྡན་པར་བསྟན་པ་ནི་མ་གཏོགས་སོ།། རྣམ་པར་ཤེས་པའི་ཁམས་ནི་ནམ་མཁའ་གསལ་བས་ཀུན་ཏུ་ཟིན་ཅིང་ནམ་མཁར་ཡང་དག་པར་འདུ་བ་ཡིན་ཏེ། གདགས་སུ་མེད་པ་བསྟན་དུ་མེད་པ་ཡིན་ནོ།། གང་གདགས་སུ་མེད་པ་དེ་ལ་ནི་འདུས་བྱས་ཅུང་ཟད་ཀྱང་མེད་དེ། འདི་ནི་འདིའི་སྒོར་འཇུག་པ་ཡིན་ནོ། ། ཆོས་ཀྱི་དབྱིངས་སྟོན་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ནམ་མཁའ་དང་འདྲ་ཞིང་མཉམ་པར་སྟོན་པར་འགྱུར། ཡང་ཆོས་རྣམས་ལ་ནི་དབྱིངས་ས་དབྱིངས་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ། ། ཆོས་ཐམས་ཅད་ནི་ནམ་མཁའ་བླ་གབ་མེད་པ་དང་འདྲ་བས། དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའོ་ཞེས་རབ་ཏུ་བསྟན་ཏེ། ཚད་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་ནམ་མཁའ་དང་འདྲ་ཞིང་མཉམ་པ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་བསྟན་པ་ཡོངས་སུ་དག་པ་གང་། ཆོས་འགའ་ཡང་སྐྱེད་པར་ཡང་མི་བྱེད། ཆོས་འགའ་ཡང་གཏོད་པར་ཡང་མི་བྱེད་པ་ལ་ལྟོས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་ཚུལ་ཡོངས་སུ་དག་པ་འདི་ཕྱིན་ཅི་མ་ལོག་པར་ཤེས་པར་འདོད་པར་བྱ་ཞིང་གཞན་ལོ་རག་མ་ལས་པའི་ཡེ་ཤེས་རློམ་སེམས་མེད་ཅིང་། ལྷག་པར་རློམ་པ་མེད་པས་ཆོས་ཀྱི་སྒོ་བརྗོད་དུ་མེད་པས་རྣམ་པར་སྦྱང་བ་དང་། ཆོས་ཐམས་ཅད་ཤེས་པ་རྣམ་པར་སྦྱང་བའང་བསྒྲུབ་པར་བྱའོ།། བཀོད་པ་མཐའ་ཡས་འདབ་ཆགས་བྱའི་སྤྱོད་ཡུལ་ཅི་ཡིན། གསོལ་པ། བཅོམ་ལྡན་འདས་སྤྱོད་ཡུལ་ནམ་མཁའ་ལགས་སོ། ། བཀའ་སྩལ་པ། བཀོད་པ་མཐའ་ཡས་ནམ་མཁའི་སྤྱོད་ཡུལ་ཡང་ཅི་ཡིན། གསོལ་པ། བཅོམ་ལྡན་འདས་མ་མཆིས་ལགས་སོ།། བཀའ་སྩལ་པོ། བཀོད་པ་མཐའ་ཡས་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའི་སྤྱོད་ཡུལ་ཅན་ཡིན་ནོ། ། ཆོས་རྣམས་ནི་སྤྱོད་ཡུལ་མེད་པའི་སྤྱོད་ཡུལ་ཅན་ཡིན་ཞིང་མི་དམིགས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་སྤྱོད་ཡུལ་མེད་པ་སྤྱོད་པ་མེད་པ། རབ་ཏུ་སྤྱོད་པ་མེད་པ། རྗེས་སུ་སྤྱོད་པ་མེད་པ་ཡིན་ནོ།། ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་གང་དུའང་བརྗོད་པར་བྱ་བ་མ་ཡིན་ཏེ། ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཤེས་པ་ནམ་མཁའ་ལྟ་བུ་སྦྱོང་བར་འགྱུར་བ་ཡིན་ནོ། ། ཆོས་ཀྱི་སྒོ་འདི་ནི་འོད་མཐའ་ཡས་པ་ཡིན་ཏེ། ཇི་ལྟར་ནམ་མཁའ་མཐའ་ཡས་ཤིང་མུ་མེད་པས། ཀུན་ཏུ་ཁྱབ་ཀྱང་འདིའི་འོད་ཁྱབ་པར་སྣང་བའང་མེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ཆོས་ཀྱི་སྒོ་འདི་ཐོབ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པར་ལྟ་ཞིང་། འཇིག་རྟེན་ཐམས་ཅད་ལའང་ཡང་དག་པར་རྗེས་སུ་ལྟའོ། ། བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་བའི་ས་དང་། ངེས་པར་འབྱེད་པའི་ཤེས་རབ་ཀྱི་ས་ཡིན་ཏེ། འདི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། ། ཆོས་ཀྱི་ཚུལ་བརྗོད་དུ་མེད་པ་འདི་ནི་ཆོས་ཀྱི་ཕྱག་རྒྱ་བརྗོད་དུ་མེད་པ་དང་། ཕྱག་རྒྱར་བརྗོད་ཅིང་གདགས་པ་མི་དམིགས་པ་ཡིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཕྱག་རྒྱ་མེད་པ། ཕྱག་རྒྱ་ཡང་དག་པར་མེད་པ་ཡིན་ནོ།། ཕྱག་རྒྱ་མེད་པའི་དངོས་པོ་ལ་མཁས་པ་རྟོགས་པས་ཆོས་ཐམས་ཅད་ནམ་མཁའ་བླ་གབ་མེད་པའི་ཕྱག་རྒྱས་བཏབ་པ་ཡིན་ཏེ། དེ་དག་ནི་ཕྱག་རྒྱ་མཚན་ཉིད་མེད་པ་ཡང་དག་པར་སྟོན་པར་བྱེད་དོ།། ནམ་མཁའ་ལ་ནི་མཚན་ཉིད་ཅུང་ཟད་ཀྱང་མེད་དེ། ནམ་མཁའ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱང་མ་ཡིན། བརྗོད་པའི་མཚན་ཉིད་ཀྱང་མ་ཡིན་ནོ། ། འདི་ནི་ནམ་མཁའ་འོ་ཞེས་བསྟན་པའང་ནམ་མཁའི་ནི་ཡང་དག་པའི་ཚོགས་ཀྱིས་ལུས་སུ་བསྟན་པ་མེད་དེ། ཆོས་རྣམས་ནི་དོན་དམ་པར་ན་བརྗོད་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཀུན་ཤེ་བར་བྱའོ། ། བཀོད་པ་མཐའ་ཡས་དེ་ལ་ཚིག་ནམ་མཁའ་ལྟ་བུར་ཤེས་པ་རྣམ་པར་དག་པས། གཟུངས་ཀྱི་སྒོའི་ཕྱག་རྒྱ་རྣམ་པར་སྤོང་བའི་ཚིག་རྣམས་བསྟན་པར་བྱ་སྟེ། ཇི་ལྟར་ནམ་མཁའ་ཚིག་ཀྱང་མེད། རྣམ་པར་དག་པའང་མེད་པ་ལྟར་ཚིག་འདི་དག་ཀྱང་དེ་དང་འདྲ་བར་རྗེས་སུ་རྟོགས་པར་བྱའོ།། ཚིག་དེ་དག་ཀྱང་གང་ཞེ་ན། བི་བ་རེ་བི་བ་རཱ་ནུས་ཧི་ཏེ། བྲ་ནུ་ནི། ནི་སན་ན་བི་ཙ་ར་ཎི། ཨ་བྷཱ་བ་ཀཱ་ཤ། སན་དར་ཤ་ཎི། པ་བྷཱ་རེ། པྲ་བྷཱ་རི་བི་ཤོ་དྷ་ནི། ནིརི་བི་ཀ་ལ་པེ། ཨཱ་ཀཱ་ཤ་ས་མ་བ་ས་ར་ནི། ནི་ཥཾ་གེ། ཤད་གཱ་པ་ག་ཏེ། ཤང་ག་བི་མོ་ཙ་ནི་ཨཱན་དྷ་ནི། ཨཱ་དཱ་ན་བིག་ཏེ། ཀཱ་ཀྵ་ཙྪེད་པ་རི་ཀརྨ། ཨཙྪེ་ད་ཨ་ནུ་བཙྪེད། ཨ་ས་མེ། ཨ་མ་ས་མེ། དིང་བྱ་ཛྙཱ་ན། ཨ་ཧ་ར་ནེ། པྲཛྙཱ་ཙཀྵུ་ཐི་ཤོ་དྷ་ནི། ཤལ་ཝཱ་པ་ན་ནི། དྲིང་གི་ཨུད་ཏཱ་ར་ནི། ཨ་ཡུ་ཀེ། ཨ་བི་མུ་ཀེ། ཨ་སམ་པྲ་སུག་ཀེ། ཨ་བི་པྲ་ཡཱ་ཀེ། ཨ་གྲ་བ་དི་ནརནིར་དེ་ཤ་བ་ད་ཐ་ན་དྷཱ་ན~ཾ། ཨ་ཏཱི་ཏྱ་ནཱ་ག་ཏི་པྲ་ཏུད་བེན་དྷ་ནི། ཀྲི་ཏ་པ་རི་ཀརྨ་བནཱ་ཏ། ན་ཏ་ར་ནུ་ག་ཏེ། ཨ་སད་གྲ་མེ། ཨ་གྲབ་ཏ་བི་ཤོ་དྷ་ནི། བ་དཱ་པྲ་བྷེ་ད་ཛྙཱ་ན་བི་ཤོ་དྷ་ནི། ནིར་བྷཱ་ས་ཨ་བས་བི་ཤོ་དྷ་ནི། ས་མནྟ་ད་ཤ་དི་ཤ་བྱ་བ་ལོ་ཀ་བི་རཱ་ག་བ་ད་ནི་ར་ཧ་རེ། པྲཛྙཱ་བི་ཤུད་དྷི། ཨོཾ་བྷ་ས་ཨ་པྲ་མེ་པྲ་མེ་ཡ་ཀ་ར་ཎི། ཨ་ཀ་ལ་བ་དྷརྨ་ད་རི་ཤ་ན་བི་ཤོ་དྷ་ནི། བྷུ་ཏ་ར་ཐ་སན་དེར་ཤ་ནི། ཨ་ནུ་བོ་དྷཱ་ར་ཐ་བི་ཤོ་དྷ་ནི། སྭ་ཀ་ར་ཙིད་ནཱ། ནུ་པྲ་བེ་ཤེ། མེ་རུ་བ་རི་སང་སྠཱ་ནེ། ར་ཤི་མ་པྲ་ཏ་པ་ནི་སརྦ་ལོ་ཀཱ་དྷི་པ་ཏེ་ཡ་ཛྙཱ་ན། བི་ཤོ་དྷ་ནི། ཨ་པྲ་ཏི་ཧ་ཏ་ཨ་ཤང་ག་ཛྙཱ་ན་དར་ཤ་ནེ། བཀོད་པ་མཐའ་ཡས་འདི་དག་ནི་གཟུངས་ཀྱི་སྒོའི་ཕྱག་རྒྱ་རྣམ་པར་སྦྱོང་བའི་ཚིག་སྟེ། ནམ་མཁའ་ལྟར་མ་ཆད། ཀུན་ཏུ་མ་ཆད། ཉེ་བར་མ་ཆད་པའི་ཚིག་ཡིན་ནོ།། འདི་ལ་ནི་ཚིག་ཀྱང་མེད་ཚིག་རྣམ་པར་དག་པར་སྟོན་པའང་མེད་དོ། ། བཀོད་པ་མཐའ་ཡས་གསང་སྔགས་ཀྱི་ཚིག་འདི་དག་ནི་རིགས་ཀྱི་བུ་གང་དག་ཐེག་པ་ཆེན་པོ་ལ་ཞུགས་ཏེ། ཚིག་འདི་དག་ལ་སྤྱོད་པར་འགྱུར་ཞིང་ཆོས་ཟབ་མོ་དོན་དུ་གཉེར་བ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་རྣམས་ཀྱི་དོན་བྱེད་པར་འདོད་པ་དེ་དག་ལ་དེ་བཞིན་གཤེགས་པའི་བྱིན་གྱི། རླབས་ཀྱིས་བསྟན་པ་ཡིན་ནོ།། གསང་སྔགས་ཀྱི་ཚིག་འདི་དག་ནི་མི་མ་ཡིན་པ་དང་། གནས་གཙང་མའི་རིས་ཀྱི་ལྷ་དེ་དག་ཀྱང་འགུགས་པར་འགྱུར་ཞིང་། ལྷའི་བུ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཞུགས་པ་དེ་དག་ཀྱང་འགུགས་པར་འགྱུར་བ་ཡིན་ནོ། ། ཨུ་པ་སང་ཧཱ་རེ། ཧྲཱི་ཤྲཱི། དྷཱི་ཏི་བི་ཤོ་དྷ་ནི། ཀ་ལ་ལྱཱ་ཎ་ཨར་ཐ་ནིར་དེ་ཤ་པྲ་ཏི་བ་ཏི། ཅིང་ཏ་མན་བི་ཛྙཱ་ན། བི་ཤོ་དྷ་ནི། ཨ་དྱད་མ་བྷ་ཧ་རི་དྷཱ། པ་རི་ཤོ་དྷ་ནི། ག་ཏི་སྨཱ་ཏི་མ་ཏི། ཨ་ཧ་ར་ནི། གན་ཏ། གན་ཏ་བ་ཏི། ས་ར་བ་ཏི། གསང་སྔགས་ཀྱི་ཚིག་འདི་དག་ནི། གང་དག་རིའི་རྒྱལ་པོ་གངས་ཅན་ལ་གནས་ཤིང་ཆོས་སྨྲ་བའི་རིགས་ཀྱི་བུ་རྣམས་ལ་ཆོས་ཀྱི་སྣང་བ་ཉེ་བར་སྒྲུབ་པར་འགྱུར་བ་དེ་དག་དབབ་པ་ཡིན་ཏེ། ལྷ་དེ་དག་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཡིན་ནོ། ། མ་ཏི་བི་གོ་དྷ་ནཱི། སུ་ཡུག་ཏཱ་དྷཱིརྱཱ། ཨ་གྲ་ཧི་ཏ་བ་ཏ་ནིར་ཧ་རེ། ཨ་ཀོ་ལཱ་ས~ཾ་ནི། ཨ་བི་ཀ་ལཱི་ས་ནི་ཨུད་ཐཱ་ན་སམ་པན་ནོ། བི་ནི་ཏ་ས་མ་ད་བ་ནེ། མ་ཏ~ཾ་ཨ་གྲ་ནུག་ཏེ། ལྷ་འདི་དག་ནི་རིའི་རྒྱལ་པོ་ཏི་ས་ལ་གནས་ཤིང་ཆོས་སྨྲ་བ་དེ་དག་ལ་མིག་རྣམ་པར་དག་པ་དང་། རྣ་བ་རྣམ་པར་དག་པ་དང་། སྣ་རྣམ་པར་དག་པ་དང་། ལྕེ་རྣམ་པར་དག་པ་དང་ལུས་ཡོངས་སུ་དག་པའང་ཉེ་བར་སྒྲུབ་ཅིང་། དུས་དུས་སུ་ཆོས་སྟོན་པ་རྣམ་པར་འབྱེད་པ་རྣམས་ལ་ངག་གི་ལས་འབྲེལ་ཅིང་རྒྱུན་ཆགས་པའང་སྟོན་པར་བྱེད་དོ།། པྲ་ཏ་བ་བ་ཏི། བཻ་རོ་ཙ་ན་བ་ཏི།། བུད་དྷ་མ་ཏི། བ་སུ་མ་ཏི། དྷརྨ་མ་ཏི། ཨ་སམ་པྲ་མོ་ཤ་པ་ཏི། ཨོ་བ་ས་མན་ད་རི་བ་ཏི། ཨུ་བ་སད་ཧ་ར་ནིར་དེ་ཤ་བ་ཏི། ལྷ་འདི་དག་ནི་ཤིང་སཱ་ལའི་ཚལ་ན་གནས་པ་དག་སྟེ། སྭ། ལའི་ཚལ་ནི་ཉེ་བར་རྟེན་ཅིང་། ཆོས་སྨྲ་བ་དེ་དག་ལ་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པའང་ཉེ་བར་སྒྲུབ་པར་བྱེད། ཚིག་དབྱངས་དང་ལྡན་པ་དང་། སྙན་ཅིང་འཇེབས་པའི་དབྱངས་དང་། དགའ་བར་བྱེད་པའི་དབྱངས་ཀྱང་ཉེ་བར་སྒྲུབ་པར་བྱེད། ཚིག་སྙན་པ་དང་མི་མཐུན་པ་མེད་པའང་ཉེ་བར་སྒྲུབ་པར་བྱེད་དོ།། ནི་རཱ་ལམ་བྷེ། ཨ་གྲ་ཀ་རེ། ཀྵེ་མ་བི་ཙ་ཡེ། ནིར་བྷོ་ས་བྷ་ན་ཏི། ནིར་ཧཱ་ར་བ་ཏི་ཨོ་ཛ་བ་ཏིཾ། ཨུ་པ་ནཱ་མི་ཏེ། ཨུ་པ་སང་ཧཱ་ར་ཀ་ར་ནི། ཨ་བི་ཤ་ཐ། ཨི་ཧ་དྷཱ་ར་ཎི་མུ་ཁེ། དྷ་ར་མ་མུ་ཁེ་སྭཱ་ཧཱ། དྷརྨ་པ་ཌ་ལེ། བཀོད་པ་མཐའ་ཡས་ལྷ་འདི་དག་ནི་རིའི་རྒྱལ་པོ་གངས་ཅན་གྱི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་ཤིང་། གང་དག་ཆོས་འདི་ལ་བརྩོན་པར་འགྱུར་བའི་ཆོས་སྨྲ་བ་དེ་དག་ལ་གཟི་མདངས་ཉེ་བར་སྒྲུབ་པར་བྱེད་དོ།། དྷཱ་ར་མ་ཀཱ་མ། གྷཱར་མཚན་དཱི་ཀ། ཀ་ལྱ་ནར་ཐ་བི་སར་ཛ་ནི། ཀོའུ་ཤལྱཱ་ནུ་ག་ཏེ། ཨུ་པཱ་ཡ་སང་གྲི་ཧཱི་ཏི། བི་ནིརི་མུག་ཏེ། ཤན་ཏ་པ་ཏ་བི་ས་ར་ནི། ཨོཾ་བྷཱ་ས་ཡ་ཤ་བ་ཏི། བཀོད་པ་མཐའ་ཡས་ལྷ་འདི་དག་ནི་རྒྱ་མཚོ་ཆེན་པོའི་ངོགས་ན་གནས་ཤིང་ཆོས་སྨྲ་བ་དེ་དག་ལ་བསོད་ནམས་ཉེ་བར་སྒྲུབ་པར་བྱེད་དེ། དེ་བཞིན་གཤེགས་པ་ནི་གང་དག་མདོ་འདི་ཉན་པ་དེ་དག་གི་དོན་དུ་གསང་སྔགས་ཀྱི་བརྡ་འདི་སྟོན་པར་མཛད་དོ། ། གསང་སྔགས་འདི་དག་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འགུགས་པར་འགྱུར་བ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། མ་ཁི་པ་ཏི། བ་སུ་མ་ཏི། དེ་བ་རཱ་ཛ་ཤ་ཙ་མི་པ་ཏི། སརྦ་ཨ་སུ་རཱ་ཎཱ་ན་ནིར་གྷ་ཏ་ནི། བཛྲེ་ཡ་སུ་པྲ་ཏིཥྛི་ཏ། པྲ་མ་ར་ད་ནོ། བི་ཡ་ཨ་སུ་ར་ནཱ་ནཱ། དེ་བཱ་ན་དྷ་བ་ཏི། མ་ས་དཱ་པུ་ར་སྐྲི་ཏོ་བི་ཏེ་དེ་བེ་ཧཱི། ཤོ་བཱ་སེ་བཱ་ས་བ་སད། པུ་རན་ད་ར། མ་ཧཱ་ཀེ་ཏུ་ཏཱ་པོ་སི། ཨ་སུ་ས་མ་དཱ། དྷཱ་ཛ་གྲན་ཏ་བ་པ་ཤྩིད་ཏཱ། བིད་ཏྲད་སི་ཏ་མ་ཧཱ་ཨ་སུ་རེན། དྲ་ས་བ་ལ་བར་ཏི་བྷི་ཏ། ཏྲསྟ་དི་ཤོ་དི་ཤ། ན་མན་བུད་དྷཱ། སྱ་ཀཱི་རི་ཏི་ཤྩེ། ནཱ་མ་གོ་ཏྲན་མ་ཧཱ་ཡ་ཤ། དེ་བ་པུ་རཱསྨི་སད་གྲཱ་མེ། བུད་དྷ་ཤབ་དྷ། ཨ་ནུད་ཏ་རང་ཤྲཱ་བ་སི་ཏི་བ་བི་ཛ་ཡ། ན་མ་བུད་དྷ་བི་བྷཱ་ཤི་སང་གྲ་མཚན་དས་བི་དྷཱ་བུད་དྷཱ་ན་མེ་ན་བཱ་ཧི་ཏ། བི་ཛི་ཡེ་སོ་ཏ་ཏེ། དེ་བ་ཨ་སུ་རཱ་ཤྩ་བི་ནཱི། ཏ་བཱན་ཀྲི་ཏ་ཏེ། རཀྵ་དེ་བཱ་ནཱ་ན། མ་ནུ་ཤྱ་ནཱན། རཀྵ་སམ་བི་ད། ཡང་ཨ་ཧི། རྔརྗེ་ནི་རངེན་ཨོ་ཏ་རན་ཏི། སུ་པྲྀ་ཏོཥྛ་ཏཱཾ། ནི་གྲྀ་ཧཱི་ཏི་དྲ་ཡ། ཨ་སུ་རཱ་རཱ་ཀྵ་ཀིན་ནི་རཱན་གཱ་ཀུམ་བཱན་ར། བྷུ་ཏནཱི། བི་ཤཱ་ཙཱ་དཱན་པཱ་ཏཐཱ། ཨ་ཙ་ལཱ་སྟན་པྲཱ་བི་ཏི་ས། ཨིན་ཏྲ་ཨན་རུ་སྭ་ཏ། ཨཏ་གམ་བྷཱི་ར་ཤན་ཏན་ཙ། ཨ་གྲ་པུ་རུ་ཤ་སེ་བི་ཏ། མུད་དྲ་བན་ཏོ་ས་དཾ་བེན་ཏྲ། བུད་དྷི་མཱན་ཏ་ཐཱ་བི་ཤུད་དྷ། ཨཱ་བྷེ་ཤི་ཨི་ཧཱ་སུ་ཏྲསྨི་རཀྵ་སམ་བིད། ཏ་ཧི་ཙ། ས་ཧ་སྲ་ནེ་ཏྲེ་སུ་མུ་ཁ། ཨ་བ་ས་རེ་པ་རི་བཱ་ར་ཏ། ཨུ་པ་བུན་ཛ་སྭ་ཀ་ཀ་ར་མ་པཱུ་བ་ཧེ་ཏུ་སྨི་ཡད་ཀྲི་ཏ་མ། ཨ་ཏི་པ་ཤྩ་ཨ་ནུ་པྲ་བ་ཏ། ཨ་ཙ་ལ་སུ་པྲ་ཏིཥྛི་ཏ། ཀྲི་ཏད་ཧི། ཀུ་ཤ་ལང་པུར་བེ། མ་ནུ་ཤ་ཤུ་མ་བ་ཏི། པུ་རྦང་ག་མོ་སི་དྡྷེ་བཱ་ནཱན་པུ་ཙེ་ན་ཏི་ནཱ། ཙ་མ་ནུ་ཤཱ། བུད་དྷཱ་སྱ་ཀྲིད་ཏྲ། སད་ཀཱ་རང་པཱུ་ཛཱ་བེ་ཤྱ་ཏི་ཏེ། བ་ཧུ། མ་ཧཱ། ཙ་མཱ་ནེ་བ་བི་རང་བྷ་ག། ན་མ་བ་ཤོ་བྷ་ཏེ། དེ་བཱ་ལ་ཡ་སྱ་མ་དྷ་སྨི་ཡ་ཀྵོ་ཡི་བ་རི་པཱ་རོ། པྲ་ལམ་བ་ཧུ་ཏ་བ་སྐ་བི་ཤད་ཨ་གྲ་བཱ་ཧི་སཱ་ཏི་མ་ཏི། སུ་ར་ཏ་བ་ཧི། ས་ར་ཏ་ཐཱ་པྲ་བྷུ་སྐན་དྷ། ཨ་ནི་ལ་ཙ་མཱ་ར་ཙཱ་མ་ཧཱ་བྷཱ་གི་མ་ཧཱ་སྐན་དྷ། མ་ཧཱ་ཧེ་སུ་པྲ་ཏཱི་བ་མ་ཧཱ་བ་ལམ། ཨེ་ཏེ། ཡཀྵ་མ་ཧཱ་ཏེ་ཛ། རཀྵ་ན་ཏི་བྷ་བ་ནན་ཏ་བ། བ་ཧུ་ནཀྵ་པ་རི་བཱ་ཧོ། ཡེ་ནཱ་ཤོ་བྷ་སི་བ་ས་ཙ་བ་སུ་སརྦ་བ་སུ་ཏ་མ་ཧཱ་ཏེ་ཛ་མ་ཧཱ་ག་ཎི། མ་ཧཱ་པྲ་ཧ་ར་ཎོཙྪ་བ་ཨ་བི་ནི་ར་ཧཱ་ཧ་ཡཱ་ཏ་ཐཻ་བ་ཙ། སུ་མེ་རུ་མཱུ་ར་ནི་ཏི་བ་བཱ་ས་བ་ས་ར་བ། དེ་བ་པུ་ར་སྐྲི་ཏོ། ཤོ་བྷ་བ་ན། ཨོཾ་བ་སམ་པྲ་བྷ་མུན་ཙ་སི་ཏི་ཛི་ས། འདི་དག་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན། དབབ་པའི་ཚིག་ཡིན་ཏེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་འགུགས་པར་འགྱུར་རོ།། དེ་ལ་འདི་དག་ནི་མ་འོངས་པའི་དུས་ན། སེམས་ཅན་གང་དག་བྱང་ཆུབ་ལ་ཡ་པར་ཞུགས་ཏེ། ཆོས་རྣམས་ཡང་དག་པར་འཛིན་ཅིང་། སེམས་ཅན་རྣམས་ཆོས་ཡང་དག་པར་བསྡུ་བ་ལ་མཁས་པ་ཉེ་བར་གནས་པར་འགྱུར་བའི་གསང་སྔགས་ཀྱི་ཚིག་ཡིན་ནོ། ། ལུས་ངན་པ་ཡི་བུ་ཐུ་བོ།། གནོད་སྦྱིན་ཡང་དག་ཤེས་ཤེས་བྱ།། ཁྲོ་མེད་རྩོལ་བ་མེད་གནས་ཏེ།། ཕ་དང་བཅས་ཏེ་རྟག་ཏུ་ནི།། ཆོས་འདི་དག་ལ་དགའ་བ་གང་། དེ་ལ་སྲུང་བ་བྱེད་པར་འགྱུར།། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་།། འཁོར་དང་བཅས་པས་རྟག་ཏུ་ནི།། ལེགས་པར་བཤད་པ་མདོ་ཡི་སྡེ།། འདི་ལ་སྲུང་བ་བྱེད་པར་འགྱུར།། མིག་མི་བཟང་ཞེས་བྱ་བ་ནི། ། རང་གི་འཁོར་བཅས་སྟོབས་དང་ལྡན།། ཚུལ་འདི་ལ་ནི་གང་གནས་པ།། དེ་དག་ཐམས་ཅད་སྲུང་བར་འགྱུར།། དེ་བཞིན་རྒྱལ་པོ་འཕགས་སྐྱེས་པོ།། བཞོན་བཅས་སྟོབས་དང་ལྡན་པ་སྟེ། ། ཆོས་འདི་དག་ལ་འདོད་པ་གང་།། དེ་དག་ཀུན་ཏུ་སྲུང་བར་འགྱུར།། ས་ནི་བེ་ཤ་ནི་མ་ཧཱ་ས་རི། མ་ཧཱ་ག་ནི། མ་ཧཱ་ཛ་ནི། པྲ་བྷཱུ་ཏ་བི་ཛི་ཡེ་དྷྭ་ཛཱ་གྲ་ཨུ་བ་བཱ་ས་ནཾ། ཨི་ནཱི་ལེ་ས་ན། ཏུ་ས་ཧ། ནན་བ་ནད་ཤི་ད་།། ཙད་ཏཱ་ར་ལོ་ཀ་པཱ་ལཱ་ནི་ཏུསྨེ་རཱ་ཛ་ན་ཨུད་ཙྱ་ཐ། ཨཱ་བེ་ཤ་ན་ཨི་ཧ་ས་མན་ནཱ་ཧཱ་རཐ། པྲ་ཛེ་ནི་གྲོ་ཧི། སརྦ་ཙ་ཏུར་དཻ་ཤ་བཀོད་པ་མཐའ་ཡས་འདི་ནི་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས། གཡོག་དང་བཅས། བུ་དང་བཅས། ཆུང་མ་དང་བཅས། རྗེས་སུ་འབྲང་བར་བཅས་པ་རྣམས་དཔབ་པའི་རིགས་ཡིན་ནོ། ། ཤར་གྱི་ཕྱོགས་ན་གནས་པ་ཡི།། སྲིན་མོ་རྒྱལ་མཚན་ཏོག་དང་ནི།། ཏོག་ཆེན་དང་ནི་སྟོབས་ཆེན་མོ།། གྲགས་པ་ཆེན་པོ་གང་ཡིན་པ།། དེ་དག་ཀུན་ཏུ་འབེབས་འགྱུར་ཞིང་། ། དེ་དག་ཐམས་ཅད་འཁོར་བཅས་ཏེ།། རྟག་ཏུ་ཆོས་ཀྱི་སྒོ་འདི་ལ།། སྲུང་བ་བྱེད་ཅིང་ཉེ་བར་གནས།། རབ་འཕྱང་རྣམ་པར་འཚེར་བ་དང་།། དོན་གྲུབ་མ་དང་འཕྲོག་མའི་བློ།། དེ་དག་ཐམས་ཅད་ཉེ་བར་ནི། ། ལྷོ་ཡི་ཕྱོགས་ན་གནས་པ་ཡིན།། དེ་དག་ཡང་དག་འདིར་བབས་ནས།། གཟི་མདངས་ཉེ་བར་སྒྲུབ་བྱེད་ཅིང་།། སྲུང་བའི་མཆོག་ཀྱང་བྱེད་འགྱུར་བར།། ཐམས་ཅད་གཟིགས་པས་ངེས་པར་བསྟན། ། སྲིན་མོ་ལ་བ་ཅན་དང་ནི།། སྡོམ་པ་དང་ནི་སྒྲ་སྒྲོགས་དང་།། འདྲེས་པ་གྲགས་དང་ལྡན་པ་གང་།། ནུབ་ཀྱི་ཕྱོགས་ན་གནས་པ་སྟེ།། དེ་དག་ལྷན་ཅིག་ཀུན་བབས་ནས། ། ཆོས་འདི་དོན་ཤེས་གང་ཡིན་པ།། དེ་ལ་ཆོས་བསྟན་བྱ་བའི་ཕྱིར།། རྟག་ཏུ་སྲུང་བ་བྱེད་པར་འགྱུར།། སྒོ་དེ་ལ་ནི་མ་དད་དང་།། དེ་བཞིན་བདེན་དང་བདེན་མིན་ལྡན།། སྲིན་མོ་གྲགས་ཆེན་དེ་དག་ནི། ། བྱང་གི་ཕྱོགས་ན་གནས་པ་སྟེ།། དེ་རྣམས་ཡང་དག་འདིར་བབས་ནས།། དེ་བཞིན་གཤེགས་པའི་གཟི་བརྗིད་ཀྱིས།། མི་མཆོག་བསྲུང་བ་བྱ་བའི་ཕྱིར།། ཐམས་ཅད་ཐལ་མོ་སྦར་ཏེ་འཁོད། བཀོད་པ་མཐའ་ཡས་དེ་ལ་བདུད་སྡིག་ཅན་ཚར་གཅོད་པའི་ཚིག་དང་། ཚངས་པ་དབབ་པའི་ཚིག་གང་ཡིན་པ་དེ་དག་བསྟན་པར་བྱས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག། མཻ་ཏྲེ་མི་ཏྲ་བ་ཏེ། ཀཱུ་རུ་ནེ། ཀཱ་རུ་ཎཱ་ཁ་ཏི། བི་བུད་དྷི། བི་བུད་དྷ་བ་ཏི། བྲ་མོ་ཙ་ནི། བྲ་མོ་ཙན་པ་ཏི། ཀྲི་ཏ་ཀྲི་ཏ་བ་ཏི། ཨ་ནུ་ག་མེ། ཨ་ནུ་ག་མ་པ་ཏི། ཨུ་པཱ་ཏཙྪེ་ད་ནི། ཀཱ་མ་བི་བརྫ་ནི་ཏྲིཤྣ་ས་མུད་ཤོ་ཤ་ཎི། ནི་གྲི་ནི་ཧཱ་ཏི་མཱ་ར་བ་ལང་། ཨུ་ཏ་ར་ན་པ་ཏི། པྲ་ཏྱུད་ཏ་ར་ཎ་བ་ཏི། ཨུ་བཀྵ་ནུ་ས་ཧི་ཏེ། ཨ་རམ་བ་ན་བི་ཤོ་དྷ་ནི། ནི་དར་ཤ་ན། ཨ་ས་མོ་ཧ་ནི། ནི་སྨྲ་པན་ཙ་པ་ནི། བཀོད་པ་མཐའ་ཡས་འདི་དག་ནི་བདུད་སྡིག་ཅན་ཚར་གཅད་པའི་ཚིག་ཡིན་ཏེ། དེ་དག་གིས་བདུད་སྡིག་ཅན་དཔུང་དང་བཅས་ཤིང་བཞོན་པར་བཅས་པས་གླགས་རྙེད་པར་མི་འགྱུར་རོ། ། དེ་ལ་ཚངས་པ་ཆེན་པོ་དབབ་པའི་ཚིག་གང་ཞེ་ན། ཨ་ཐི་པ་ཏི། མ་ཧཱ་སྠཱན་པཏི། སྭ་ཡ་ཀྲི་ཏ་སྠཱ་ན་མི་ཏི། ནན། བ་ཧ་བི་བི་དྷ་པྲ་ཏྱཱ་པ། སྠཱ་ན་ཀ་ར་ན། ཨ་དྷི་ཀ་སྠཱ་ན་པ་ཏི། ཤུད་དྷསྠཱ་ན་ག་ཏོ་ས་ཧ་མ་བ་ཏི། ཨ་ཏི་ཀྲ་ན་ཏ་བི་ཤོ་ཥ་ཎ། ཤུ་བྷ་བ་རི། པ་ར་ཤུ་བྷྲྀ་དྷི་མུག་ཏ། པྲ་བ་ཏ། ཤྲཱི་ཏ་ནི་བ་ས་ན། པྲ་བྷུ་ཏ་པྲ་བ་ནི། གྲ་ཧེ་ཏ། ཀཱ་མ་མ་སྲྀ་སྟི། ཀཱ་མ་མ་པྲ་ཏྱཱ་བེ་སྠཱ་ན། འདི་དག་ནི་ཚངས་པ་ཆེན་པོ་དབབ་པའི་ཚིག་ཡིན་ཏེ། དབབ་པའི་ཚིག་འདི་དག་གིས་ཚངས་པ་ཆེན་པོ་ཆོས་སྨྲ་བ་དེ་དག་ལ་ཚིག་དང་ཡི་གེ་ཡོངས་སུ་དག་པ་དང་། ཚངས་པར་སྤྱོད་པ་ཤིན་ཏུ་མཉམ་པར་གཞག་པ་ཡོངས་སུ་རྫོགས་པ་ཉེ་བར་སྒྲུབ་པར་བྱེད་དོ།། བི་ཤོ་དྷ་ན་པ་ཏི། ཨན་ཏི་མ་ཀྵ་རུ་ཎཱི་ཀཱ་མ། བྷ་བ། ཨུ་སཱ་ཏ་ནི། བ་ར་ནི་ར་མི་ཏཱ་ནི། བརྱན་ཏ་པྲ་ཏྱཱ་པ་སྠཱ་ན། བརྱ་བ་སཱ་ན། ཨ་ལ་ས་བི་ཤོ་དྷ་ནི། ཨ་ཛྙཱ་བརྱན། ཏེ་ཀ་ར་ཎི། ཨན་ཏི་མ་དེ་ཤ་པྲ་ཏྱཱ་སྟན། བཀོད་པ་མཐའ་ཡས་འདི་དག་ནི་གནས་གཙང་མ་པའི་རིས་ཀྱི་ལྷ་རྣམས་ཀྱི་ཆོས་སྣང་བའི་ཚིག་ཡིན་ཏེ། ཆོས་སྣང་བའི་ཚིག་དེ་དག་གིས་རིགས་ཀྱི་བུ་དེ་དག་ལ་ཆོས་ཀྱི་གཞི་འདི་ཉེ་བར་སྒྲིསྒྲུབ་པར་འགྱུར་རོ། ། བཀོད་པ་མཐའ་ཡས་དེ་ལ་ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། སེམས་ཅན་གང་དག་མཐུ་ཆེ་བ་འམ། མཐུ་ཆུང་བའང་རུང་། དད་པ་འམ། མ་དད་པའང་རུང་སྟེ། དེ་དག་གིས་གསང་སྔགས་ཀྱི་ཚིག་ཉེ་བར་བསྒྲུབ་པར་བྱའོ།། དེ་ནས་སེམས་ཅན་དད་པ་ཅན་རྣམས་ནི་ཆོས་བསྟན་པ་འདི་ལ་མཆོག་ཏུ་འཇུག་པར་འགྱུར་ལ། སེམས་ཅན་མ་དད་པ་དེ་དག་ཀྱང་ཅང་མི་སྨྲ་བ་དང་། བཏང་སྙོམས་སུ་འཇོག་པར་འགྱུར་གྱི། རྩོད་པ་དང་འགྱེད་པར་ཡང་མི་འགྱུར་ལ། ཆོས་ཀྱི་སྒོ་འདི་ཐ་མ་ལ་བར་འཇོག་གི། གནོད་པར་བྱ་བ་དང་། ཉེ་བར་གནོད་པར་བྱ་བ་དང་། ཚར་གཅོད་པའི་ཕྱིར་འོང་བར་ཡང་མི་འགྱུར་རོ།། དེ་ལ་དད་ཅིང་དང་བ་རྣམ་དབབ་པའི་ཚིག་གང་ཞེ་ན། གུ་རུ་ད་རེ། ཨ་ཙ་ལེ། སྭ་ཏི་ནིར་ཧཱ་ར་ཀོ་བི་ཏི། ནིར་ཛ་ན་པྲ་ཏི་བི་ལོ་ཡེ་ཏེ། ཙིད་ཏ་སན་ཙ་ནི་ཙིང་ཏ། པ་ར་བ་ག་ཀེ། ཙི་ཏ་སམ་པྲ་ས་དཱ་ནི། མ་ན་སྱ་ཧ་རིག་ཀར་ཎཱི། བིཛྙཱ་ན་སྱ་ཨ་ནུསྭ་སྟི། ཨ་ནུ་དྷར་མོན་པཀྵཎེ། ཧེ་ཏྱ་ས་ནད་རིག་ནི། ཏརྠ་ཨཀྵ་པ་ཏ་ནིརི་དེ་ཤ་ཤོ་ཐཻ་བ། ཡ་ཐཱ་ག་ཏ་ཡ་ཐཱ་ནུ་ཀཱུ་ལ་ས་མ། ཨུ་པ་མ་ནིར་དེ་ཤ་ཤ་དྷ་ཏ། དང་ཏྲ་ཀཱ་ལེ་ན་ཙ་ཀར་ཏ་བ་བྱཱ། སམ་པྲ་ས་ད་ནར་ཐ་ཏོ་ས་མ། ཡང་ཐཱ་ནུ་ཀུ་ལན་ཙ་མུ་ཁ། ཨུ་པ་སང་སྭ་ར་ལོ་ནི་ཤ། ཨཱ་ཀཱ་ཤ། སྱཻ་བི་ཤུད་དྷི་ས། ཡ་ཐ་ཤ་དྷ་ཏི་ལཀྵ་ཤ་ནཱ་ལ་ཀྵི་ཎི། ལཀྵ་ན་པ་ཏི་ལཀྵ་ཎི་བི་ཤོ་ད་ནི། པྲ་ཏི་བེ་དྷ་ར་ཐ་སན་དད་རིག་ནི་ཀུ་ཤ་ལ་བྷོ་ཐ་སར་བེ་ཧ་པྲཿ་ཙ་ཡེ། ས་མོ་ས་ར་ནི། ཀྲྀ་ཏཱ་ནུ་རཀྵི། སད་དྷཱར་ཐེ། སད་ཏཱ་ནཱན་སུ་ཐི་ཤོ་དྷི་ཏི། བཀོད་པ་མཐའ་ཡས་འདི་དག་ནི་ངང་པ་རྣམས་དབབ་པ་ཉེ་བར་སྒྲུབ་པའི་ཚི་ག་ཡིན་ཏེ། འདི་དག་གིས་ཆོས་སྨྲ་བ་དེ་དག་ལ་འདི་ལས་ཇི་ལྟར་བསྟན་པ་བཞིན་དགེ་བའི་རྩ་བ་དོན་དང་ལྡན་པ་ཉེ་བར་སྒྲུབ་པར་བྱེད་པར་འགྱུར་རོ། ། དེ་ལ་མ་དད་པ་རྣམས་ཚར་གཅད་པའི་ཚིག་གང་ཞེ་ན་ཀཱ་མེ་ཀྵ་མ་བ་ཏི། མཻ་ཏྲི་པ་རི་ཀར་མ། པྲ་ཏྱུ་བ་སྠཱ་ནེ། ཀཱ་རུ་ན་པྲ་ཏི་ལེ་བྷ་ཧི་ཏེ་ནུ་ཀ་མ་པ་ས་ན། ཛ་ན་ནི། སང་གྲ་ཧ་བསྟུ་ཧི་ཏ། བསྟུ་སན་ད་རི་ཤ་ནི། བ་རི་བརྡྷ་ནི་བར་ཛ་ན~ཾ། བཱ་བ་མིང་ཏྲ། སེ་བ་ནི། ན་ཏ་ཥྛ་ཏི་། སྠཱ་ཏ་བ་བྱ། ཡད་ཏྲ་བ་གྲྀ་ཧ་བ་ར་ཏི་ཏི། སརྦ་གྲན་ཐ། པྲད་ལ་ཏི། ཨུ་བཙཱ་ར་སན་ད་རི་ཤ་ནི། ནི་ཤྲ་ཡ~ཾ་བི་གོ་དྷ་ནི། ཨད་མཱ་ནུ་ག་མ། པ་ར་ཨུ་པ་སང་ཧ་ར་ཎི། ནིར་མིན་ནི་ཨ་ནུ་རཀྵ་པྲ་ཏྱུ་བ་སྠཱ་ནེ། བཀོད་པ་མཐའ་ཡས་འདི་དག་ནི་སེམས་ཅན་མ་དད་ཅིང་མ་དང་བ་རྣམས་ཚར་གཅད་པའི་ཚིག་ཡིན་ཏེ། དེས་ན་དེ་དག་ཉེས་པ་མཐོང་བར་འགྱུར། བཀོད་པ་མཐའ་ཡས་ཆོས་དགེ་བ་ལའང་ཕྱིར་རྒོལ་བ་མང་བ་ཡིན་ན། ཆོས་འདུལ་བ་བླ་ན་མེད་པ་ཉེས་པ་ཐམས་ཅད་འཇོམས་པར་འགྱུར་བ། རྩོད་པའི་མདུད་པ་ཐམས་ཅད་སྤོང་བར་འགྱུར་བ་འདི་ལ་ལྟ་སྨོས་ཀྱང་ཅི་དགོས། བཀོད་པ་མཐའ་ཡས་སེམས་ཅན་མ་དད་ཅིང་མ་དང་བ་དེ་དག་ཀླན་ཀ་བཙལ་བའི་བསམ་པ་དང་། གནོད་སེམས་ཀྱི་བསམ་པ་མང་པོ་དང་། རྣམ་པར་མཐོ་བ་ཙམ་པའི་བསམ་པས་ངའི་དྲུང་དུ་ཉེ་བར་འོང་བ་ལ་ལྟོས། དེ་བཞིན་གཤེགས་པ་ནི་དེ་དག་གི་སེམས་ཀྱི་སྤྱོད་པ་དང་གཡོ་བ་མཁྱེན་ནས་ཅི་ནས་ཀྱང་དགེ་བའི་རྩ་བ་དང་ལྡན་ཞིང་རྣམ་པར་རྟོག་པ་སྤོང་བ་དང་། དགེ་བའི་རྩ་བའི་རྒྱུའང་ཡོངས་སུ་འཛིན་པར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་སྒོ་དག་གིས་ཡང་དག་པར་སྐུལ་བར་མཛད་དོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའང་རབ་ཏུ་མཁྱེན་ལ། སེམས་ཡང་དག་པར་བསྡུ་བའང་རབ་ཏུ་མཁྱེན་ཏོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པ་ཡིན་ནོ།། བཅོ་བརྒྱད་པོ་གང་དག་ལ་གནས་ཞེ་ན། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ལེན་པ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་འོ།། ཅ་ཅོ་མི་མངའ་འོ།། བསྙེལ་བ་མི་མངའ་འོ།། སོ་སོར་མ་བརྟགས་པའི་འགོག་པ་མི་མངའ་འོ།། འདུ་ཤེས་ཐ་དད་པ་མི་མངའ་འོ།། སེམས་མཉམ་པར་མ་གཞག་པ་མི་མངའའོ།། བརྩོན་འགྲུས་ཉམས་པ་མི་མངའའོ།། དྲན་པ་ཉམས་པ་མི་མངའ་འོ།། འདུན་པ་ཉམས་པ་མི་མངའ་འོ།། ཏིང་ངེ་འཛིན་ཉམས་པ་མི་མངའ་འོ།། ཤེས་རབ་ཉམས་པ་མི་མངའ་འོ།། རྣམ་པར་གྲོལ་བ་ཉམས་པ་མི་མངའ་འོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མི་མངའའོ།། དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་མངོན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན། དེ་བཞིན་གཤེགས་པའི་གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན། དེ་བཞིན་གཤེགས་པའི་ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན། དེ་བཞིན་གཤེགས་པ་ནི་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་ཡིན། དེ་བཞིན་གཤེགས་པ་ནི་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་ཡིན། དེ་བཞིན་གཤེགས་པ་ནི་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་དང་ལྡན་པ་ཡིན་བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ཡེ་ཤེས་མཐོང་བའི་སྟོབས་ཚད་མེད་པ་དང་ལྡན་པས། སེམས་ཅན་མ་དང་བ་རྣམས་དང་བར་བྱ་བ་དང་། སེམས་ཅན་དང་བ་རྣམས་ཆོས་འདུལ་བ་འདི་ལ་ཡེ་ཤེས་རྣམ་པར་དག་པ་ཐོབ་པར་བྱ་བའི་ཕྱིར། གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བའི་ཆོས་རིམ་པར་ཕྱེ་བ་སྟོན་པ་བརྗོད་པར་མཛད་དོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་བཞེད་ན་གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ། ཚིག་ཏུ་བརྗོད་པ། ཚད་མེད་པ་སྟོན་པར་མཛད་དེ། དེ་བཞིན་གཤེགས་པས་ཚད་མེད་པ་བསྟན་ཀྱང་། གཟུངས་ཀྱི་སྒོ་བསྟན་པའི་ཆོས་ཐེ་ཙོམ་ཐམས་ཅད་གཅོད་པར་བྱེད་པ་འདིའི་བརྒྱའི་ཆ་ནས། བྱེ་བ་ཕྲག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། དཔེ་དང་། མཙམ་ཡང་ཉེ་བར་བསྟན་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྒོ་འདི་ནི་སྒྲ་ཚད་མེད་པ་ཡིན། སྒྲོ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། སྒོ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། བཀོད་པ་མཐའ་ཡས་དེའི་ཕྱིར་དེ་བཞིན་གཤེགས་པས་ཅི་ནས་ཀྱང་།། ཁྱེད་ཀྱིས་ཆོས་ཀྱི་སྒོ་ཚད་མེད་ཅིང་མཐའ་ཡས་པ་འདི་ཀུན་ཤེས་པར་འགྱུར་ཞིང་། གཟུངས་ཐོབ་པར་བྱ་བའི་ཕྱིར། ཆོས་ཀྱི་སྒོ་འདི་རྣམ་གྲངས་དུ་མས་ཁྱེད་ལ་སྟོན་པར་མཛད་དོ།། ཨཱརྱེ། ཨཱརྱ་བ་ཏི། ཨཱརྱཱ་ནུ་ག་ཏེ། ནི་ཐ་ནེ། ནི་ཐཱན་པ་ཏི། བར་ཏོ་བ་ར་མེ། བར་ཏོ་བཙེད་ན་ཀ་ར་ནི། ཨཱ་ཀཱ་ཤ་བི་ཤོ་དྷ་ནི། ཨ་ནུ་ཀྵེ་བ་ནི། ཨ་བི་ག་ཏ་པ་ར་མེ། ཨ་ནུ་བ་ག་ཏི་ནི། ནིར་བ་ན་པ་ཐ་བི་ཤོ་དྷ་ནི། བྱ་བ་ནི་ཀྵི་པ་ཏི། ཨ་ནུད་པཱ་ད་བི་རོ་དྷ་པ་ར་མེ། སརྦ་ཛྙཱ་ནིར་བཱ་ཎ། སན་དྷ་རི་ཤ་ནི། བཀོད་པ་མཐའ་ཡས་འདི་དག་ནི་གཟུངས་ཀྱི་སྒོ་མངོན་པར་སྒྲུབ་པ་སྟོན་པའི་ཆོས་རིམ་པར་ཕྱེ་བ་འདིར། གཟུངས་ཀྱི་སྒོ་ཕྱག་རྒྱ་རྣམ་པར་སྦྱོང་བའི་ཚིག་གི་རྣམ་གྲངས་བསྟན་པ་ཡིན་ཏེ། ཚིག་འདི་དག་ཀུན་བཟུང་བས་བྱང་ཆུབ་སེམས་དཔའ་ཚེགས་ཆུང་ངུས་ཚིག་རབ་ཏུ་དབྱེ་བ་ཤེས་པ་མཁས་པའང་རྟོགས་པར་འགྱུར། སྙིང་རྗེ་ཆེན་པོ་དང་ཡང་ཉེ་བར་འགྱུར། དོན་གྱི་རྗེས་སུ་སོང་བའི་བློས་ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཤེས་རབ་ཀྱང་རྟོགས་པར་འགྱུར་རོ། ། བཀོད་པ་མཐའ་ཡས་ཚིག་འདི་དག་ནི་སྨན་ཆེན་པོ་ཡིན་ཏེ། མ་རིག་པ་དང་མི་ཤེས་པའི་ནད་ཀྱི་མུན་པ་མུན་གནག་སྨག་ཏུ་གྱུར་པ་རྣམས་ཉེ་བར་ཞི་བར་བྱེད་ཅིང་། རིག་པ་དང་མཐུན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་ཡིན། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བ་དང་མཐུན་པའི་ཆོས་ཤེས་པ་ལ་མཁས་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན། ལྷའི་མིག་མངོན་པར་སྒྲུབ་པ་རིག་པ་དང་མཐུན་པའི་ཆོས་ཤེས་པ་ཐོབ་པར་བྱེད་པ་ཡིན། ཟག་བཟད་པ་ཤེས་པ་མངོན་དུ་བྱ་བ་རིག་པ་དང་མཐུན་པ་ཕུང་པོ་ཐམས་ཅད་ངེས་པར་སྤོང་བར་བྱེད་པ་ཡིན། བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་མཐོང་བ་བླ་ན་མེད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཐོབ་པར་བྱེད་པའང་ཡིན་ནོ།། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་རྒྱ་ཆེན་པོ་ཇི་ཙམ་དུ་ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ལ་ལྟོས། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཆེན་པོ་དང་ལྡན་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། སྟོབས་དང་། མི་འཇིག་པ་ལ་ཤིན་ཏུ་གནས་ཏེ། ཆོས་རིན་པོ་ཆེའི་མཛོད་བླ་ན་མེད་པ་བསྐལ་པ་བྱེ་བ་འབུམ་ཕྲག་དུ་མར་དགེ་བའི་རྩ་བས་ཡང་དག་པར་བསྒྲུབས་པ་འདི་ངེས་པར་བསྟན་ཅིང་རབ་ཏུ་ཕྱེ་བའོ། ། དེའི་ཕྱིར་དེ་བཞིན་གཤེགས་པས་ཁྱེད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ལ་ཡོངས་སུ་སྨིན་པར་བྱ། བ་དང་། ཆོས་ཀྱི་ཚུལ་མངོན་པར་སྒྲུབ་པ་ལ་མཁས་པར་བྱ་བའི་ཕྱིར་ཆོས་ཀྱི་སྒོ་འདི་ལ་འཇུག་སྟེ། གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བའི་ཆོས་རིམ་པར་ཕྱེ་བ་བསྟན་པ་འདི་བྱིན་གྱིས་རློབ་པར་མཛད་དོ།། བཀོད་པ་མཐའ་ཡས་རིགས་ཀྱི་བུ་འམ་། རིགས་ཀྱི་བུ་མོ་བྱང་ཆུབ་དེན་དུ་གཉེར་བ། དེའི་རྗེས་སུ་སློབ་པར་འདོད་པ། ངའི་ཆེས་རློས་རྗེསུ་སློབ་པར་འདོད་པ། དེ་བཞིན་གཤེགས་པ་རྣམ་ཀྱི་ཆོས་ཀྱི་གཏེར་ཚད་མེད་པ་ཀུན་གཟུང་བར་འདོད་པ་རྣམས་ཀྱིས་ཆོས་བསྟན་པ་འདི་ལ་མངོན་པར་བརྩོན་པར་བྱའོ། ། བཀོད་པ་མཐའ་ཡས་འདི་ལ་འདུན་པ་དང་། བརྩོན་འགྲུས་དང་། བག་སོད་པའི་ཚུལ་ཅན་ཁམས་གསུམ་པ་ཐམས་ཅད་ལ་མི་ལྟ་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཡིད་ལ་བྱེད་པས་ལེགས་པར་བྱིན་གྱིས་བརླབས་པ། གཟུག། ལ་དམིགས་པ་རྣམ་པར་དག་པ་ལ་མཁས་པར་བརྩོན་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་དམིགས་པ་རྣམ་པར་དག་པ་ལ་མཁས་པར་བརྩོན་པ། བདེན་པའི་ཚིག་རྣམ་པར་སྒྲུབ་པ་རྣམ་པར་དག་པ་ལ་མཁས་པར་བརྩོན་པ་རྣམས་ཀྱིས་ཆོས་ཐམས་ཅད་ལ་རྣམ་པར་དག་པའི་ཡེ་ཤེས་འདོད་པར་བྱའོ།། ནང་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པའོ། ། ནང་དབེན་པའི་ཕྱིར་ཆོས་ཐམས་ཅད་དབེན་པའོ།། ནང་ཉེ་བར་ཞི་བའི་ཕྱིར་ཆོས་ཐམས་ཅད་ཉེ་བར་ཞི་བའོ།། ནང་ཉེ་བར་ལེན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཉེ་བར་ལེན་པ་མེད་བའོ། ། ནང་སྤོང་བའི་ཕྱིར་ཆོས་ཐམས་ཅད་སྤོང་བའོ།། ནང་འགོག་པའི་ཕྱིར་ཆོས་ཐམས་ཅད་འགོག་པའོ།། ནང་འདུ་བྱེད་པ་མེད་པས་ཆོས་ཐམས་ཅད་འདུ་བྱེད་པ་མེད་པའོ།། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའི་སྒོ་འདི་དག་ནི། ནང་རྣམ་པར་དག་པར་བྱེད་པར་འགྱུར་བ་ཡིན་ནོ།། ཕྱི་རོལ་རང་བཞིན་གྱིས་རྣམ་པར་མི་རྟོག་པའི་ཕྱིར་གང་དུའང་རློམ་པར་མི་བྱེད་པས། གཟུངས་ཀྱི་སྒྲ་ཡོངས་སུ་དག་པའང་ཀུན་འཛིན་པར་འགྱུར། ང་རྒྱལ་མེད་པའང་ཐོབ་པར་འགྱུར། རྗེས་སུ་འཆགས་པ་དང་ཁོང་ཁྲོ་བའང་སྤོང་བར་འགྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བསྔགས་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུའང་འགྱུར། དབང་བླ་ན་མེད་པའང་བྱེད་པར་འགྱུར། ཡེ་ཤེས་ཆགས་པ་མེད་པ་བསྟན་པ་ལའང་དགའ་ཞིང་སྤོབས་པ་ཐོབ་པར་འགྱུར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྣམ་པར་དག་པ་ཤེས་པའང་ཀུན་འཛིན་པར་འགྱུར། དབུས་ཉེ་བར་ཞི་བའང་རྗེས་སུ་དྲན་པར་འགྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་བརྟེན་ནས་སྨོན་ལམ་གྱི་ཁྱད་པར་ཡང་རྟོགས་པར་འགྱུར། སྨོན་ལམ་ཡོངས་སུ་དག་པའང་ཐོབ་པར་འགྱུར། ཆོས་ཐམས་ཅད་ཤེས་པ་ལ་མཁས་པ་ཐུན་མོང་མ་ཡིན་པའང་ཀུན་འཛིན་པར་འགྱུར། ཚིག་བཙུན་ཞིང་ཆོས་ཀྱི་ཆར་ཆེན་པོའང་འབེབས་པར་འགྱུར་རོ། ། བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔས་སྨོན་ལམ་གྱི་ཁྱད་པར་ཐོབ་ནས། མི་སྐྱེ་བའི་ཆོས་ལ་བཟོད་པའང་ཐོབ་པར་འགྱུར་ཞིང་། ཆོས་ཐམས་ཅད་རྣམ་པར་དག་པའང་ཀུན་ཏུ་འཛིན་པར་འགྱུར་ལ། འདི་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ་ཞེས་བྱ་བར་ཤེས་པའང་མངོན་པར་སྒྲུབ་པར་འགྱུར། འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་མ་བྱུང་བ་ལས་བྱུང་བ། བྱུང་ནས་ཀྱང་ཡོངས་སུ་གྲུབ་པར་མི་འགྱུར་གྱི། ཡོངས་སུ་མ་གྲུབ་པ་ཁོ་ནར་འབྲལ་བར་འགྱུར་བས། བྲལ་བའི་ཆོས་སུ་ཡང་དག་པར་འདུ་ཞིང་བྲལ་བའི་སྒོ་ཅན་ནོ་ཞེས་བྱ་བར་ཆོས་ཤེས་པའང་ཐོབ་པར་འགྱུར། བྲལ་བ་ནི་མི་སྐྱེ་བའི་མཚན་ཉིད་དུ་ཡང་དག་པར་འདུའོ།། ཆོས་ཐམས་ཅད་མི་སྐྱེ་བའི་མཚན་ཉིད་གང་ཡིན་པ་དེ་ནི་འགོག་པའི་མཚན་ཉིད་དང་། འདོད་ཆགས་དང་བྲལ་བའི་མཚན་ཉིད་དེ། དེ་ལྟར་མངོན་པར་གྲུབ་པ་ནི་མངོན་པར་ཞེན་པར་ཡང་མི་བྱེད། སྤྲོས་པར་ཡང་མི་བྱེད་དོ།། བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མི་སྐྱེ་བ་ཤེས་པའི་སྒོ་ལ་མཁས་པ་ཡོངས་སུ་རྟོགས་པའི་གཟུངས་ཀྱི་སྒོར་འཇུག་པ་ཡིན་ཏེ། དེས་ན་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པའང་ཐོབ་པར་འགྱུར། སྤོབས་པ་ཕུན་སུམ་ཚོགས་པའང་ཀུན་འདྲེན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་སྒྲུབ་པ་འདི་ཡང་དག་པར་བརྗོད་པའི་ཕྱིར། ཚིགས་སུ་བཅད་པ་འདི་དག་གསུངས་སོ།། མ་བྱུང་བ་ལས་ཆོས་བྱུང་སྟེ།། བྱུང་ནས་སོ་སོར་བྲལ་བར་འགྱུར།། བྱུང་ནས་བྲལ་བའི་དོན་ཡིན་ན།། འདི་ལ་གང་ཞིག་འཛིན་པར་འགྱུར། ། ཆོས་ཀུན་དངོས་པོ་མེད་པ་སྟེ།། ཉོན་མོངས་མེད་ཅིང་ལེན་པ་མེད།། གང་ལ་ཆོས་ཀྱང་མི་རྙེད་པ།། དེ་དག་ཇི་ལྟར་ཀུན་ཏུ་འཛིན།། ཆོས་ཀུན་ངོ་བ་ཉིད་ཀྱིས་ནི།། ཐོབ་པ་མེད་ཅེས་རློམ་པ་གང་། ། དེ་དག་མཚན་མ་སྤྱོད་པ་སྟེ།། གཟུངས་འདི་ཐོབ་པར་མི་འགྱུར་རོ།། དེ་ཡི་ཕྱིར་ན་ཆོས་རྣམས་ཀུན།། ནམ་མཁའ་ལྟ་བུར་རབ་ཏུ་གསལ།། ནམ་མཁའ་དག་ནི་རབ་གསལ་བ། ། དེ་དག་གཉིས་ཀ་ཡོད་མ་ཡིན།། ཆོས་འདི་ཐམས་ཅད་ཡོད་མིན་ཞིང་།། མེད་པ་དང་ཡང་བྲལ་བ་ཡིན།། གང་གིས་དེ་ལྟར་ཆོས་ཤེས་པ།། དེ་དག་ལ་ནི་གཟུངས་སྐྱེའོ།། གང་ཞིག་མཐའ་མེད་རྗེས་རྟོགས་ཤིང་།། དབུས་སུའང་རློམ་པར་མི་བྱེད་པ།། དེ་དག་རློམ་སེམས་བྲལ་བ་སྟེ།། ཆོས་རྣམས་ཐམས་ཅད་མེད་པར་བཤད།། གང་ལ་སྙིང་པོ་མོ་རྙེད་པ། དེ་ལ་སྙིང་པོ་ཡོད་མིན་ན།། ཆོས་རྣམས་ཐམས་ཅད་ཇི་ལྟ་བུར།། ཡང་དག་ཚུལ་གྱིས་ཀུན་ཏུ་འཛིན།། དེ་ལྟར་ཆོས་རྣམས་རང་བཞིན་གྱིས།། ཉོན་མོངས་མེད་པར་ཤེས་པ་གང་།། དེ་དག་རྣམས་ལ་མདོར་ན་འདིར།། རྣམ་པར་དག་པའི་གཟུངས་སུ་འགྱུར།། གང་ཞིག་ཆོས་ཀུན་མཁའ་འདྲ་ཞིང་།། རྟག་ཏུ་བར་སྣང་ལྟ་བུར་ཡང་།། ཤེས་རབ་ཀྱིས་ནི་ངེས་རྟོགས་པ། ། དེ་ལ་གཟུངས་ཀུན་སྐྱེ་བར་འགྱུར།། ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང་།། མ་བྱུང་ཉོན་མོངས་མེད་པ་ཡིན།། ཉོན་མོངས་མེད་ཅིང་ལེན་པ་མེད།། འདིར་ནི་ཇི་ལྟར་ཀུན་ཏུ་འཛིན། ། ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི།། སྤྲོས་པ་མེད་ཅིང་མཚན་ཉིད་མེད།། ཆོས་ཀུན་མཚན་ཉིད་བྲལ་བས་ན།། ཉོན་མོངས་མེད་པར་བཤད་པ་ཡིན།། གང་གིས་དེ་ལྟར་ཆོས་ཤེས་ཤིང་། ། གང་དུའང་རློམ་པར་མི་བྱེད་པ།། དེ་ཡི་ཆོས་ཀུན་ཚུལ་བཞིན་དུ།། ཀུན་ཏུ་འཛིན་པར་འགྱུར་བ་ཡིན།། གང་གིས་ཆོས་ཀུན་རང་བཞིན་གྱིས།། མེད་དེ་ཡོད་པ་མ་ཡིན་དང་།། ཡོད་པ་མ་ཡིན་དོན་རྟོགས་པ།། དེ་ལ་གཟུངས་ནི་ཉེ་བར་སྐྱེས།། དཔའ་བོ་གང་ཞིག་དེ་ལྟ་བུར།། སོ་སོར་རྟོགས་པ་དེ་ལ་ནི།། ཆོས་རྣམས་ཀུན་གྱིས་མི་གོས་ཤིང་།། སྟོང་པར་མི་རློམ་ཆོས་ཀུན་འཛིན། ། གང་ཞིག་མི་རྟག་དོན་ཉིད་དང་།། མེད་དོན་སྡུག་བསྔལ་ཉིད་དོན་དུ།། འདོད་ཆགས་བྲལ་བར་རྣམ་ཤེས་པ།། དེ་ལ་ཤེས་རབ་ཡེ་ཤེས་འཕེལ། ། བློ་གྲོས་བརྟན་པ་གང་ཞིག་གིས།། ལེན་མེད་མྱ་ངན་འདས་དོན་དུས།། ཆོས་ཀྱི་ཚུལ་བཞིན་འདུན་བྱེད་ཅིང་།། མི་རྟོག་རྣམ་པར་མི་རྟོག་པ།། དེས་ནི་སྙིང་པོ་མེད་པའི་ཆོས། ། ཉོན་མོངས་མེད་ཅིང་ལེན་པ་མེད།། དབེན་ཞིང་སྟོང་ལ་ལྟ་དཀའ་བ།། ཐམས་ཅད་ཀུན་ཏུ་འཛིན་པར་འགྱུར།། གང་གིས་ཆོས་སུ་བརྗོད་ཤེས་ཤིང་།། བརྗོད་པ་ལ་ཡང་མི་རློམ་ལ། ཀུན་ཏུ་འཛིན་པས་ལེན་མེད་པ།། རློམ་སེམས་མེད་པའི་ཚུལ་འདི་ཡིན།། གང་གིས་མཚན་མ་རྣམ་བཤིག་ནས།། མཚན་མ་མེད་པར་རབ་ཤེས་ཤིང་།། ཆོས་རྣམས་ཀུན་གྱིས་སྤོང་བ་ཡི།། འདུ་ཤེས་འཕེལ་བར་མི་འགྱུར་བ།། དེས་ནི་རྫོགས་པའི་སངས་རྒྱས་ཀྱིས།། བཤད་པའི་དོན་དེའི་རྣམ་ཤེས་ཤིང་།། དགོངས་ཏེ་བསྟན་ལ་ཤེས་པ་ཡང་།། མཉམ་པ་རྗེས་སུ་རྟོགས་པར་འགྱུར། ། གང་གིས་ཆོས་ཀུན་ཚད་མེད་པར།། ཚུལ་བཞིན་དུ་ནི་ངེས་རྟོགས་པ།། དེ་ཡིས་ཚུལ་འདི་ཚད་དག་དང་།། བྲལ་ཞིང་མཉམ་པར་རྟོགས་པར་འགྱུར།། གང་གིས་ཆོས་རྣམས་མིང་མེད་ཅིང་། ། མཚན་མ་མེད་པར་ཡོངས་རྟོགས་པ།། དེ་འདིར་བཟོད་པ་འཕེལ་འགྱུར་ཞིང་།། དོན་འདིའང་རྣམ་པར་ཤེས་པར་འགྱུར།། ཚུལ་བཞིན་དུ་ནི་སྨོན་ལམ་གྱི།། ཁྱད་པར་ཡོངས་སུ་རྣམ་རྟོག་ཅིང་། ། སྨོན་པ་ཡི་ནི་ངོ་བོ་དང་།། འགལ་བར་འགྱུར་བ་མ་ཡིན་ནོ།། བསྟན་པ་དེ་ནི་དོན་གྱི་ལུགས།། འདི་ལ་ཚུལ་བཞིན་ཡོངས་རྟོག་ཀྱང་།། དེ་ལ་ཆོས་རྣམས་ཐམས་ཅད་ཀྱིས།། ཚུལ་བཞིན་དོགས་པར་མི་འགྱུར་རོ།། གང་གིས་ཤེས་རབ་ཆོས་ཀུན་གྱིས།། རྣམ་པ་ངེས་པར་རྟོག་འགྱུར་ཞིང་།། གང་ཞིག་རྣམ་པ་མེད་པ་ལ།། འཇུག་པ་མེད་པར་རྣམ་ཤེས་པ།། དེས་ནི་བསྟན་པ་འདི་ཡི་ཚུལ། ། བྱེ་བྲག་ཤེས་ཤིང་རབ་ཏུ་གནས།། སངས་རྒྱས་ཀྱིས་ནི་ཆོས་རྣམས་དང་།། མི་འཇིགས་མྱུར་དུ་ཐོབ་པར་འགྱུར།། གང་ཞིག་ཆོས་ལ་སྤྲོས་མེད་ཅིང་།། མཉམ་པར་ཡང་ནི་མི་རྟོག་པ། ། དེ་ཡིས་ཆོས་ཀུན་སྦྱོར་ཤེས་ནས།། འདོད་ཆགས་བྲལ་བ་རྨོངས་མི་འགྱུར།། གང་དག་འགོག་དང་ཞི་བའི་དོན།། ཕུང་པོ་ཟད་པར་མི་རློམ་པ།། དེ་དག་གིས་ནི་ཚུལ་བཞིན་དུ། ། མཉམ་པའི་ཆོས་འདི་ཐོབ་པོར་འགྱུར།། བྱམས་པ་དང་ནི་སྙིང་རྗེ་དག། སྒོམ་པར་བྱེད་ལ་རབ་གནས་ཤིང་།། སེམས་ཅན་ཀུན་ལ་ཕན་བརྩོན་གང་།། དེ་དག་བླ་མེད་རྟོགས་པར་འགྱུར། ། སེམས་ཅན་འདུ་ཤེས་རྣམ་བྲལ་ཞིང་།། སེམས་ཅན་མེད་པའི་ཆོས་ཤེས་གང་།། དེ་ཡིས་ཆོས་རྣམས་སྤྲོས་མེད་པའི།། ཚུལ་བཞིན་དོན་ལ་སྤྲོས་མི་བྱེད།། གང་གིས་ཆོས་འདི་ཐོས་གྱུར་ནས། ། དང་བ་མྱུར་དུ་ཐོབ་འགྱུར་བ།། དེས་ནི་བྱམས་པ་རྐང་གཉིས་མཆོག། རྫོགས་པའི་སངས་རྒྱས་མཐོང་བར་འགྱུར།། གང་དག་འདི་དང་ཕྲད་གྱུར་ཅིང་།། བཟང་པོས་ཆོས་འདི་ཐོས་ནས་ནི། ། དགའ་བར་བྱེད་པ་དེ་དག་གིས།། ང་ཡང་ཀུན་ཏུ་མཉེས་པར་བྱས།། གང་དག་དེ་བཞིན་གཤེགས་པ་ལ།། དད་པ་མི་ཕྱེད་ཐོབ་འགྱུར། བའི།། བཟང་པོ་འདི་དག་ཆོས་འདི་རྣམས།། ཐོས་ནས་དགའ་བ་བྱེད་པར་འགྱུར།། གང་དག་བསྐལ་པ་བཟང་པོ་ཡི།། རྒྱལ་བ་ལྟ་བར་འདོད་དེ་དག། ཚུལ་འདི་ལ་ནི་ལེགས་བསླབ་ན།། རྒྱལ་བ་དེ་དག་མཉེས་པར་འགྱུར།། ཚེ་དཔག་མེད་དང་གཟི་བརྗིད་ཆེ།། མི་འཁྲུག་པ་དང་གྲགས་ཆེན་དག། བལྟ་བར་འདོད་པ་གང་ཡིན་དེས།། ཚུལ་འདི་ལ་ནི་བསླབ་པར་གྱིས།། བྱང་ཆུབ་དམ་པ་བལྟ་དཀའ་ཞིང་།། ཞི་བ་ཀུན་ཏུ་མཉེས་བྱེད་དང་།། འཁོར་ལོས་སྒྱུར་བ་ཐོབ་འདོད་པ།། དེས་ནི་ཚུལ་འདི་བསླབ་པར་གྱིས།། གཟུད་ཀྱི་ཚུལ་ནི་བླ་མེད་ལ།། ཡང་དག་མཁས་པར་འདོད་ན་ཡང་། ། ཆོས་འདི་ལ་ནི་ལེགས་བསླབས་ནས།། རྟག་ཏུ་བག་དང་ལྡན་པར་གྱིས།། སྨོན་ལམ་དམ་པའང་རྒྱ་ཆེ་ཞིང་།། གཙོ་བོ་རྟག་ཏུ་འཐོབ་འགྱུར་ནས།། བྱང་ཆུབ་རྟོགས་པར་འདོད་ན་ཡང་། ། ཆོས་འདི་དག་ལ་བསླབ་པར་གྱིས།། མདོ་འདི་ལས་ནི་ངེས་སྨྲས་པ།། ཕྱག་རྒྱ་བླ་ན་མེད་པ་སྟེ།། ཆོས་ཀུན་རྗོད་པར་བྱེད་པ་ཡི།། གཟུངས་སུ་བཤད་པའང་འདི་ཡིན་ནོ། ། ཆོས་རྣམས་ཐམས་ཅད་གཟུངས་འདི་ཡི།། ནང་དུ་འདུས་པར་རབ་ཏུ་བཤད།། འདི་དག་ནམ་མཁའི་སྒོ་ཅན་ཏེ།། མཐའ་ཡས་དོན་དུ་ལེགས་པར་ངེས།། ཆོས་འདི་དག་ལས་སྒོ་བསྟན་པ། ། སྒོ་ནི་ལེགས་པར་བརྗོད་པ་ཡིན།། མཁས་པ་ཀུན་ཏུ་གཟུང་བའི་ཕྱིར།། གཟུངས་ནི་ཉེ་བར་སྐྱེ་བར་འགྱུར།། ཤེས་རབ་ངེས་པར་བསྟན་པ་འདི།། ཆོས་ཀུན་འཛིན་པར་བྱེད་པ་སྟེ། ། མཁས་པ་ཀུན་ཏུ་གཟུང་བའི་ཕྱིར།། ཤེས་རབ་ཉེ་བར་གཟུང་བར་བྱ།། རྣམ་གྲངས་འདིར་ནི་བསྟན་པ་དག། སངས་རྒྱས་ཆོས་ཤེས་ཡང་དག་བྱ།། བྱང་ཆུབ་ཡན་ལག་བླ་ན་མེད།། དོན་གྱིས་ཡང་དག་བརྗོད་པ་ཡིན།། ཤེས་རབ་དབྱེ་བ་མཁས་པ་ཡང་།། འདི་ལས་ཡང་དག་བསྟན་པ་ཡིན།། བྱང་ཆུབ་ཕྱོགས་དང་མཐུན་པའི་ཆོས།། བླ་མེད་འདི་ལ་བསླབ་པར་གྱིས།། བླ་མེད་ཚུལ་ལ་མཁས་པ་ཡང་།། ཆོས་འདི་ལ་ནི་ངེས་པར་བསྟན།། ཐབས་ཤེས་པ་ལ་བརྟེན་ནས་ནི།། ཆོས་འདི་རབ་ཏུ་བསྟན་པར་གྱིས།། ཆོས་རྣམས་ཀྱི་ནི་རང་བཞིན་འདི།། ཉེ་བར་བསྟན་པ་བླ་ན་མེད།། འདི་ལས་བསླབས་ན་བདུད་རྩི་ཡི།། དོན་འདི་ཡང་ནི་བཤད་པར་གྱིས།། མཁས་པ་གང་ཞིག་སངས་རྒྱས་ཀྱི།། ཡེ་ཤེས་ཆགས་པ་མེད་འདོད་པ། ། དེ་དག་དོན་འདི་ལ་བསླབས་ནས།། ཡེ་ཤེས་བླ་མེད་ཐོབ་པར་འགྱུར།། ངས་ཀྱང་སྔོན་ཆད་ཆོས་འདི་ལ།། བསྐལ་པ་བྱེ་བ་ཚད་མེད་ཅིང་།། གྲངས་མེད་དག་ཏུ་བསླབས་ནས་ནི། ། ཚུལ་འདི་ཞི་བར་གྱུར་པ་ཡིན།། ངས་ནི་སྔོན་ཆད་སངས་རྒྱས་དག། སྟོང་ཕྲག་མང་པོ་མཉེས་པར་བྱས།། དེ་ཕྱིར་བླ་ན་མེད་པའི་ཆོས།། འདི་ཀུན་མཁྱེན་ཅིང་གཟིགས་པ་ཡིན། ། ངས་ནི་ཁྱོད་དང་སེམས་ཅན་གྱི།། ཚད་གཟུང་མེད་ཅིང་མཐའ་ཡས་པའི།། དོན་ཆེན་བྱས་ཏེ་དེ་ལས་ནི།། གཟུངས་འདི་ཐོབ་པར་གྱུར་པ་ཡིན། ། མཁས་པ་གང་ཞིག་གཟུངས་ཀྱི་སྒོའོ།། ཕྱག་རྒྱ་འདི་ལས་ཚིག་གཅིག་ཅིག། རྣམ་པར་བསྒོམས་ནའང་ཚུལ་འདི་ལ།། རབ་ཏུ་འཇིག་པར་འགྱུར་བ་ཡིན།། ང་ཡི་ཡེ་ཤེས་ཚད་མེད་ཅིང་། ། མཐའ་ཡས་བླ་ན་མེད་པ་སྟེ།། ང་ཡི་ཡེ་ཤེས་ཕུང་པོ་དེས།། ཆོས་འདི་རབ་ཏུ་བཤད་པར་མཛད།། ཤེས་རབ་ལྡན་པ་གང་ཞིག་ནི།། བྱང་ཆུབ་ཆེད་དུ་རྟོགས་འདོད་པ། ། འཇིགས་མེད་དེ་ཡིས་དོན་ཚུལ་འདིར།། ཡང་དག་ཉིད་དུ་བརྩོན་པར་གྱིས།། མཁས་པ་གང་ཞིག་ཤེས་རབ་ཀྱི།། སྣང་བ་མང་པོ་འདོད་པ་དེས།། སངས་རྒྱས་། བསྙེན་བཀུར་རབ་བྱས་ནས།། ཚུལ་འདི་དག་ལ་བསླབ་པར་གྱིས།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། ཆོས་དུང་འབུད་པར་འདོད་པ་གང་།། ཤེས་རབ་ལྡན་པ་དེ་ཡིས་ནི།། བསྟན་པ་འདི་ལ་བསྒྲུབ་པར་གྱིས། ། མི་གང་འོད་ཟེར་མཐར་ཡས་པ།། འགྱེ་བར་འདོད་ཅིང་སངས་རྒྱས་ཀྱི།། ཆོས་དོན་གཉེར་བ་གང་ཡིན་དེས།། འདི་ལ་ཚུལ་བཞིན་བསླབ་པར་གྱིས། དམ་པ་གང་ཞིག་ལྷར་བཅས་པའི།། འཇིག་རྟེན་ཟིལ་གནོན་འདོད་པ་དེས།། ཆོས་ཀུན་རྣམ་པར་ངེས་པ་ཡི།། མདོ་འདི་ལ་ནི་བསླབ་པར་གྱིས།། ང་ཡི་ཡེ་ཤེས་གཞལ་དུ་མེད། ཡེ་ཤེས་རྩོམ་པའང་ཚད་མེད་དེ།། སངས་རྒྱས་ཡེ་ཤེས་འདོད་པ་གང་།། དེ་ཡིས་འདི་ལ་རྗེས་སུ་སློབས།། སངས་རྒྱས་ཡེ་ཤེས་སྤྲོས་མེད་ཅིང་།། ཡེ་ཤེས་དམ་པར་གྱུར་པའི་ཚུལ། ། ཐམས་ཅད་རབ་ཏུ་སྟོན་འདོད་གང་།། དེ་ཡིས་དོན་འདི་བསླབ་པར་གྱིས།། གང་ཞིག་ཡེ་ཤེས་ཆགས་མེད་པ།། སྟོན་པ་རབ་ཏུ་འཆད་འདོད་པ།། དེ་དག་གིས་ནི་ཆོས་འདི་ལ། བསླབས་ནས་བདུད་རྩི་བསྟན་པར་གྱིས།། གང་ཞིག་གིས་ནི་འཇིག་རྟེན་ཁམས།། བྱེ་བྲག་ཚད་མེད་མཐའ་ཡས་པ།། སྣང་བར་བྱེད་པར་འདོད་པ་དེས།། བསྟན་པ་འདི་ལ་ཡང་དག་སློབས། ། སྒོ་ནི་བླ་ན་མེད་པ་སྟེ།། ཆོས་ཀུན་རྣམ་པར་སྦྱོང་བ་ཡིན།། མདོ་འདི་ལས་ནི་ཆོས་ཀུན་གྱི།། རྣམ་པར་དག་པ་རབ་ཏུ་བསྟན།། ཀུན་མཁྱེན་རྐང་གཉིས་མཆོག་གིས་ནི།། བླ་ན་མེད་པའི་མདོ་འདི་ལས། ། ཤིན་ཏུ་རྒྱས་པ་འདིར་བཤད་པ།། བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན།། བཀོད་པ་མཐའ་ཡས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཆེད་དུ། ཆོས་འདི་ཡོངས་སུ་གཟུང་བ་དང་། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ཆོས་ཀྱི་ཚུལ་འདི་ལ་དད་པ་བསྐྱེད་དེ། ཆོས་འདི་ཡང་དག་པར་བསྡུས་ནས་གླེགས་བམ་ལ་བྲིས་ཏེ་གཞག་པར་བྱའོ། ། བཀོད་པ་མཐའ་ཡས་གང་དག་མ་འོངས་པའི་དུས་ན་ཆོས་འདི་ཐོས་ནས་དགའ་བ་དང་། རབ་ཏུ་དགའ་བ་དང་ལྡན་པའི་སེམས་ཀྱིས། དེ་བཞིན་གཤེགས་པ་ཡིད་ལ་བྱེད་པར་འགྱུར་བ་དེ་དག་གིས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་གཏེར་མཐའ་ཡས་པ་འདིའང་ཐོབ་པར་འགྱུར་ལ། སྤོབས་པ་ཕུན་སུམ་ཚོགས་པའང་འཛིན་པར་འགྱུར། མྱུར་དུ་ཆོས་ཐམས་ཅད་ལ་དབང་སྒྱུར་བའང་ཐོབ་པར་འགྱུར། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་དང་། ཉན་ཐོས་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའང་འཛིན་པར་འགྱུར་རོ།། བཀོད་པ་མཐའ་ཡས་ཆོས་ཐམས་ཅད་སྤྲོས་པ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བར་བྱེད་པའི་ཆོས་འདི་མངོན་དུ་འགྱུར་ཞིང་། ཡོན་ཏན་གྱི་ཁྱད་པར་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་གཞན་ཡང་ཡོངས་སུ་འཛིན་པར་འགྱུར་ཏེ། བཀོད་པ་མཐའ་ཡས་འདི་ནི་གཟུངས་ཀྱི་སྒོ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་རིམ་པར་ཕྱེ་བ་གསུམ་པ་ཡིན་ནོ།། བཀོད་པ་མཐའ་ཡས་དེ་ལྟ་བས་ན་ངའི་རྗེས་སུ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཕྱི་མའི་དུས་ན་དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་བ་དང་། མི་དགེ་བའི་གྲོགས་པོ་ཡོངས་སུ་སྤང་བ་དང་། ཆོས་འདི་དག་ཀུན་བསྲུང་བར་གནས་པ་དང་། ལུས་དང་སྲོག་ཀྱང་ཡོངས་སུ་བཏང་སྟེ། གཟུངས་ཀྱི་ཕྱག་རྒྱ་འདི་ཡང་དག་པར་གཟུང་བར་བྱའོ།། བཀོད་པ་མཐའ་ཡས་དཔེར་ན་སྟོན་ཟླ་འབྲིང་པོའི་ཟླ་བཉམ་དཀྱིལ་འཁོར་སྐར་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ནི་ཤིན་ཏུ་ལྷམ་མེ། ལྷང་ངེར་འདུག་གོ།། དེ་བཞིན་དུ་གཟུངས་ཀྱི་ཕྱག་རྒྱ་བསྟན་པ་རིམ་པར་ཕྱེ་བས་ཡང་དག་པར་བསྡུས་པ་འདིའང་། མདོ། སྡེ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་ཤིང་། སྙིང་པོར་གྱུར་ལ་མཛེས་ཤིང་བརྗིད་པ་ཡིན་ནོ།། འདི་དག་ཐམས་ཅད་ནི་གུས་པ་ཆེན་པོས་སྤོབས་པ་མཐའ་ཡས་པ་ལ་ངེས་པར་འབྱུང་བ་ཡིན་པས།། འདི་ལ་བག་ཡོད་པའི་ས་འདོད་པར་བྱའོ།། བག་ཡོད་པའི་ས་ཇི་ལྟ་བུ་ཞེ་ན། ཆོས་འདི་དག་ལ་སེམས་ཀྱི་ལས་ཚུལ་བཞིན་དུ་ཡོངས་སུ་རྟོག་པའི་ཡིད་ལ་བྱེད་པས་ངེས་པར་སེམས་པ་དང་། ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའི་བཟོད་པ་ཡོངས་སུ་དག་པ་ལ་རློམ་སེམས་མེད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་བག་ཡོད་པའི་ས་ལ་སློབ་པར་འདོད་པ་ཆོས་ལ་མཁས་པར་མངོན་པར་བརྩོན་པས། ཆོས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གུས་པ་དང་བཅས། ཞེ་ས་དང་བཅས་པར་བྱ་སྟེ། གླེགས་བམ་བྲིས་ནས། བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དོན་དུ་གཉེར་ཞིང་། འདུན་པ་རྣམས་ལ་རབ་ཏུ་བསྟན་པར་བྱ། ཀུན་ཏུ་བགོ་བར་བྱ་ཞིང་ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། ཡི་གེར་འབྲི་བ་དང་། དོན་ངེས་པར་བསྟན་པའི་བར་དུའང་ཆོས་ཡང་དག་པར་བགྲོ་བ་ལ་བཅབ་པ་མེད་པར། ཆོས་ཀྱི་སྒོ་ཇི་ལྟར་ཀུན་ཏུ་བཟུང་བ་བཞིན་མི་མཁྱུད་པར་བྱའོ།། ཁྱེད་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་འདི་དག་ཐོབ་པར་འདོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་འདི་དག་དང་མི་འབྲལ་བར་བྱའོ།། དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔས་ནི། ཆོས་གང་སྒྲུབ་པར་མི་འགྱུར་བ་དང་། དོན་གང་རྟོགས་པར་མི་འགྱུར་བ་དེ་ཅུང་ཟད་ཀྱང་མེད་དེ། ཆོས་ཀྱི་སྒོ་གང་འདིར་མ་བརྗོད་པ་དེ་ནི་འགའ་ཡང་མེད་ཀྱིས། བཀོད་པ་མཐའ་ཡས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བའི་ཆོས་རིམ་པར་ཕྱེ་བ་འདི་ཟུང་ཞིག། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཆོས་ཀྱི་སྒོའི་ལེའུ་འདི་ཟུང་ཞིག། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཐུས་འདི་བདག་གིས་བཟུང་ལགས་ཏེ། བཅོམ་ལྡན་འདས་ཆོས་ཀྱི་སྒོ་འདི་དང་ལྡན་པ་ནི་ཆོས་ཀྱི་སྒོ་ཚད་མེད་པ་མངོན་དུ་འགྱུར་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་མཐུས་ཆོས་ཀྱི་སྒོ་འདི་ལ་དད་པ་དང་། ཆོས་ཀྱི་སྒོ་འདི་ཀུན་འཛིན་པ་དང་། བསྙེན་བཀུར་བྱེད་པ་རྣམས་ལ་ཆོས་ཀྱི་སྒོ་མང་པོ་མངོན་དུ་འགྱུར་རོ། ། ཀུན་དགའ་བོ་དེའི་ཕྱིར། ཁྱོད་ཀྱིས་ཆོས་ཀྱི་སྒོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་མང་པོའི་མཛོད་འདི་ཀུན་ཏུ་ཟུང་ཞིག། ཀུན་དགའ་བོ་ཆོས་ཀྱི་སྒོ་འདི་བསྟན་པ་འདིའི་ནང་ནས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཆོས་ཀྱི་སྣང་བ་ཆེན་པོ་ལ་གནས་པར་འགྱུར་ཏེ། ཆོས་ཀྱི་སྣང་བ་དེས་སངས་རྒྱས་སྟོང་ཕྲག་མང་པོ་རྣམས་ཀྱི་ཆོས་བསྟན་པའང་མངོན་དུ་འགྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཡང་ཉེ་བར་འགྱུར། སྨོན་ལམ་གྱི་རྒྱུན་ཇི་ལྟ་བུ་འདོད་པའང་དེ་བཞིན་དུ་འགྲུབ་པར་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམས་ཀྱི་རང་བཞིན་ཟབ་མོ་མཚན་མ་མེད་པ་དང་། མིང་དང་མཚན་མར་བརྗོད་པས་སྟོན་པར་མཛད་པ་ལ་ལྟོས། ཆོས་ཀྱི་རང་བཞིན་བརྗོད་ཅིང་ལྟ་བ་རྣམ་པར་དག་པ་སྦྱོང་བར་མཛད་ཀྱང་། འདི་ལ་ཅུང་ཟད་ཀྱང་སྟོན་པ་མེད་དེ། སྟོན་པར་བྱེད་པའང་འགའ་ཡང་མེད་དོ།། ཀུན་དགའ་བོ་ཆོས་ཀྱི་སྒོ་འདི་ནི་ཡེ་ཤེས་ཚད་མེད་པ་ཡང་དག་པར་རྩོམ་པ་ཡིན་ཏེ། ཆོས་ཀྱི་སྒོ་འདི་བསྟན་པས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཀྱང་མི་སྐྱེ་བའི་ཆོས་རབ་ཏུ་རྟོགས་པའི་བཟོད་པ་སྐྱེས་ལ། སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏོ། ། ཀུན་དགའ་བོ་ཆོས་ཀྱི་སྒོ་འདི་ལ་གང་སེམས་དང་པོ་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཐམས་ཅད་ནི། བསྐལ་པ་གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། སྤོབས་པ་མཐའ་ཡས་པ་ཉིད་ལའང་ངེས་པར་འབྱུང་བར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་ཕྱག་རྒྱ་བསྟན་པའི་ཆོས་ཀྱི་སྒོ་འདི་བྱིན་གྱིས་བརླབ་པའི་ཕྱིར་འོད་ཟེར་དག་བཀྱེ་སྟེ། འོད་ཟེར་དེས་ཀྱང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས། འཇིག་རྟེན་གྱི་ཁམས་དེ་དག་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་གཟུངས་ཀྱི་ཕྱག་རྒྱ་བསྟན་པའི་ཆོས་ཀྱི་ལེའུ་འདི་ཐོས་པར་གྱུར་ཏོ། ། ཐོས་ནས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་གི་སེམས་ཅན་རྣམས་ཀྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ཡང་དག་པར་ལྡན་པར་གྱུར་ཏོ། ། ལྷའི་མེ་ཏོག་གི་ཆར་ཡང་བབ་པར་གྱུར་ཏོ།། འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་། འདི་སྐད་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་ཚིག་ཏུ་སྨྲས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སྤོབས་པ་མཐའ་ཡས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་མ་ཅི་ལེགས། ཇི་ལྟར་གཟུང་བར་བགྱི། བཀའ་སྩལ་པ། སྤོབས་པ་མཐའ་ཡས་གཟུངས་ཀྱི་རྒྱལ་པོ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། སྤབས་བཅད་མེད་པ་ཞེས་བྱ་བར་ཡང་ཟུང་ཞིག། གཟུངས་ཀྱི་ཕྱག་རྒྱ་སྤོང་བ་ཞེས་བྱ་བར་ཡང་ཟུང་ཞིག། སྡེ་སྣོད་གསུམ་ཡང་དག་པར་སྡུད་པ་ལ་མཁས་པ་ཞེས་བྱ་བར་ཡང་ཟུང་ཞིག། སྤོབ་པ་མཐའ་ཡས་འདི་ནི་དོན་ཐམས་ཅད་ཡང་དག་པར་སྡུད་པ་ལ་མཁས་པའི་ཆོས་ཀྱི་སྒོ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་སྣང་བར་འགྱུར་རོ།། ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་འགྱུར་བ་ཡིན། འདི་ནི་ངའི་རྗེས་སུ་སྟོན་པ་ཡིན་ནོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས། བཅོམ་ལྡན་འདས་ལ་མེ་ཏོག་ཁ་དོག་ལྔ་པས་མངོན་པར་གཏོར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། དྲི་ཟ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ། ཤློ་ཀ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི་པའོ།། འདུས་པ་གཉིས་པ་རྫོགས་སོ།།

CLOSE WINDOW